Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།
   
   
   
   
   
   
   
   
   
   
   
   
   
   
   


 
previousམན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།next

མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།


JKT014_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༈ མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་ནི། ན་མོ་གུ་རུ་བྷྱ༔ ཡེ་ཤེས་རིག་པ་གཞན་དུ་མ་འཁྲུལ་བས། །ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་པ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དག་པའི་དབྱིངས་ལས་ཐུགས་རྗེ་རོལ་པའི་སྐུར། །མངོན་པར་སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པ། །འགྲོ་བའི་གཉེན་གཅིག་སྐལ་ལྡན་ཡོངས་ཀྱི་མགོན། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ སྦྱངས་བ་མཐར་སོན་པཎ་ཆེན་ལྔ་བརྒྱའི་གཙོ། །ལས་འཕྲོ་བཟང་པོས་ཐེག་པའི་རྩེ་རྒྱལ་རྙེད། །སློབ་དཔོན་ཆེན་པོ་


JKT014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ༴ ཤེས་བྱ་ཀུན་མཁྱེན་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ཆེན་དགོངས་པ་རིས་མེད་མངོན་དུ་གྱུར། །པཎ་ཆེན་གྲུབ་པའི་དབང་ཕྱུག་ཤྲཱི་སི། །གསོལ་བ་འདེབས་སོ༴ ཡང་དག་བཅུད་གཅིག་དོན་ལྡན་ལོ་ཙཱ་བ། །ལྟ་དགོངས་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་མནན། །མཁས་པ་པ་གོར་བེ་རོ་ཙ་ན་ལ། །གསོལ་བ་སྦྱངས་པའི་འཕྲོ་སད་ཆོས་ཀུན་ཐུགས་སུ་ཆུད། །བཻ་རོས་རྗེས་བཟུང་མཆོག་གི་དངོས་གྲུབ་ཐོབ། །གྲུབ་ཆེན་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ། །གསོལ་བ༴ ཆུ་བོ་བཞི་འདུས་མཉམ་མེད་ལོ་ཙཱ་བ། །སྐད་ཅིག་གཅིག་ལ་ས་བདུན་མངོན་དུ་མཛད། །སློབ་དཔོན་གཉགས་སྟོན་ངྷ་ན་ཀུ་མཱ་རར། །གསོལ་བ༴ རིང་ནས་སྦྱངས་པའི་སྐལ་ལྡན་ལས་འཕྲོ་ཅན། །བླ་མས་རྗེས་བཟུང་མཁའ་སྤྱོད་གནས་སུ་གཤེགས། །སྐྱེས་མཆོག་སོག་པོ་དཔལ་གྱི་ཡེ་ཤེས་ལ། །གསོལ་བ༴ མི་ལོ་བརྒྱ་དང་བཅུ་བཞི་རྒྱ་བོད་དུ། །བསྐྱེད་རྫོགས་སྦྱངས་པ་མཐར་ཕྱིན་གྲུབ་པ་ཐོབ། །བླ་ཆེན་གནུབས་བན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ༴ མདོ་རྒྱུད་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་གཅིག་ཐོབ། །ཁུ་ལུང་གནུབས་སྟོན་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ༴ དྲོག་ལ་


