Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ།
   


 
previousབཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ།next

བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ།


JKT014_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།། །།


JKT014_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་མི་ཏཱ་བྷཱ་ཡ། བསམ་གྱིས་མི་ཁྱབ་ཐུགས་བསྐྱེད་ཕྲིན་ལས་མཐུས། །འགྲོ་ཀུན་བདེ་ལྡན་ཞིང་དུ་དབུགས་འབྱིན་པ། །བླ་མ་འོད་དཔག་མེད་ལ་གུས་བཏུད་ནས། །གཞན་ཕན་ཕྲིན་ལས་རིམ་པ་ཅུང་ཟད་དབྱེ། །འདི་ལ་གཉིས། ཚེ་ལྡན་དབང་གི་སྒོ་ནས་རྗེས་སུ་འཛིན་པ་དང་། ཚེ་འདས་སྡིག་སྦྱོང་གི་ཆོ་གས་རྗེས་སུ་འཛིན་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། ཆོ་གར་མ་གཏོགས་པའི་སྦྱོར་བའི་སྐབས་སུ་བྲིས་སྐུའི་མདུན་བུམ་པ་བཅུད་ལྡན་དང་སྐུ་ཙཀ །གཡས་སུ་སྔགས་ཕྲེང་། གཡོན་ཏུ་མེ་ལོང་རྣམས་བཤམ། གཞན་མཆོད་པ་སོགས་འདྲ། ཉེ་ལོགས་གང་བདེར་མཐའ་རྟེན་གྱི་ཙ་ཀླུ་དང་། སློབ་དཔོན་གྱི་མདུན་ཏུ་ལས་བུམ། སློབ་མ་ལ་དགོས་པའི་སྔོན་གཏོར་སོགས་འདུ་བྱ། ཆོ་གར་གཏོགས་པའི་སྦྱོར་བ་དང་། དངོས་གཞིའི་བཟླས་པའི་མཇུག་གི་སྨོན་ལམ་གདབ་པ་ཡན་ཞིང་སྦྱོང་གི་ཆོ་ག་ལྟར་རྒྱས་


JKT014_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཇི་ལྟར་རིགས་པ་གྲུབ་ནས། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅི་ནུས་བཟླས་པས་ལས་བུམ་གྱི་ཆུ་བྱིན་གྱིས་བརླབ་བོ། །གཉིས་པ་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་དང་། ལས་སྔགས་བརྗོད་པས་ཁྲུས་བྱ། སྔོན་གཏོར། ཨོཾ་ཧ་ཡ་གྲི་བ་ཧཱུྃ་ཕྲཊ་ཀྱིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྨ་ཡ་ཛས་མོགྲོན་དགུག །ཨོཾ་སརྦ་བིགྷཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་


JKT014_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བགྱི་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། དང་སུམྦྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུ༔ ཕྱོགས་མཚམས་ཆ་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་བར་གྱུར་པར་བསམ། འོ། རང་གཞན་ཡིད་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལོ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་དབང་བསྐུར་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་འདི་ཉིད་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེ་མཛད་པའི་ཚུལ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་


JKT014_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག ། ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར་རྫོགས་སྨིན་སྦྱང་གསུམ་གྱི་ལེགས་སྤྱད་རྒྱ་མཚོའི་ཕ་མཐར་སོན་ནས། ད་ལྟར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ལས་ཀྱང་ཆེས་ཆེར་ལྷག་པ་དག་པའི་ཞིང་ཁམས་བདེ་བ་ཅན་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་མཚན་ཐོས་ནས་དད་པ་སྐད་ཅིག་ཙམ་སྐྱེས་པས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བུད་མེད་ཀྱི་ལུས་ཐ་མར་འགྱུར་བ་དང་། དགེ་བའི་རྩ་བ་བསྐྱེད་ཅིང་བསམ་པ་ཐག་པས་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་ན་འཆི་འཕོས་མ་ཐག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་མྱུར་དུ་འཚང་རྒྱུ་བ་སོགས་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ལ། མདོ་ལུགས་སུ་ཕྱག་མཆོད་སྨོན་ལམ་གདབ་པའི་ཚུལ་དང་། སྔགས་སུ་རྒྱུད་སྡེ་བཞིར་པདྨའི་རིགས་ཀྱི་གཙོ་བོའི་ཚུལ་དུ་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་གྲུབ་པའི་སློབ་དཔོན་ཆེན་པོ་


