Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་ཐུགས་གྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་ཕྲིན་ལས་སྙིང་པོར་དྲིལ་བ།
   
   
   
   
   


 
previousབླ་མའི་ཐུགས་གྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་ཕྲིན་ལས་སྙིང་པོར་དྲིལ་བ།next

བླ་མའི་ཐུགས་གྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་ཕྲིན་ལས་སྙིང་པོར་དྲིལ་བ།


JKT014_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་གྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་ཕྲིན་ལས་སྙིང་པོར་དྲིལ་བ་བཞུགས་སོ།


JKT014_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཀྲོ་དྷ་ལོ་ཀོཏྟ་རཱཡ། སྐྱབས་སེམས་ནི། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ཧཱུྃ། ཞི་བའི་ཐབས་ཀྱིས་མི་འདུལ་བའི༔ དམ་སྲི་གདུག་པ་ཚར་གཅོད་ཕྱིར༔ ཡེ་ཤེས་ཧཱུྃ་ལྔའི་སྐུར་སྣང་བཿའཆོལ་བའི་ཁྲོ་རྒྱལ་བསྒོམ་པར་བྱ༔ ལན་གསུམ། དངོས་གཞི་ལྷ་བསྒོམ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྲུབ་ཀུན་སྣང་ཡེ་ཤེས་སྤྲིན༔ ཟུང་འཇུག་ཧཱུྃ་གི་ཡི་གེར་ཤར༔ དེ་ལས་རྡོ་རྗེའི་སྒྲ་བསྒྲགས་པས༔ གདུག་པ་ཅན་རྣམས་བསྡངས་ཤིང་འདར༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་བརྡེགས༔ སྣང་སྲིད་དངོས་


JKT014_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དབྱིངས་སུ་སྦྱངས༔ ཁམས་གསུམ་ཨེ་ཡི་དབྱིངས་ཉིད་དུ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཉེར་སྤྱན་གསུམ་མཆེ་བ་གཙིགས༔ སྨར་སྨིན་འབར་ཞིང་ཨཾ་གཙིགས་བསྡམས༔ རབ་བྱུང་ཆ་ལུགས་རུས་རྒྱན་འཕྱང་༔ མི་མགོའི་ཕྲེང་བ་ག་ཤར་བྱས༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་ཕུར་པ་བགེགས་ལ་གཟིར༔ ཞབས་ཟུང་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཉི་དྲེགས་པ་གཏུམ་པོ་དང་༔ སྟག་ཆེན་གྲུས་མའི་སྟེང་ན་འགྱིང་༔ སྐུ་ལས་བསྐལ་པའི་མེ་ཆེན་འབར༔ རབ་འབྱམས་ཁྲོ་


JKT014_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཚྭ་ཚྭ་འཕྲོ༔ གསུང་ནི་དྲག་སྔགས་ཧཱུྃ་སྒྲ་སྒྲོགས༔ དྲེགས་པ་སྡེ་བརྒྱད་ལས་ལ་བཀོལ༔ ཐུགས་ནི་ཀ་དག་གཏིང་གསལ་ངང་༔ མ་བཅོས་རིག་པ་ཟང་ཐལ་ཤར༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ མི་ཟད་རྒྱན་གྱི་འཁོར་ལོར་རྫོགས༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱི་ཧྲཱིཿཨཱཿཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་བོའི་སྐུར་བཞེངས་ལ༔ བར་ཆད་གདོན་བགེགས་ཚར་གཅོད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་ནུས་པ་སྩོལ༔ ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབ༔ བདག་དང་མོས་པའི་བུ་རྣམས་ཀྱི༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མི་མཐུན་འགལ་རྐྱེན་ཐམས་ཅད་སྲུངས༔ སྐུ་གསུང་ཐུགས་ཀྱི་དབང་བཞི་སྐུརཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཞོམ་མེད་རང་བྱུང་ཧཱུྃ་གི་གླུས༔ རྔ་ཡབ་གླིང་ནས་ཐོད་ཕྲེང་གི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ དྲག་པོ་འཆོལ་བའི་སྐུར་བཞེངས་ཏེ༔ ཆར་


JKT014_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བབས་ནས་རང་ལ་ཐིམ༔ ཡི་དམ་དངོས་དང་དབྱེར་མེད་གྱུརཿ ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ སྤྲོ་ན་ཕྱག་འཚལ་མཆོད་བསྟོད་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྫུ་འཕྲུལ་མཐུ་སྟོབས་བསམ་མི་ཁྱབ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོར་འདུད༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཨོཾ། དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཆོལ་བའི་ཁྲོ་རྒྱལ་འཁོར་བཅས་མཆོད༔ ཨོཾ་བཛྲ་གུ་རུ་ཀྲོ་དྷ་གྲོ་བོ་ལོད་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། །ཤཔྟ་སརྦ་པཱུ་ཛ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དྲག་པོའི་མཐུ་རྩལ་གཅིག་བསྡུས་པ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཅེས་མཆོད་ཅིང་བསྟོད་ལ། བཟླས་པ་བྱ་བ་ནི། རང་ལུས་གདོད་ནས་དམ་ཚིག་པར༔ རང་སེམས་གཉུག་མ་ཡེ་ཤེས་ལྷ༔ འདུ་འབྲལ་མེད་པར་རོ་གཅིག་པའི༔ ཐུགས་ཀར་པདྨ་ཉི་མའི་སྟེང་༔ གནམ་ལྕགས་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་གསལ་ཧཱུྃ་ལྔའི་སྣང་གླུ་ཡིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་མཆོད༔ སྡེ་བརྒྱད་འབྱུང་པོ་ལས་ལ་


JKT014_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར༔ སྲིད་གསུམ་བརྟན་གཡོའི་སྣང་ཆ་ཀུན༔ ཐམས་ཅད་མ་བཅོས་རྩ་བའི་ལྷ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོར་བཞེངས༔ སྒྲར་གྲགས་ཧཱུྃ་གི་རང་སྒྲ་དང་༔ དྲན་རྟོག་ཀ་དག་སྤྲོས་བྲལ་དབྱིངས༔ རིག་པ་ཡེ་ཤེས་ཐིག་ལེར་འཁྱིལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་ལྔ་སྦྲེལ་དུ་བསྙེན་ཞིང་ཁྱད་པར་གྱི་དམིགས་གནད་ནི། སླར་ཡང་སྙིང་གའི་ཧཱུྃ་ཡིག་ལས༔ ཧཱུྃ་དམར་མེ་འབར་སྦྱིན་ལྟར་འཁྲིགས༔ ལུས་གང་ནད་གདོན་སྡིག་སྒྲིབ་བསྲེགས༔ སྣ་བུག་གཡས་ནས་ཕྱིར་ཐོན་པས༔ ལྔ་ལྡན་ཧཱུྃ་ཡིག་ཁམས་གསུམ་གང་༔ དེ་ལས་སྐུར་གྱུར་ཧཱུྃ་སྒྲ་བསྒྲགས༔ དུག་ལྔའི་རང་མདངས་གདོན་བགེགས་དང་༔ དམ་སྲི་འབྱུང་པོ་ཐལ་བར་བརླག༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི༔ བྱིན་རླབས་རྩལ་དང་ལྷན་ཅིག་ཏུ ཚུར་འདུས་ཧཱུྃ་གྱུར་རང་ལ་ཐིལ༔ ནུས་པ་འབུམ་དུ་བསྐྱེད་པར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་ཧཱུྃ་གི་སྣང་གླུ་བླངས་ཤིང་། དེ་ལྟ་བུའི་བསྙེན་པ་འབུམ་ཕྲག་ལྔ་སོགས་སྔོན་དུ་སོང་ནས། སྒྲུབ་པའི་དམིགས་པ་ནི། ཧཱུྃ༔ རིག་འཛིན་རྫུ་འཕྲུལ་མཐུ་ཆེན་ཐུགས་ཀ་རུ༔ ཉི་སྟེང་ཧཱུཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་མེ་ཕུང་འབར་བ་ཕྱོགས་བཅུར་འཕྲོས༔ ཧཱུྃ་གི་སྒྲ་དབྱངས་སྲིད་གསུམ་ཁྱབ་པར་བསྒྲགས༔ དམ་སྲི་འབྱུང་པོའི་ཚོགས་ཀུན་ཐལ་བར་བརླག༔ བར་ཆད་བདུད་ཚོགས་ཀ་དག་དབྱིངས་སུ་བསྒྲལ༔ ཚུར་འདུས་བདག་


JKT014_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་རིག་རྩལ་རྒྱས་པར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་བདུན་བཟླ། བསྙེན་སྒྲུབ་སྔོན་དུ་སོང་བས་ལས་སྦྱོར་གྱི་དམིགས་པ་ནི། རང་གི་ཐགས་ཀའི་ཧཱུྃ་ཡིག་ལས༔ ཁྲོ་རྒྱལ་ཡཀྵ་རླུང་ལྟར་འཚུབས༔ རྒྱལ་བསེན་དམ་སྲིའི་སྙིང་ནས་བཟུང་༔ རང་མདུན་རྡོ་རྗེའི་ཧོམ་དུ་བཅུག དྲག་སྔགས་དུག་གི་ཁ་ཆུ་ཡིསཿ ལུས་འདར་ངག་ལྐུགས་ཡིད་མྱོས་ནས༔ ཅི་བགྱིའི་བཀའ་ཉན་འབངས་སུ་ཚུད༔ ནུས་ཞི་སྟོབས་འབྲི་སྡེ་དཔུང་ཉམསཿ བསྐལ་པའི་བར་དུ་འཆོལ་མེད་གྱུར༔ ཅེས་དམིགས་ལ། ཧཱུྃ་བཛྲ་ཡཀྵ་ཕཊ་རྒྱལ་བསེན་དཀོར་སྲི་དམ་སྲི་འབྱུང་པོ་མཱ་ར་ཡ་རྦད་རྦད་ནན༔ ཤི་ཤི་སྲོག་དམར་པོ༔ སྙིང་རྩ་ལ་ཁྲིལ་ཁྲིལ༔ ཤ་མ་རུ་གྲིམ་གྲིམ་ཐུར་ཐུར་མྱོག་མྱོག་ཕཊ༔ རཀམོ་རཀམོ་ཁར་ག་མ་སྨ་ཤ་ནི་རྦད་རྦད༔ ཅེས་བཟླ་ཞིང་ཏིང་ངེ་འཛིན་ངར་བསྐྱེད་ལ་རིག་པ་འཛིན་མེད་དུ་བཞག །དེ་ལྟ་བུའི་རིམ་པས་གཞུང་ལས། ཤིང་གཤགས་མཚོ་སྐེམས་རི་བསྙིལ་དང་༔ ལྷ་ཁང་འབག་སེང་ལྡེར་ཚོ་བཅོམ༔ བྱ་གཅན་ཁྱི་སྤྱང་བསད་པ་སོགས༔ དམ་སྲི་ཐུལ་བའི་རྟགས་སུ་བཤད༔ ཅེས་གསུངས་པའི་རྟགས་རྣམས་དངོས་ཉམས་རྨི་ལམ་དུ་མཐོང་བའི་བར་དུ་བརྩོན་པ་ནི་ལས་སྦྱོར་ཏེ། འོན་ཀྱང་ལྟ་སྒོམ་གྱི་གདེངས་མེད་པ་དང་། བསྙེན་སྒྲུབ་སྔོན་དུ་མ་སོང་བས་དྲག་སྔགས་འདི་རིགས་བཟླ་བ་ནི་བྱིས་པས་སྤུ་གྲི་ལ་རྩེ་བ་དང་ཆོས་མཚུངས་པས་བསྙེན་སྒྲུབ་ཀྱི་བཟླས་དམིགས་ཙམ་གྱིས་ཆོག་ཤེས་པར་


JKT014_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཐུན་ལས་ལྡང་བར་བརྩམས་པ་ན། གཏོང་རག་གི་མཆོད་བསྟོད་དང་། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ འགག་མེད་རྡོ་རྗེ་སྲིན་པོར་ཤརཿ འགག་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཞེས་བརྗོད་ལ་ལྷ་སྐུ་འོད་གསལ་གྱི་དབྱིངས་སུ་བསྡུ། སླར་ཡང་རང་དང་སྣང་བ་ཐམས་ཅད་བླ་མ་དྲག་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སུ་གྱུར་ཡིན་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །ཚོགས་མཆོད་བྱེད་པར་སྤྲོ་ན། སྔོན་འགྲོ་སྐྱབས་སེམས་ཀྱི་རྗེས་སུ་བགེགས་བསྐྲད་དང་། སྲུང་འཁོར། བྱིན་འབེབས། མཆོད་པ་བྱིན་རླབས་རྣམས་དང་། ཚོགས་བྱིན་རླབས་ནས་ལྷག་མའི་བར་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ལྟར་སྦྱར་བས་དོན་གྲུབ་པ་ཡིན་ནོ། །ཞེས་པའང་ཉེར་མཁོའི་ཆེད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྡོ་རྗེའི་གསུང་བཀླགས་པས་གྲུབ་པར་བསྡེབས་པ་དགེ་ལེགས་འཕེལ།། །།


previousབླ་མའི་ཐུགས་གྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་ཕྲིན་ལས་སྙིང་པོར་དྲིལ་བ།next