JKT014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཤོངས་ཀྱི་གཙུག་ལག་ཁང་ཆེན་པོར། །བསྐྱེད་རྫོགས་གསུམ་སྟོན་སྙིང་པོའི་བསྟན་པ་སྤེལ། །ཉང་སྟོན་ཆེན་པོ་ཤེས་རབ་མཆོག་ལྡན་ལ། །གསོལ་བ༴ བླ་མའི་ཐུགས་ཟིན་ཏིང་འཛིན་ལས་སུ་རུང་། །བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པས་ཁྱབ། །ཆོས་ལུང་མྱང་སྟོན་ཡེ་ཤེས་འབྱུང་གནས་ལ། །གསོལ་བ༴ འུག་བྱ་ལུང་གི་དབེན་རྩ་དམ་པ་རུ། བཤད་སྒྲུབ་ཆུ་བོས་སྙིང་པོའི་བསྟན་པ་བཙུགས། །མཁས་གྲུབ་གཙང་སྒོམ་བདེ་གཤེགས་ཟུར་པོ་ཆེར། །གསོལ་བ༴ ཟུར་གྱི་རིགས་འཁྲུངས་ཐོས་བསམ་མཐའ་རུ་ཕྱིན། །ལྟ་དགོངས་རྩེར་སོན་བསྟན་པ་ཉི་འོད་བརྡལ། །ལྷ་རྗེ་ཆེན་པོ་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ༴ ལུང་རྟོགས་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་གཏམས། །ཕྲིན་ལས་རྣམ་བཞིས་གསང་སྔགས་བསྟན་སྲོག་བཟུང་། །སྐྱོ་སྟོན་སྔགས་འཆང་ཤཱཀྱ་ཡེ་ཤེས་ལ། །གསོལ་བ༴ གདུགས་ཐོགས་སྟོང་གིས་ཁྱོད་ཞབས་གུས་མཆོད་ཅིང་། །རྒྱ་ཆེན་རྒྱུན་མི་ཆད་པའི་ཕྲིན་ལས་ཅན། །གསང་བདག་དངོས་བྱོན་ལྷ་རྗེ་སྒྲོ་ཕུག་པར། །གསོལ་བ༔ གསུང་རབ་ཀུན་ལ་མཁས་པའི་ཕུལ་དུ་གྱུར། །དགོངས་པ་མངོན་གྱུར་ཚེ་གཅིག་བྱང་ཆུབ་བརྙེས། །ལྕེ་སྟོན་ལྷ་རྗེ་དཀྱིལ་མཁར་ལྷ་ཁང་པར། །གསོལ་བ༴ ཏིང་འཛིན་མངོན་གྱུར་ཐོག་གིས་མི་ཚུགས་ཤིང་། །རི་


JKT014_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་རྦབ་ཀྱང་གྱེན་ལ་ཟློག་པར་མཛད། །མཚུངས་མེད་གྲུབ་ཆེན་དབུས་པ་ཞིག་པོ་ལ། །གསོལ་བ་འདེབས་སོ༴ བསམ་བཞིན་འགྲོ་བའི་དོན་ལ་བྱོན་པའི་མཐུས། །ཕྲིན་ལས་རྒྱ་མཚོ་འབད་མེད་ལྷུན་གྱིས་གྲུབ། །ཞིག་པོ་བདུད་རྩི་སེམས་ཕྱོགས་བསྟན་པའི་བདག །གསོལ་བ་འདེབས༔ གསར་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་མཆོག །གཡུ་རུ་སྟོད་དུ་བསྟན་པའི་སྲོལ་བཟང་བཏོད། །ཨ་མེས་ཆེན་པོ་རྟ་སྟོན་ཇོ་ཡེ་ལ། །གསོལ་བ་འདེབས༴ །མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་མཐའ་དག་ལ། །བཤད་པས་ཕན་གདགས་སྒྲུབ་པའི་ས་སྡེ་བཙུགས། །སྔགས་འཆང་ཆེན་པོ་རྟ་སྟོན་གཟི་བརྗིད་ལ། །གསོལ་བ༴ བགྲང་ཡས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །སེམས་སྡེ་བཅོ་བརྒྱད་བསྟན་པའི་སྒྲོན་མེ་སྦར། །འཁྲུལ་ཞིག་སྐྱེ་མེད་དམ་པ་སངས་རྒྱས་ལ། །གསོལ་བ༴གཞོན་ནུ་ཉིད་ནས་ཏིང་འཛིན་དུས་འདའ་ཞིང་། །ཡི་དམ་ཞལ་གཟིགས་བཤད་སྒྲུབ་བསྟན་པ་སྤེལ། །སྐྱེས་མཆོག་མཉམ་མེད་སྤྲུལ་སྐུ་ཆེན་པོ་ལ། །གསོལ་བ༴ འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཟུར་སྟོན་ཆེན་པོ་བྱམས་པ་སེང་གེ་ལ། །གསོལ་བ༴ སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདེངས་དང་ལྡན། །འཁོར་བའི་སྐྱོན་སྤངས་


JKT014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ༴ མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཙུག་གི་རྒྱན། །རིམ་གཉིས་བསྟན་པའི་རྒྱལ་མཚན་སྲིད་མཐར་སྒྲེང་། །འཇམ་དབྱངས་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་ལ། །གསོལ་བ༴ ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་བའི་བཤེས། །འཆད་རྩོད་རྩོམ་པས་བསྟན་པ་ཕྱོགས་བཅུར་སྤེལ། །སྒྲོལ་ཆེན་ཆོས་རྗེ་སངས་རྒྱས་རིན་ཆེན་ལ། །གསོལ་བ༴ རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི། །ཏིང་འཛིན་དགོངས་པས་ཉིན་མཚན་དུས་འདའ་བ། །ཤངས་མདའི་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ། གསོལ་བ༴ ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས། །བརྒྱ་ཕྲག་ཏིང་འཛིན་སྒོ་ལ་དབང་འབྱོར་བ། །ཀུན་མཁྱེན་གྲུབ་མཆོག་གྲགས་པ་དཔལ་འབྱོར་ལ། །གསོལ་བ༴ ཐོས་བསམ་སྒྲོ་འདོགས་ཆོད་པའི་བློ་གྲོས་ཅན། །རབ་གསལ་རིག་རྩལ་འབྱོངས་པའི་ཉམས་རྟོགས་འཁྲུངས། །མཁན་ཆེན་འདྲེན་མཆོག་བློ་གྲོས་རབ་ཡངས་ལ། །གསོལ་བ༴ ཟབ་གསལ་ཏིང་འཛིན་སྒོ་མང་འབྱེད་པའི་མགོན། །མཁས་བཙུན་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །བླ་ཆེན་རྡོ་རྗེ་འཆང་དངོས་ཆོས་ཀྱི་རྗེར། །གསོལ་བ༴ སྔོན་ནས་སྦྱངས་པའི་བློ་གྲོས་ཕུན་སུམ་ཚོགས། །སྐྱེ་མེད་དོན་གྱི་གནས་


JKT014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མངོན་དུ་གྱུར། །ངེས་དོན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང་། །གསོལ་བ༴ མཐའ་ཡས་ཤེས་བྱའི་གནས་རྣམས་མ་ལུས་གཟིགས། །གཞན་ཕན་བྱང་ཆུབ་སེམས་མཆོག་མངོན་དུ་གྱུར། །རྡོ་རྗེ་ཐེག་པའི་བསྟན་འཛིན་འཇིག་རྟེན་མིག །གསོལ་བ༴ དམ་པས་རྗེས་བཟུང་སྙིང་པོའི་ལམ་ལ་ཞུགས། །གསུང་རབ་རྒྱ་མཚོའི་ལུང་གི་ཐོས་པས་ཕྱུག །སྙིང་སྟོབས་གྲུབ་པའི་དཔའ་བོ་རྡོ་རྗེ་འཛིན། །གསོལ་བ༴ ཀ་དག་རང་རིག་དངོས་འཛིན་འཆིང་བ་གྲོལ། །བདེ་ཆེན་འགྱུར་མེད་མཆོག་གི་གོ་འཕང་བརྙེས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་རྡོ་རྗེ་འཛིན། །གསོལ་ཁ་སྐོང་ནི། ངག་གི་དབང་ཕྱུག་མཐའ་ཡས་ཆོས་ཚུལ་དཔལ། །སྨྲ་ལ་ཟླ་མེད་མཁས་གྲུབ་རྒྱ་མཚོའི་ཕུལ། །ལོ་ཙཱ་ཆེན་པོ་དྷརྨ་ཤཱི་ལ། །གསོལ་བ༴ པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ། །བསམ་བཞིན་བསྟན་འགྲོའི་མགོན་དུ་ལེགས་བྱོན་པ། །རྒྱལ་བའི་སྲས་པོ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ༴ ཨོ་རྒྱན་དུས་གསུམ་མཁྱེན་པའི་བཤད་སྒྲུབ་བསྟན། །འཛིན་མཁས་རྡོ་རྗེ་སྙིང་པོའི་དོན་གཟིགས་པ། །ཐམས་ཅད་མཁྱེན་པ་ཨོ་ཌི་ཡཱ་ན་ལ། །གསོལ་བ༴ སྲས་བཅས་རྒྱལ་བ་དགྱེས་པའི་ཕྲིན་ལས་ཀྱིས། །ཡིད་སྲུབ་ཕྱོགས་ལས་རྣམ་རྒྱལ་རིག་པ་འཛིན། །མཁས་ཤིང་གྲུབ་བརྙེས་


JKT014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་བི་ཛ་ཡར། །གསོལ་བ༴ ཤེས་བྱ་ཀུན་གཟིགས་ཟབ་མོའི་གནས་ལུགས་རྟོགས། །འཆད་རྩོད་རྩོམ་ལ་ཐོགས་མེད་སྨྲ་བའི་དབང་། །རྒྱལ་སྲས་པདྨ་དབང་རྒྱལ་རྡོ་རྗེ་ལ། །གསོལ་བ༴ བཅུ་ཕྲག་རིག་པའི་མཛོད་འཛིན་མཁས་པ་ཆེ། །འོད་གསལ་སྙིང་པོའི་དོན་གཟིགས་གྲུབ་པའི་དབང་། །འཇམ་པའི་དབྱངས་དངོས་བསྟན་འཛིན་འཕེལ་རྒྱས་ལ། །གསོལ་བ༴ བསླབ་གསུམ་རྣམ་དག་བྱང་ཆུབ་སེམས་གཉིས་འབྱོངས། །རིམ་གཉིས་མཐར་ཕྱིན་རྡོ་རྗེ་འཛིན་པའི་དཔལ། །སེམས་དཔའ་ཆེན་པོ་པདྨ་མངྒ་ལར། །གསོལ་བ༴ རྒྱལ་བ་སྲས་བཅས་ཡེ་ཤེས་གཅིག་བསྡུས་པ། །གཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན། །ཀུན་མཁྱེན་བླ་མ་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོ། །ལས་འབྲས་བདེན་པའི་དོན་ལ་ཡིད་ཆེས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་དང་། །འཆི་བ་སྙིང་ལ་ཟུག་པའི་བརྩོན་འགྲུས་ཀྱིས། །རང་དྲིན་རང་ལ་ཆེ་བར་བྱིན་གྱིས་རློབས། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་སྟོབས་དང་། །དམིགས་མེད་ཟུང་དུ་འཇུག་པའི་ཉམས་ལེན་གྱིས། །མྱུར་དུ་བྱང་ཆུབ་སེམས་གཉིས་འབྱོངས་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྟོན་པའི་དྲིན་ཅན་བླ་མ་ལ། །སངས་རྒྱས་


JKT014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས་ལྷག་པའི་མོས་གུས་ཀྱིས། །ཉམས་རྟོགས་ཕུན་ཚོགས་རྒྱུད་ལ་སྐྱེ་བ་དང་། །གེགས་དང་གོལ་ས་ཆོད་པར༔ གང་ལྟར་སྣང་ཡང་ཐམས་ཅད་རང་གི་སེམས། །སེམས་ཉིད་གར་ཡང་མ་གྲུབ་སྟོང་པ་ཉིད། །མ་བཅོས་རྣལ་མར་འཇོག་པའི་ཉམས་ལེན་གྱིས། །འཁྲུལ་པ་རང་ཐོག་གྲོལ་བར༔ ངོ་སྤྲོད་དོན་ལ་ངེས་ཤེས་བརྟན་པོ་ཡིས། །ཡེངས་མེད་རྒྱུན་དུ་གོམས་པ་མཐར་ཕྱིན་ཏེ། །ཆུ་བོ་ལྟ་བུར་རྒྱུན་ཆད་མེད་པ་ཡི། །མཉམ་བཞག་བརྟན་པ་ཐོབ་པར༔ གང་ཤར་རང་ངོ་ཤེས་པའི་ཟབ་གནད་ཀྱིས། །རྫོགས་ཆེན་རང་སྣང་རིས་མེད་མངོན་གྱུར་ཏེ། །བྱས་ཆོས་ཐམས་ཅད་དབྱིངས་སུ་ནུབ་པ་དང་། །རང་བྱུང་ཡེ་ཤེས་འཆར་བར༴ ནམ་ཡང་སྒོམ་མ་མྱོང་བའི་རང་བབས་གཤིས། །འདི་ལ་ཀུན་ཏུ་འབྲལ་བར་མི་བྱེད་ཅིང་། །སྒོམ་མེད་དོན་ལ་གནས་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར༴ རྒྱ་ཆེན་ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བརྒྱད་ཁྲི་བཞི་སྟོང་དག་ཏུ་བསྟན་པ་ཡང་། །འདི་དོན་རྟོགས་སླད་གསུངས་པའི་ཚུལ་རིག་སྟེ། །འབྲལ་མེད་རྩེ་གཅིག་སྐྱོང་རྒྱུ་བར་བྱིན་གྱིས་རློབས། །སེམས་ཉིད་ཡིད་བཞིན་ནོར་བུ་རིན་པོ་ཆེ། །ལས་དང་བག་ཆགས་ཉོན་མོངས་དྲི་ཕྱིས་ཏེ། །རྣམ་དག་སྐུ་བཞིའི་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་ལ་འདོད་དགུའི་ཆོས་ཆར་


JKT014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པར་ཤོག །ཅེས་རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་གཞུང་ཁྲིད་ཉང་ལུགས་ཀྱི་བརྒྱུད་འདེབས་སོ།། །།


previousམན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན།next