JKT014_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྡོ་རྗེ་པདྨ་སཾ་བྷ་བས་འོད་དཔག་ཏུ་མེད་པ་བཀོད་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ་གཙོ་བོར་བརྟེན་ཅིང་། ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་པའི་རྒྱུད་སོགས་དང་མཐུན་པར་བཀྲལ་བའི་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀར་པོའི་ཆོས་སྣང་བའི་སྒོ་དད་མོས་རྩེ་གཅིག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །ཨོཾ། བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང་༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ། རང་རེ་རྣམས་གནས་པའི་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་། གནས་ཁང་འདི་ཉིད་ཀྱང་བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། མདུན་གྱི་ནམ་མཁར་རྨ་བྱས་བཏེགས་པའི་


JKT014_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་། སྐུ་མཚན་དཔེའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་མཐའ་ཡས་བ་ལ་སྙོམས་པར་ཞུགས་པ། བྱང་ཆུབ་ཤིང་ཆེན་རབ་ཏུ་རྒྱས་བའི་གྲིབ་བསིལ་ལ་བརྟེན་ནས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས༔ གཡོན་དུ་ཕྱག་ན་རྡོ་རྗེ། མཐའ་སྐོར་ཀུན་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བླ་མ་མགོན་པོ་འོད་དཔག་མེད༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མར་གྱུར་སེམས་ཅན་


JKT014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིརཿ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད། །ལན་གསུམ། སླར་ཡང་རང་གཞན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསག་པར་བགྱིའོ་སྙམ་པས་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་ལན་གསུམ་མམ་གཅིག །དེ་ནས་འོད་དཔག་མེད་བཀོད་པའི་མདོ་ལས། ཀུན་དགའ་བོ་རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་གཡར་དམ་ལེན་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་རྒྱུའི་གཙོ་བོར་ངེས་པས་ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས། སེམས་ཅན་རྣམས་ལ་ཕན་པ་མང་པོ་


JKT014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །ཞེས་པའི་བར་ཞིང་སྦྱོང་གི་ཆོ་ག་ལྟར་ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ནི་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་པས་རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་བསྒོམ་དུ་གཞུག་པ་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་སོགས་ནས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པའི་བར་ཞིང་སྦྱོང་གི་ཆོ་ག་ལྟར་ལན་ཅིག་བརྗོད་དུ་གཞུག །དེ་ལྟར་རྒྱུད་སྦྱངས་པ་ལ་བརྟེན་ནས། སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཆུ་སྐྱེས་པདྨ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཟླ་བའི་གདན་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་གྱུར་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུའི་ས་བོན་དང་འབྲས་བུའི་བག་ཆགས་རྒྱུད་ལ་བཞག་ཅིང་སྣོད་དང་ལྡན་པར་གྱུར་པ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། གཟུངས་བུམ་ཐོགས་ལ། ཨོ། ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་


JKT014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བསཿ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། སྤྲོ་ན་གཟུངས་སྔགས་བཅས་ཀྱི་མཐར། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་དབང་བསྐུར་བས་སྒྲིབ་གསུམ་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་བརྟན་པར་བྱ་བའི་སླད་དུ། བཅོམ་ལྡན་འདས་ཀྱི་སྨིན་ཚེམཚམས་ནས་རང་འདྲ་བའི་སྐུ་གཉིས་པ་རྒྱལ་བ་སྲས་དང་སློབ་མར་བཅས་བའི་འཁོར་གྱིས་བསྐོར་བ་བྱོན་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཐིམ་པའི་མོས་པ་མཛོད། ཙཀ་ལི་ཐོགས་ལ། ཧཱུྃ། འགྲོ་འདུལ་བདེ་གཤེགས་སྲས་བཅས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་འོད་དཔག་མེད༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཞེས་དབང་བསྐུར། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །གནས་སྐབས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་


JKT014_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཐིམ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། གཟུངས་སྔགས་ཀྱི་རྗེས་ཟློས་ཀྱང་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་པའི་མོས་པ་མཛོད། ཨཱཿ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྔགས་ཕྲེང་མགྲིན་པར་བཞག །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གནས་སྐབས་སུ་ངག་གཟུངས་སྔགས་ཟབ་མོ་བཟླ་བ་ལ་དབང་ཞིང་། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་ཤངས་བུག་གཡས་ནས་ཐོན། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་འོད་ཟེར་འཕྲོ་བ་དང་བཅས་པ་གསལ་ཞིང་འབར་བའི་འོད་ཀྱིས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། རླུང་ཕྱིར་སོང་བ་དང་ལྷན་ཅིག་སླར་ཡང་ཁྱེད་རང་རྣམས་ཀྱི་སྣ་བུག་གཡས་ནས་ཐོན།


JKT014_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་ཧི༔ ཡིག་ལ་ཐིམ་པས་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་མོས་ལ་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་མཛོད། དེ་མཚོན་པར་བྱ་བའི་སླད་དུ་མེ་ལོང་དྭངས་པ་བསྟན་ནས་ཚིག་གི་སྒོ་ནས་ངོ་སྤྲད་པར་བྱ་བ་ཡིན་ཏེ། ཧཱུྃ། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་མེ་ལོང་སྙིང་གར་བཞག །དེས་ཐུགས་ཀྱི་དབང་ཐོབ། །ཡིད་ཀྱི་སྒྲིབ་པ་དག །གནས་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱ་མཚོར་འཇུག་ཅིང་ལྡང་བ་ལ་དབང་། མཐར་ཐུག་མཁྱེན་གཉིས་ཀྱི་ཡེ་ཤེས་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་མོས་གུས་དྲག་པོ་དུང་དུང་བ་བྱས་པས། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཞིག་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་སྐུར་གྱུར་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སྐལ་བ་མཉམ་པར་གྱུར་པ་ལ། ཕྱོགས་བཅུའི་


JKT014_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་རིག་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་བ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་ཞིང་། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་ཀྱང་དགེ་ལེགས་ཀྱི་སྣང་བ་རྒྱས་པར་སྤེལ་བའི་མོས་པ་མཛོད། སོ་སོའི་ཙ་ཀླུ་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང་༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང་༔ སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ ཞེས་སྦྱིན་ཞིང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། དེས་


JKT014_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་ཆོས་སྡེ་དང་རྗེས་སུ་འབྲེལ་བའི་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས། དུས་རྟག་ཏུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལྷག་པའི་ལྷར་བཟུང་ཞིང་ཕྱག་མཆོད་ཐུགས་དམ་བསྐུལ་བ་དང་། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་ཞིང་། དགེ་བའི་རྩ་བ་ཐམས་ཅད་རང་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་རྒྱ་མཚོ་ཞིང་དེར་སྐྱེ་བའི་རྒྱར་ཡོངས་སུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པ་སོགས་སྤྱི་དང་བྱེ་བྲག་གི་བསླབ་བྱ་རྣམས་ལ་ཚུལ་བཞིན་ཏུ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་སླད་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་ཧྥམཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟར་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཕྱག་མཆོད་གསོལ་བ་བཏབ་པ་དང་དབང་བླངས་པ་ལས་བྱུང་བའི་བསོད་ནམས་ཀྱིས་མཚོན་དུས་གསུམ་དུ་བསགས་པའི་ལེགས་བྱས་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུར་ཡོངས་སུ་


JKT014_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་པར་བགྱིའོ་སྙམ་པས་བསྔོ་བ་དང་སྨོན་ལམ་ལྷན་ཅིག་གནང་བར་ཞུ། ཞེས་མཚམས་སྦྱར་ལ་སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཚང་བར་གདབ་ཅིང་། དེ་ཙམ་མི་ནུས་ན། འཇམ་དཔལ་དཔའ་བོས་སོགས་ཤློ་ཀ་གཉིས་དང་། རྒྱལ་བའི་དཀྱིལ་འཁོར་སོགས་བློ་ཀ་གཉིས་ཀྱི་མཐར། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བདེན་པའི་སྟོབས་བརྗོད། སློབ་མ་རྣམས་རང་གནས་སུ་གྱེས།། །།གསུམ་པ་རྗེས་ནི། སློབ་དཔོན་གྱིས་མཆོད་པ་ཞལ་གསོས་ལ། གཏང་རག་འབུལ་བ་ནས་ཤིས་བརྗོད་ཀྱི་བར་ཞིང་སྦྱོང་གི་ཆོ་གའི་གཞུང་ལྟར་རྒྱས་བསྡུས་ཅི་རིགས་ཚང་བར་བྱའོ།། །།གཉིས་པ་ཚེ་འདས་རྗེས་སུ་འཛིན་པ་སྡིག་སྦྱོང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བཤམ་གྱི་སྐབས་དབང་རྒྱས་པར་བསྐུར་ན་གོང་དབང་གི་སྐབས་ལྟར་དང་། བསྡུ་ན་གཟུངས་བུམ་ཁོ་ནས་འཐུས། ཆོ་ག་བློ་བུར་དུ་གཏོང་དགོས་པ་ལྟ་བུའི་ཚེ་བྲིས་སྐུ་སོགས་ཀྱི་རྟེན་མ་འཛོམས་ན། མཎྜ་ལར་ལྷའི་གདན་མཚོན་བྱེད་དུ་མེ་ཏོག་ཚོམ་བུ་ལྔ་བཀོད་པའི་མདུན་གཟུངས་བུམ་བཤམས་པའམ་མདུན་མཁར་གསལ་བཏབ་པས་ཀྱང་རུང་སྟེ་གཞུང་ལས། མ་གྲུབ་ཡིད་ཀྱི་ཆོ་གར་བྱ༔ ཞེས་གསུངས་པས་སོ། །འོན་ཀྱང་ཚོགས་བསག་པའི་སླད་དུ་མཆོད་པ་ནི་ཅི་འབྱོར་གཙང་ཞིང་བཀོད་པས་མཛེས་པར་བཤམ་པ་ཤིན་ཏུ་གལ་ཆེ། ཉེ་ལོགས་གང་བདེར། གཟུགས་བྱང་མིང་ཡིག་ས་བོན་ནི༔ ལུས་ངག་ཡིད་ཀྱི་རྟེན་ཡིན་ཏེ༔ བག་ཆགས་རྟེན་དུ་དྲི་གོས་སམ༔ ཡང་ན་རོའམ་རུས་བུ་བཤམ༔ ཞེས་པ་ལྟར་གྱི་རྟེན་དང་། བགེགས་གཏོར། ཟས་བསྔོ། སློབ་དཔོན་མདུན་ཏུ་ལས་བུམ་བྲབ་རྫས་སོགས་དགོས་པའི་ཡོ་བྱད་


JKT014_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུ་བྱ། ཆོ་གའི་སྦྱོར་བ་ནས་བཟུང་བཟླས་པའི་རྗེས་སྨོན་ལམ་གདབ་པ་ཡན་ཞིང་སྦྱོང་གི་ཆོ་ག་ལྟར་བཏང་། བུམ་བཟླས་ཀྱི་སྐབས་སུ་བྱེ་མ་དང་ཡུངས་ཀར་ལའང་དམིགས་པས་ཁྱབ་པར་བྱས་ཏེ་སྔགས་ཀྱི་ནུས་པ་བསྟིམ། ལས་བུམ་གྱི་ཆུ་ཨོཾ་ཧ་ཡ་གྲི་བ་ཧཱུྃ་ཕ྄ཊ༔ ཅེས་པའི་སྔགས་ཀྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། བསྐྱེད་བསྟིམ་བགེགས་དང་སྡིག་པ་སྦྱང་། །སྐྱབས་གསོལ་དབང་བསྐུར་འདོད་ཡོན་སྦྱིན། །ལམ་བསྟན་གནས་སྤར་བྱང་བུ་བསྲེག །སