Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་མཆོག་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་གྱི་རྔ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་མཆོག་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་གྱི་རྔ་དབྱངས།next

གྲུབ་མཆོག་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་གྱི་རྔ་དབྱངས།


JKT014_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཆོག་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་གྱི་རྔ་དབྱངས་ཞེས་བྱ་བ་བཞུགས་སོ། །


JKT014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། །ཟུང་འཇུག་གྲུབ་པའི་བདུད་རྩིས་ཡིས། །བདེ་ཆེན་རྡོ་རྗེའི་ས་བརྙེས་པའི། །རྗེ་བཙུན་མཆོག་རྣམས་ལ་བཏུད་ནས། །བྱིན་རླབས་སྤྲིན་གྱི་རྔ་དབྱངས་ལེན། །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ། ཀླུ་སྒྲུབ༢། ཤ་བ་རི་པ ༣། ནག་པོ་སྤྱོད་པ། བི་རཱུ་པ། ཌོམྦྷི་ཧེ་རུ་ཀ༦ །མྱུ་ཡི་པ༧། གོ་རཀྵ་རནཱ་ཐེ། ཏནྟི་པ། རྡོ་རྗེ་དྲིལ་བུ་པ༡༠། ཛ་ལནྡྷ་རི་པ༡༡། ཀུཀྵ་རི་པ༡༢། ལྭ་ཝ་པ༡༣། ཨིནྡྲ་༡༤བྷུ་ཏི། པདྨ་༡༥ཀ་ར། ནག་པོ་བི་རཱུ་པ༡༦། ཏིལླི་པ༡༧། ནཱ་རོ་པ༡༨།ཤཱནྟི་པ༡༩། ཤྲཱི་ས་ཐ་ནཱ་རྦ་ཤཱནྟི་གུསྟ༢༠། ཤྲཱི་བུདྡྷ་གུལྟ་༢༡སོགས་ལ་བརྟེན་པའི་བླ་མའི་སྒྲུབ་ཐབས་ཟབ་མོ་ནི། གནས་དབེན་པར་ཕྱི་ནང་གི་མཆོད་པའི་ཡོ་བྱད་དང་། མཎྜལ་


JKT014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡོ་བྱད་སོགས་མངོན་པར་འདུ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བས་གཙང་མའི་ས་གཞིའི་མཎྜལ་ལ་བྱི་དོར་བྱས་ལ། ཨོཾ་བཛྲ་བྷུ་མི་སྭཱ་ཧཱ། ཞེས་སྐྱོན་སྦྱངས། ཨོཾ་བཛྲ་རེ་ཁེ་ཧཱུྃ་སྭཱ་ཧཱ། ཞེས་དྲི་བཟང་དང་བ་བྱུང་གིས་སྐྱང་ནུལ་བྱས། དེའི་དབུས་སུ་ལག་པ་གཡས་པས་མེ་ཏོག་གསར་པའི་ཚོམ་བུ་བཀོད་ལ། ཧཱུྃ་སུ་མེ་རུ་མ་དྷེ་མ། ཤར་དུ་བཀོད་ལ། ཡ་པཱུརྦ་བི་དེ་ཧ་དཱི་པ། ལྷོར་བཀོད་ལ། ར་ཛ་བུ་དྭི་པ་དཀྑིཎ། ནུབ་ཏུ་བཀོད་ལ། ཝ་གོད་ནཱི་ཡ་པཉྩི་མ་དཱི་པ། བྱང་དུ་བཀོད་ལ། ལ་ཨུཏྟ་ར་ཀུ་རུ་དཱི་པ། ཤར་གྱི་གཡས་གཡོན་དུ་བཀོད་ལ། ཡཾ་ཡཿདེ་ཧཉྩ་བི་དེ་ཧ། ལྷོའི་གཡས་གཡོན་ཏུ་བཀོད་ལ། རྃ་ཙ་མ་ར་ཉྩ་ཨ་པ་ཙ་མ་རཿ


JKT014_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་གཡས་གཡོན་དུ་བཀོད་ལ། ཝཾ་ཝ་ཤ་ཥཉྩ་ཨཏྟ་ར་མཏཱི༔ བྱང་གི་གཡས་གཡོན་དུ་བཀོད་ལ། ལཾ་ལཿཀུ་ར་ཝཉྩ་ཀོ་ར་ཝཱ། ཤར་གྱི་ཤར་དང་ནུབ་ཀྱི་ནུབ་ཏུ་བཀོད་ལ། ཙནྡྲ་སཱུརྨ་བྷུ་ཥི་ཏ། ཞེས་བརྗོད་ནས། རིན་ཆེན་སྣ་ཚོགས་རང་བཞིན་ནི། །རི་རབ་ལྟོགས་བརྒྱད་ཡང་དག་ལྡན། །གླིང་བཞི་གླིང་ཕྲན་ལྡན་པ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཞེས་མེ་ཏོག་དོར། ་མཎྜལ་གྱི་དབུས་སུ་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ་ཕྱི་རོལ་བསྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོ་གཞལ་མེད་ཁང་དང་བཀོད་པ་ཕུན་སུམ་ཚོགས་པ། དུར་ཁྲོད་རོལ་པའི་ཡོ་བྱད་དང་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་དཔལ་༡ས་ར་ཧ། སྐུ་མདོག་དཀར་དམར་བྲམ་ཟེའི་ཆ་བྱད་ཅན། བགྲེས་རྒུད་སྤངས་པའི་ལང་ཚོ་འགྱུར་བ་མེད་པའི་གང་བ་ལ་རྟག་ཏུ་གནས་པ། དབུ་སྐྲ་ཅོ་བྲེགས་རས་མར་པོའི་ཨངྒ་རག་གསོལ་ཞིང་། ཕྱག་གཉིས་གཉུག་མའི་གནས་ལུགས་མཚོན་པར་བྱེད་པའི་མདའ་བསྲོང་བའི་ཕྱག་རྒྱ་ཅན། ཞབས་ཕྱེད་ཀྲུང་དུ་བཞུགས་པའི་གཡོན་ནས་རིག་མ་ཡེ་ཤེས་ཀྱི་རྣལ་འབྱོར་མ་མདའ་མཁན་མོའི་


JKT014_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཅན་གྱིས་བརྟེན་པ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་འོད་ཕྱོགས་བརྒྱར་འབར་བས་བཟོད་པར་དཀའ་བའི་ཟིལ་ཅན་ཉི་མའི་སྙིང་པོ་ལྟ་བུ། །སྲིད་པ་གསུམ་ཟིལ་གྱིས་གནོན་པའི་ལྟ་སྟངས་ཀྱིས་རབ་ཏུ་དཔའ་བའི་ཉམས་ཅན། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་ལ་རྟག་ཏུ་མཉམ་པར་བཞག་པས། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱི་རྣམ་པར་རོལ་པ་ཟད་མི་ཤེས་པ་ཅན། དཔའ་བོ་དང་ཊཱ་ཀི་རྒྱ་མཚོ་ལྟ་བུས་མཆོད་ཅིང་བརྗོད་པ་དང་། ས་གསུམ་གྱི་དབང་པོ་རྣམ་ཀྱིས་རི་མོར་བྱེད་བཞིན་པའི་སྐུ་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དམ་ཚིག་པ་དང་ཡེ་ཤེས་པ་གདོད་ནས་དབྱེར་མི་ཕྱེད་པ། དངོས་དང་བརྒྱུད་པའི་བླ་མ་ཀུན་འདུས། ཡི་དམ་ཞི་ཁྲོ་རབ་འབྱམས་ཀུན་འདུས། །སངས་རྒྱས་ཆོས་དང་དགེ་འདུན་ཀུན་འདུས། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཀུན་འདུས། བརྟན་གཡོའི་ཁྱབ་བདག །འཁོར་འདས་ཀྱི་དཔལ་མགོན་སྐྱབས་གནས་ཀུན་གྱི་སྤྱི་གཟུགས་ཆེན་པོར་མངོན་སུམ་དུ་བཞུགས་པར་གྱུར། །ཨོཾ་ཨཱདཔལ་ལྡན་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ་ཧཱུཾ་ཨ་ནྱ་སིདྡྷ་ནཱཾ། ཞེས་ལན་མང་དུ་ཕྱག་བྱ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་


JKT014_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་སྐུ། །མདའ་བསྣུན་ཁྱོད་ཞབས་པད་ལ་འདུད། །རྒྱལ་བ་ཀུན་དངོས་བླ་མ་ལ། །སོགས་ཡན་ལག་བདུན་པ་ཅི་མང་དང་། ཐུན་མོང་གི་མཎྜལ་སྤྱི་ལྟར་རྒྱས་བསྡུས་ལན་མང་དུ་ཕུལ་རྗེས་ནང་གི་མཎྜལ་ནི། སྐད་ཅིག་གིས་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ལག་ཏུ་བྱུང་། དེས་རང་ལུས་དུམ་བུར་བྱས་ནས་མཎྜལ་དུ་བཀོད་པར་གྱུར། ཧཱུྃ་མསྟ་ཀ་སུ་མེ་རུ ཡ་བཱ་མ་པཱ་ད་བི་དེ་ཧཿ ར་ཧི་ན་པཱ་ད་ཛམྦུ་དྭི་བ།ཝ་པཉྩི་མ་དྭི་པ་ཧི་ན་ཧསྟ། ལ་བ་མ་ཧས་ཀུ་རུ་ཨུཏྟ་ར། ཤུ་ཏྲ་ཀུ་སུ་མ་ཙནྡྲ་སཱུརྱ་བྷུ་ཥི་ཏམ། ཞེས་ཚོམ་བུ་བཀོད་པར་མོས་ལ། ཨི་དམ་གུ་རུ་རཏྣ་ཨཱཏྠ་ན་མ་ཀཱ་ཡ་མཎྜ་ལ་ནིརྱ་ཏ་ཡ་མི། ཞེས་དབུལ་ཞིང་སླར་ཡང་། རང་ལུས་རྣམ་སྨིན་ཕུང་པོའི་ཀཾ་པཱ་ལ། །ལིང་ཀྱིས་ཕོག་དབུས་ལྷག་མའི་ལུས་ཕུང་རྣམས། །རིལ་པོར་བཅུག་པས་ཡི་གེ་འབྲུ་གསུམ་གྱིས། །སྦྱངས་རྟོགས་སྦར་བཞུ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧི༔ ལན་མང་དུ་བརྗོད། ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གསོལ་བར་གྱུར་པར་བསམས་ལ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དཔལ་ལྡན་བླ་མ་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱབི་མན་སདྷུ་རུ་མ་ཧཱ་སིདྡྷི་མཱནྡྷ་ས་ར་ཧ་ས་པཱ་རི་ཝཱ་རེ་བྷྱ༔ ཨི་དཾ་བ་ལིཾ་ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་ཁཱ་ཧི། སརྦ་སིདྡྷི་མྨེ་


JKT014_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཡ་ཙྪནྟུ། ཞེས་དང་། གཞན་ཡང་ཕྱི་ནང་གི་མཆོད་པ་ཅི་འབྱོར་པས་མཆོད་ཅིང་། མཚན་ཉིད་དང་ལྡན་པའི་རིག་མ་ཕུལ་བར་མོས་ལ། ལྷ་མོ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་པའི་བརྟུལ་ཞུགས་མཐར་ཕྱིན་ཤོག །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །དགའ་བ་བླ་ན་མེད་པས་མཆོད། །ཅེས་གསང་བའི་མཆོད་པ་བྱ། དེ་ནས་ཡན་ལག་བདུན་པ་དང་བསྟོད་པའི་རིགས་ཅི་ཤེས་དང་། ཨཱཏྱཱ་ནཾ་སུ་ཁ་དུ་ཁ་ཏེ་མེཛྷཱ་ནེ། སུ་ཁ་ཀི་དུ་ཁ་ཏོ་མ་ཐི་ན་སྦི་ས་ར་ཧ་ན་མོ་སཱུ་ཏི། ཞེས་པའམ་བོད་སྐད་དུ་བསྒྱུར་ན། བདག་གི་བདེ་སྡུག་ཁྱེད་ཀྱིས་མཁྱེན་ནོ། །བདེའམ་སྡུག་ཀྱང་རུང་ཁྱོད་ལས་གཞན་མ་མཆིས་སོ། །ཕྱག་འཚལ་ཞིང་འདུད་དོ་ས་ར་ཧ། ཞེས་པ་གང་རིགས་ཀྱིས་དྲག་ཏུ་གསོལ་བ་གདབ་ཅིང་། གུ་རུ་མ་ཤ་ར་ཎཱཾ་གཙྪམི། ལན་མང་དུ་བརྗོད། ཨོཾ་ཨཱཿམ་ཧཱ་སིདྡྷི་ལབྷ་ས་ར་ཧུ་པཱ་ད་ཧཱུྃ་ཧཱུྃ། ཞེས་པའི་མཚན་སྔགས་ཀྱང་ཅི་ནུས་སུ་བཟླ་ཞིང་། མཐར། བླ་མ་གྲུབ་བརྙེས་རྣལ་འབྱོར་དབང་ཕྱུག་གི །སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་གསལ་བའི། །གཡོན་ཕྱོགས་རྐྱང་མ་དང་འབྲེལ་ཀུནྡའི་ཁམས། །སྐུ་ཡི་བྱིན་རླབས་བདུད་རྩི་འོད་དཀར་ཚུལ། །སྨིན་མཚམས་ནས་བྱུང་རང་གི་དཔྲལ་བར་ཐིམ། །ལུས་ཀྱི་སྒྲིབ་དག་བུམ་དབང་


JKT014_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་གྱུར། །གཡས་ཕྱོགས་རོ་མ་དང་འབྲེལ་རྡུལ་གྱི་ཁམས། །གསུང་གི་བདུད་རྩི་འོད་དམར་ཚུལ་དུ་བྱུང་། །མགུལ་བའི་གནས་ནས་བདག་གི་མགྲིན་པར་ཐིམ། །ངག་གི་སྒྲིབ་དག་གསང་བའི་དབང་བསྐུར་ཐོབ། །ཨ་ཝ་དྷུ་ཏི་མུན་ཅན་དྭངས་མའི་ཚུལ། །ཐུགས་ཀྱི་བྱིན་རླབས་བདུད་རྩི་འོད་མཐིང་བཅས། །ཐུགས་ཀའི་གནས་ནས་སྙིང་གར་ཐིམ་པ་ཡིས། །ཡིད་ཀྱི་སྒྲིབ་དག་ཤེས་རབ་ཡེ་ཤེས་ཐོབ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །གཉིས་མེད་བསམ་བརྗོད་བྲལ་བའི་ངང་ལ་བཞག །སྒོ་གསུམ་འཕོ་བའི་སྒྲིབ་དག་ཚིག་དབང་ཐོབ། །བླ་མ་རང་སེམས་ཐ་མི་དད་དུ་འདྲེས། །ཨེ་མ་མ་ལ་དུས་གསུམ་དགེ་བ་འདིས། །བདག་དང་མར་གྱུར་མཐའ་ཡས་སེམས་ཅན་ཀུན། །གྲུབ་པ་མཆོག་གིས་རྟག་པར་རྗེས་བཟུང་ནས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་རེག་གྱུར། །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །དེ་བཞིན་ཏུ་གཞན་འདྲ་བ་ལ། མངོན་རྟོགས་ཀྱི་སྐབས། པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་དཔའ་མགོན་འཕགས་པ་ཀླུ་སྒྲུབ་༢སྐུ་མདོག་སྔོ་སངས་ནོར་བུའི་ཁ་དོག་ལྟ་བུ་དྭངས་ཤིང་དྲི་མ་མེད་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་འཆིང་བ། ན་བཟའ་ཆོས་གོས་གསུམ་དང་བཅས་ཤིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།


JKT014_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཤཾ་ཁ་ལ་སོགས་པའི་ཀླུའི་རྒྱལ་པོ་མཆོག་རྣམས་སྦྲུལ་གྱི་རྣམ་པས་གདེངས་ཀའི་གྲིབ་མ་འབུལ་བ་ལ་སྐུ་རྒྱབ་བརྟེན་པ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མན་ཆད་གོང་བཞིན་ལ། བསྟོད་པའི་སྐབས། ནཱ་གརྫུ་ནའི་ཞབས་ལ་འདུད། མཚན་སྔགས་ཀྱང་ས་ར་ཧའི་ཚབ་ཏུ་ན་གརྫུ་ན་བཅུག་པ་མ་གཏོགས་གཞན་གོང་དང་འདྲ་བ་ཉིད་དོ། ༈ །དེ་བཞིན་ཤ་ཝ་རི་ལའང་། བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་དཔལ་རི་ཁྲོད་༣པ་ཆེན་པོ། འགྱུར་བ་མེད་པའི་ཆོས་ཉིད་མཚོན་པའི་སྐུ་མདོག་ནག་པོ། དབུ་སྐྲ་རལ་པ་སྤྱི་བོར་བཅིངས་པ་སྨྱུག་མའི་ཤུན་པས་བསྡམས་པས་སྤྱན་འབྲུ་ཚུགས་སུ་གཟིགས་ཤིང་སྤྱན་རྩ་དམར་བ། ཕྱག་གཉིས་མདའ་དང་འོད་མའི་གཞུ་བསྣམས་པའི་གཞུ་མཆོག་ལ་ཕག་རྒོད་ཀྱི་ཁོག་སྟོད་དང་ཁོག་སྨད་བཀལ་བ། རྨ་བྱའི་མདངས་སྒྲོ་གཤིབ་པའི་ཤམ་ཐབས་དང་། མེ་ཏོག་དང་འབྲས་བུའི་རྒྱན་སྣ་ཚོགས་པས་བརྒྱན་ཏེ་འགྱིངས་བག་དང་བཅས་པའི་རོལ་སྟབས་སུ་བཞུགས་པ། སྐུའི་གཡས་གཡོན་ནས་རིག་མ་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་ཤིང་མདའ་དོང་འཛིན་པ་གཉིས་ཀྱིས་བརྟེན་པ་ལྷན་ཅིག་སྐྱེས་པའི་བདེ་བ་མན་འདྲ། རི་ཁྲོད་དབང་ཕྱུག་ཞབས་ལ་འདུད། ཤ་ཝ་རི་པཱ་ད་ཞེས་བསྒྱུར་བ་མ་གཏོགས་འདྲ། བསྟོད་པའི་སྐབས་སྤྲོ་ན་ནགས་རིན་གྱིས་མཛད་པའི་ཤ་ཝ་རའི་


JKT014_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཆེན་སོགས་ཀྱང་འདོན་ནོ། ༈ །དེ་བཞིན་ཏུ་གྲུབ་ཆེན་ནག་པོ་སྤྱོད་པ་ལའང་། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་སློབ་དཔོན་བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་༤ཀཉྩི་པ་ཆེན་པོ་སྐུ་མདོག་ནག་པོ་དཔའ་ཞིང་སྒེག་པ་ཧུར་བག་ཆགས་པ་ཕྱག་གཡས་ཅང་ཏེའུ་འཁྲོལ་ཞིང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པའི་མཆན་ཁུང་དུ་རྡོ་རྗེ་ཁ་ཊཱྃ་ག་སྒྲེང་པ། དབུ་སྐྲ་རལ་པའི་ཐོར་གཙུག་ཅན་སྐུ་ལ་མི་རུས་ཀྱི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། བི་ཤྭ་རུ་པི་ནི་ཞེས་བྱ་བའི་སྲིན་མོའི་གཙོ་མོ་འཇིགས་སུ་རུང་བ་གདན་ནམ་གཞོན་པའི་ཚུལ་དུ་གནས་པའི་སྟེང་ན་རོལ་སྟབས་སུ་བཞུགས་པ། རེས་འགའ་རོ་ལངས་ཆེན་པོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ་ཆིབས་༢པ་སོགས་སྣ་ཚོགས་པའི་རྣམ་འཕྲུལ་སྟོན་པར་མཛད་བཞིན་པའི། སྟེང་གི་ནམ་མཁའ་ལ་གདུགས་བདུན་འཛིན་པ་མེད་པར་འཁོར་ཞིང་། ཌཱ་མ་རུ་བདུན་འཁྲོལ་བ་པོ་མེད་པར་རང་འཁྲོལ་བ། རེས་འགའ་གདུགས་བདུན་བརྒྱ་དང་ཌ་མ་རུ་བདུན་བརྒྱར་འཕེལ་བའི་ཆོ་འཕྲུལ་ཅན། སྣང་བའི་འཁོར་བདུན་བརྒྱ་དང་མི་སྣང་བའི་འཁོར་བདུན་བརྒྱ་ལ་སོགས་པ་གྲུབ་པ། རིག་པ་འཛིན་པའི་རྣལ་འབྱོར་ཕོ་མོ་གྲངས་མེད་པའི་དབུས་ན་རོལ་པ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་མན་འདྲ། སྤྱོད་འཆང་དབང་པོའི་ཞབས་ལ་འདུད།


JKT014_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཙརྱ་བཛྲ་རཾ། ཀཉྩི་ཙརྨ་ཀ་པཱ་ད་ཞེས་སྦྱར་བ་དང་། ༈ གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་བི་རུ་པ་ཆེན་པོ་སྐུ་མདོག་སྨུག་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། དབུ་སྐྲ་ཅོ་བྲེགས་ལ་མེ་ཏོག་གི་ཕྲེང་བས་སྤུད་པ། ལྷག་མ་རྒྱན་སྤངས་ཤིང་ཕྱག་གཡས་སྡིག་མཛུབ་ཀྱི་ཕྱག་རྒྱ་གདེངས་པས་ཉི་མ་བརྟོད་ལ་གནོན་པའི་ཚུལ་དང་། གཡོན་པ་མེན་གྱི་རྭ་ཞལ་ཆང་གིས་གང་བ་དཀུར་བརྟེན་པ། ཤ་ནའི་གོས་ཀྱིས་འདོམས་དཀྲིས་ཅན་རོལ་པའི་འདུག་སྟངས་སུ་བཞུགས་པ། གཡོན་གྱི་ཕྱོགས་ནས་རིག་མ་ཆང་སྣོད་འཛིན་པས་འདུད་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པའི་མན་འདྲ། བི་རཱུ་པ་ལ་ཕྱག་འཚལ་འདུད། །བི་རཱུ་པ་ད་ཞེས་བསྒྱུར་བ་དང་། །གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་༦རུ་ཀ་སྐུ་མདོག་དཀར་དམར་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཤིན་ཏུ་འཇིགས་པའི་སྦྲུལ་རེག་པའི་དུག་ཅན་གྱིས་རྒྱན་དུ་མཛད་ཅིང་། མཐོང་བའི་དུག་ཅན་ལྕག་གི་ཚུལ་དུ་བསྣམས་པ། ཁ་རླངས་ཀྱི་དུག་ཅན་བདུན་གྱིས་དབུའི་སྟེང་དུ་གདེངས་ཀར་བྱས་ཤིང་། སྟག་མོ་མི་ཟན་འཇིགས་སུ་རུང་བ་ལ་ཆིབས་པའི་བརླ་གཡོན་པའི་སྟེང་ནས་གསང་བའི་གཟུངས་མ་གཡུང་མོ་རྣལ་འབྱོར་མ་གཅེར་མོ་པདྨ་ཅན་གྱི་མཚན་ཉིད་ཡོངས་སུ་རྫོགས་པས་དམ་དུ་འཁྱུད་ཅིང་འཁྲིལ་བའི་བདེ་བས་དགྱེས་རྒུར་རོལ་པ། ལྷན་ཅིག་སྐྱེས་མན་


JKT014_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། ཌོམྦྷི་པ་ལ་ཕྱག་འཚལ་འདུད། ཌོ་མྦྷི་ཧེ་རུ་ཀ་པཱ་ད་ཞེས་བསྒྱུར། ༈ །ཡང་གྲུབ་པའི་དབང་ཕྱག་ལཱུ་ཧི་༧པ་ཆེན་པོ་སྐུ་མདོག་སྔོ་སངས་སྐེམས་ཤིང་རིད་པའི་ཚུལ་ཅན། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང་རས་ཀྱི་སྨད་དཀྲིས་གསོལ་བ། སྐུའི་མདུན་ཕྱོགས་སུ་ཉའི་རྒྱུ་ལྟོ་སྤུངས་པ་ལས་ཕྱུག་གིས་བླངས་ཏེ་ཞལ་དུ་གསོལ་བའི་རྣམ་པ་ཅན་ཕྱེད་སྐྱིལ་གྱིས་བཞུགས་པ། ལྷན་ཅིག་སྐྱེས་པའི་མན་འདྲ་བ་ལས། ལཱུ་ཡི་པ་ལ་ཕྱག་འཚལ་འདུད། ལཱུ་ཡི་པཱ་ད་ཞེས་བསྒྱུར་བ་དང་། ༈ །བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་དབང་ཕྱུག་གོ་རཀྵ་རན་ཐ་སྐུ་མདོག་དཀར་སྔོ་སྣུམ་པའི་མདངས་ཅན་ཤངས་རྒྱུད་མཐོ་ཞིང་འཛུམ་བག་གི་མདངས་དང་ལྡན་པ། ཨག་ཚོམ་དང་དབུ་སྐྲ་ལྗང་སེར། ལྟ་སྟངས་ཅེར་རེ་བ། སྙན་ལ་མུ་དྲ་ནག་པོ་དང་། མགུལ་དུ་སིངྒ་ནཱ་དའི་རྭ་དུང་འཆང་ཞིང་སྐུ་ལ་ཙཀྲ་ཀནྟ་སྟེ་འཁོར་ལོ་ལྟ་བུའི་བེམ་པོ་གསོལ་པ། སྒོམ་ཤིང་ཀོས་ཀོ་བརྟན་པའི་ཚུལ་གྱིས་སྐྱིལ་ཀྲུང་དང་བཅས་དྲང་པོ་བཞུགས་ཤིང་། ཕྱག་མཉམ་བཞག་གི་སྟེང་ན་ཀུ་བའི་སྣོད་ཐོགས་པ། མཐོང་བའི་མོད་ལ་ཉམས་དགའ་ཞིང་ཐ་མལ་གྱི་སྣང་བ་ཧྲུལ་པོར་འཇིག་པ། ལྷན་ཅིག་སྐྱེས་པའི་མན་འདྲ། གོ་རཀྟ་ལ་གུས་པས་འདུད། དང་། གོ་རཀྵ་ནཱ་ཐ་པཱ་དར་བསྒྱུར་བ་དང་། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ཏནི་༩པ་སྔོ་སངས་ཤིན་ཏུ་སྨིན་པའི་ན་ཚོད་


JKT014_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་སྐུ་ལུས། ཨག་ཚོམ་དང་སྨ་ར་རིང་དུ་འཕྱང་བ་དབུ་སྐྱེས་དང་བཅས་པ་རབ་ཏུ་དཀར་བའི་མདངས་ཅན། རས་ཀྱིས་སྨད་དཀྲིས་གསོལ་ཞིང་ཁྲི་འཐགས་ཀྱི་བྱ་བ་ལ་བརྩོན་པའི་ཚུལ་དུ་བཞུགས་པ། ལྷན་ཅིག་སྐྱེས་པའི་སོགས་དང་། ཏནྟི་པ་ལ་གུས་པས་འདུད། ཏནྟི་ཀ་པཱ་ད་སོགས་དང་། ༈ གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་༡༠བུ་པ་སྐུ་མདོག་སྔོ་སངས་རལ་པའི་ཐོར་ཚུགས་ཅན། རུས་པའི་རྒྱན་དྲུག་དང་སྟག་གི་པགས་པའི་ཤམ་ཐབས་འཕྱར་བ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་པདྨ་ཅན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ། རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་དཀར་གསལ་ལྟ་བས་ཆོག་མི་ཤེས་པ་ལ་འཁྱུད་དེ་མཉམ་པར་སྦྱོར་བའི་བདེ་བས་རྒྱས་པ། ཞབས་གཡས་བརྐྱང་གིས་སྟབས་ཅན། ཞེས་དང་། དྲིལ་བུ་པ་ལ་ཕྱག་འཚལ་འདུད། བཛྲ་གཎཱ་པཱ་ད་ཞེས་དང་། ༈ གྲུབ་པའི་དབང་ཕྱུག་ཆེན་པོ་ཛ་ལནྡྷ་༡༡རི་པ་སྐུ་མདོག་དཀར་དམར་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་ཅན་རས་དམར་པོའི་འདོམས་དཀྲིས་གསོལ་བ་ཞབས་ཕྱོགས་གཅིག་རྒྱབ་ནས་དཔུང་པར་བཀལ་ཞིང་། ཕྱོགས་གཅིག་བཞེངས་པའི་ཚུལ་ཅན། ཕྱག་གཉིས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལྡོག་སྟེ་སྤྱི་བོར་འཆིངས་བ། གཡོན་གྱི་ཕྱོགས་ནས་རིགས་མ་རྣལ་འབྱོར་མའི་ཆ་བྱད་ཅན་གྱིས་འདུད་བཞིན་པ། ཞེས་དང་། ཛ་ལནྡྷ་རིའི་


JKT014_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་འདུད། ཛ་ལནྡྷ་རི་པཱ་ད་ཞེས་པ་དང་། །གྲུབ་པའི་སློབ་དཔོན་ཆེན་པོ་ཀུཀྟ་༡༢རི་པ་སྐུ་མདོག་སྔོ་སངས་རུས་པའི་རྒྱན་དང་རལ་པའི་ཐོར་ཚུགས་ཅན། ཕྱེད་སྐྱིལ་གྱིས་བཞུགས་ཤིང་ཐོད་པ་འཛིན་ང་དུ་རྡོ་རྗེ་ཡན་ལག་མ་ཀུཀྐ་རི་གཞོན་ནུའི་གཟུགས་ཅན་བཟུང་སྟེ་དགྱེས་རྒྱུར་རོལ་པ། ཀུཀྐ་རཱི་པ་ཕྱག་འཚལ་འདུད། ཀུཀྐ་རི་པཱ་ད་ཞེས་དང་། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ལྭ་བ་༡༣པ་སྐུ་མདོག་དཀར་དམར་ཚངས་པར་སྤྱོད་པའི་ཆ་བྱད་ཅན། སྐུ་ལ་ལྭ་པའི་དུམ་བུ་བརྒྱ་ཕྲག་བསྡུས་ཏེ་དྲུབས་པའི་ན་བཟའ་གསོལ་ཞིང་། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་སྐྱིལ་མོ་ཀྲུང་བཅས་ཏེ་གཉིད་འཐུག་གི་ཟོལ་གྱིས་འོད་གསལ་བསམ་མི་ཁྱབ་ལ་མཉམ་པར་འཇོག་པའི་ཚུལ་ཅན། ལྭ་བ་པ་ལ་ཕྱག་འཚལ་འདུད། ཀམྤ་ལཱ་པ་ད་བསྒྱུར་བ་དང་། ༈ ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཨིནྡྲ་༡༤བྷུ་ཏི་མིའི་བདག་པོ་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་ཆ་བྱད་སྐུ་མདོག་དཀར་དམར་མཛེས་ཤིང་བརྗིད་ལ་ཆགས་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཏེ་ནོར་བུའི་ཁྲི་སྟན་མཐོ་ཞིང་ཡངས་ལ་བཀོད་ལེགས་པའི་སྟེང་དུ་བདེ་ལུགས་སུ་བཞུགས་པའི་སྐུའི་མཐའ་སྐོར་དུ་བུད་མེད་རིན་པོ་ཆེ་མཚན་ཉིད་རྫོགས་པའི་བཙུན་མོའི་མཆོག་ལྔ་བརྒྱས་བསྐོར་ཏེ་འདོད་པའི་ཡོན་ཏན་ཐམས་ཅད་


JKT014_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་ཆགས་པས་རྟག་ཏུ་དགེས་རྒུར་རོལ་པའི་རྣམ་པ་ཅན། ཨིནྡྲ་བོ་དྷི་ལ་ཕྱག་འཚལ། ཤྲཱི་ནཱ་རེནྡྲ་ཨིནྡྲ་བོ་དྷི་པཱ་ད་ཞེས། ༈ གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་བདེ་བ་ཆེན་པོ་པདྨ་༡༥ཀཱ་ར་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གྱི་དཀྱིལ་འཁོར་རབ་ཏུ་གང་ཞིང་རྒྱས་ལ། པདྨ་རྒྱས་པ་ལྟ་བུའི་སྤྱན་རས་དང་མཆུ་སྒྲོས་མངའ་བ། དབུའི་དཔྲལ་བའི་དབྱིངས་སུ་རྡོ་རྗེས་མཚན་པའི་པདྨ་རྒྱས་པའི་རེ་ཁཱས་བཀྲ་ཞིང་། སྐུའི་ཆ་ཤས་ཐམས་ཅད་དུ་པདྨ་ཨུཏྤལ་ལྕགས་ཀྱུ་ཞགས་པ་ལ་སོགས་པའི་ཤ་མཚན་དགེ་བ་ཤ་སྟག་གིས་སྤྲས་པ། ཀཎྜ་ཀེའི་ཅོད་པན་མནབས་ཤིང་། གསང་གོས་ཀྱི་སྟེང་དུ་ཆོས་གོས་རྣམ་པ་གསུམ་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གདེངས་ཤིང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་དཀུར་བརྟེན་པའི་མཆན་དུ་རྡོ་རྗེའི་ཁ་ཊཱྃ་ག་བཅུག་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་གཡས་གཡོན་ནས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་པདྨ་ནི་བཅུ་དྲུག་པའི་ལང་ཚོ་ཅན་གྱིས་བརྟེན་པ། ལྷན་ཅིག་སྐྱེས་པའི་སོགས་དང་། པདྨ་ཀཱ་རར་ཕྱག་འཚལ་འདུད། ཤྲཱི་མ་ཧཱ་སུ་ཁ་པདྨ་བཛྲ་པཱ་ད་ཞེས་བསྒྱུར་བ་དང་། ༈ གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་བི་རུ་༡༦པཱ། དབུ་ལ་རྡོ་རྗེ་ཐོད་ཅེས་བྱ་བ་རྟེན་འབྲེལ་གྱི་བྱིན་རླབས་ཀྱི་ཅོད་པན་སྔོན་པོ་གསོལ་ཞིང་། ཕྱག་གཡས་


JKT014_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེན་གྱི་རྭ་བདུད་རྩིས་གང་བ་འཛིན་ཅིང་གསོལ་བ། གཡོན་པུས་མོའི་སྟེང་དུ་བཞག་པ། སྐུའི་མདུན་དུ་ཀ་པ་ལ་མ་ཧཱ་བ་ལས་གང་བ་བཞག་ཅིང་། དབུ་སྐྲ་ཅོ་རེག་པགས་པའི་གདན་དང་འདོམས་དཀྲིས་ཅན། ལྷག་མ་རྒྱན་དང་ན་བཟའ་སྤངས་ཤིང་རྣལ་འབྱོར་པ་ཧུར་བག་ཆགས་པའི་རྣམ་པ། སྐུའི་གཡོན་ནས་རིག་མ་ཐལ་མོ་སྦྱར་བ་དང་བཅས་པ། ལྷན་ཅིག་སོགས་དང་། ནག་པོ་བི་རཱུ་པ་ལ་འདུད། ཀྲྀ་བི་རཱུ་པཱ་ད་ཞེས་བསྒྱུར། ༈ བརྒྱན་པའི་དབུས་སུ་གྲུབ་པའི་དབང་ཕྱུག་ཏིལླི་༡༧པ་ཆེན་པོ་སྐུ་མདོག་སྔོ་ནག་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རས་ཀྱི་ཨཾ་ག་རག་གསོལ་ཞིང་མི་འགྲེང་གང་ཙམ་གྱི་ནམ་མཁའ་ལ་འཕགས་ཏེ་ཏིལ་བརྡུང་བའི་རྣམ་པ་ཅན། སྐུའི་མདུན་དུ་རིག་མ་ཏིལ་མཁན་མོའི་རྣམ་པས་བར་སྣང་ལ་གནས་བཞིན་ཏུ་ཏིལ་ལུགས་པའི་བྱ་བ་ལ་བརྩོན་པ་དང་ཐབས་གཅིག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཇི་ལྟར་འབྱུང་བའི་བརྡ་སྟོན་པར་མཛད་པ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སོགས་དང་། ཏིལླི་པ་ལ་ཕྱག་འཚལ་ལོ། ཏིལླི་ཀ་པཱ་ད་ཧཱུྃ་ཧཱུྃ། ༈ གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་༡༨ནཱ་རོ་པ་སྐུ་མདོག་སྨུག་ནག་ལྟ་བར་མི་བཟོད་པའི་ཟིལ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང་དར་གྱི་ཨང་རག་གསོལ་བ། ཞིང་ཆེན་གྱི་པགས་པ་བཤུས་མ་ཐག་པ་ཁྲག་འཛག་པ་སྟོད་གཡོགས་ཀྱི་ཚུལ་


JKT014_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མནབས་པའི་རྐང་ལག་གཉིས་ནས་ཕྱག་གིས་བཟུང་སྟེ་ཕན་ཚུན་དུ་བརྒྱངས་པ། ཞབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའི་གར་སྟབས་ཅན། ལྷན་ཅིག་སྐྱེས་པའི་སོགས་དང་། ནཱ་རོ་པ་ཡི་ཞབས་ལ་འདུད། ནཱ་རོ་པཱ་ད་ཞེས་བསྒྱུར་བ་དང་། ༈ དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་ཤཱནི་༡༩པ་སྐུ་མདོག་དཀར་སྔོ་གནས་བརྟན་རྡོ་རྗེ་འཛིན་པ་ཆེན་པོ། ཅུང་ཟད་སྨིན་པའི་ན་ཚོད་ཀྱི་རྣམ་པ། ཆོས་གོས་རྣམ་པ་གསུམ་དང་པཎྜི་ཏའི་ཅོད་པན་མནབས་ཤིང་། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་ཏེ་ཏ་ལའི་བྱང་བུར་བྲིས་པའི་གླེགས་བམ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གདིང་བ་ལ་བཞུགས་པ་དང་། ཤཱནྟི་པ་ལ་ཕྱག་འཚལ་ལོ། །རཏྣ་ཨ་ཀཱ་ར་ཤཱནྟི་པཱ་ད་ཞེས་སྦྱར། དེ་བཞིན་ཏུ། ༈ བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཤྲཱི་སཏཱ་༢༠ནཱ་ཐ་ཤཱནྟི་གུསྟ་སྐུ་མདོག་སྨུག་ནག ། རིན་པོ་ཆེ་དང་རུས་པའི་རྒྱན་ཐོ་རེ་བས་སྤྲས་པ། སྐུ་ཤ་ཉམས་རྒྱས་ཤིང་བརྗིད་ལ་ཧུར་བག་ཆགས་པ། དབུ་སྐྲ་ཅོ་བྲེགས་རས་ཀྱི་འདོམས་དཀྲིས་གྲུ་གསུམ་པ་གསོལ་ཞིང་ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་རིན་པོ་ཆེའི་ཁྲི་ལ་པགས་པའི་གདན་གྱི་སྟེང་དུ་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཐུགས་ཀར་འཆིང་བ། ལྷན་ཅིག་སྐྱེས་པའི་སོགས་དང་། ཤཱནྟི་གུཔ་ལ་ཕྱག་འཚལ། ཤྲཱི་ས་ཏཱ་


JKT014_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ཐ་ཤཱནྟི་གུཔྟ་ཧཱུྃ་ཧཱུྃ། ཞེས་སྦྱར། ༈ དེ་བཞིན་དུ་པགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་གྲུབ་པའི་སློབ་དཔོན་ཆེན་པོ་ཤྲཱི་བུདྡྷ་གུལྟ་༢༡ཛོ་ཀིའི་ཆ་བྱད་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། སྐུ་བོང་ཆེ་ཞིང་ལྷུན་ཆགས་ལ་དྭང་བ་འདྲེན་པ། མཐོང་བའི་མོད་ལ་བ་སྤུ་གཡོ་ཞིང་སྐྱི་བུང་ཞེས་བྱེད་པའི་ཟིལ་དང་ལྡན་པ་དབུ་སྐྲ་རལ་པ་ཐོར་ཚུགས་སུ་བཅིངས་པའི་རྩེ་མོ་ནས་རལ་པའི་ཟར་བུ་ཅུང་ཟད་རྒྱབ་ཏུ་འཕྱང་བ། མེ་ཏོག་སེར་པོ་ཁ་བྱེ་མ་ཐག་པའི་ཐོད་བཅིངས་གསོལ་བ། བགྲེས་རྒུད་སྤངས་པའི་ལངས་ཚོས་གང་བ་ལ་གནས་ཤིང་ཧུར་བག་ཆགས་པ། རས་ཀྱི་འདོམས་དཀྲིས་དང་ན་བཟའ་གསོལ་ཞིང་པུས་འཁྱུད་ཅན། ཕྱག་གཡས་ས་གནོན་པུས་སྟེང་དུ་བཀབ་ཅིང་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་དཀུར་བརྟེན་པའི་ཚུལ་གྱིས་འཛིན་པ། སྐུ་དྲང་པོར་བསྲངས་ཏེ་སྐྱིལ་ཀྲུང་ཕྱེད་པའི་འདུག་སྟངས་ཀྱིས་བཞུགས་པ། ལྷན་ཅིག་སྐྱེས་པའི་སོགས་དང་། བུདྡྷ་གུལྟར་གུས་ཕྱག་འཚལ། ཤྲཱི་བུདྡྷ་གུལྟ་ནཱ་ཐ་ཧཱུྃ་ཧཱུྃ། ཞེས་སྦྱར་བ་མ་གཏོགས་གོང་དང་འདྲའོ། །དེ་ལྟར་འདི་ནི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་སློབ་དཔོན་དཔའ་བོ་འོད་གསལ་གྱི་ལུགས་ལ་གཙོ་བོར་བརྟེན་ཅིང་། འཕགས་ཡུལ་གྲུབ་པའི་སློབ་དཔོན་རྟ་མཆོག་གིས་མཛད་པའི་བླ་སྒྲུབ་དང་། རྩོད་དུས་ཀྱི་དཔལ་ཧེ་རུ་ཀ་ཤཱནི་གུཔྟའི་མན་ངག་


JKT014_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་བདུན་ལྡན་གྱི་བླ་མའི་རྣལ་འབྱོར་ལས་ཀྱང་ཁ་བསྐང་སྟེ་ཡོངས་སུ་གྲགས་པའི་གྲུབ་ཆེན་འགའ་ཞིག་ལ་གསོལ་བ་གདབ་པའི་ཕྱིར་ཚད་ལྡན་མཁས་པའི་ཞལ་ལུང་ཇི་ལྟ་བར་བྲིས་པ་སྟེ། འདིར་མ་སྨོས་པའི་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་གཞན་རྣམས་ཀྱིས་མཚོན་གྲུབ་པ་བརྙེས་པའི་དམ་པ་གང་ལའང་སྦྱར་དུ་རུང་། ཚོགས་གསོག་གི་མཆོད་ཕྲེང་རྒྱས་པ་སྤྲོ་ན་སྦྱོར་བ་ཡོ་བྱད་བཤམ་བཀོད། གནས་དང་མཆོད་པའི་ཡོ་བྱད་བྱིན་རླབས། བླ་མ་སྤྱིའི་ཕྱག་འཚལ། ཉེར་སྤྱོད། འདོད་ཡོན་རིན་ཆེན་སྣ་བདུན། རིག་མ་བཅུ་དྲུག་སོགས་ཀྱི་མཆོད་ཕྲེང་། ནང་བདུད་རྩིའི་མཆོད་པ། གསང་བ་སྙོམས་འཇུག་གི་མཆོད་པ། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་མཆོད་པ། མཎྜལ། གསོལ་འདེབས། སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་བླ་མ་མཆོད་པའི་ཆོ་ག་གཞན་ནས་འབྱུང་བ་དང་སྤེལ། །ཚོགས་མཆོད་བྱེད་པར་སྤྲོ་ན་རྗེ་གྲོལ་མཆོག་ཞབས་ཀྱི་གསུང་ཚོགས་མཆོད་རྒྱ་གར་མ་ལྟ་བུ་སྦྱར་ན་ཤིན་ཏུ་ལེགས་པ་ཡིན་ནོ། །ཡོངས་གྲུབ་བདེ་ཆེན་མཆོག་བརྙེས་པའི། །བླ་མའི་རྣལ་འབྱོར་བགྱིས་པའི་དགེས། །བྱིན་རླབས་སྤྲིན་གྱི་རྔ་དབྱངས་ཀྱིས། །ཟུང་འཇུག་ངལ་འཚོ་བརྟེན་གྱུར་ཅིག །མངྒ་ལཾ།


previousགྲུབ་མཆོག་རྣམས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་གྱི་རྔ་དབྱངས།next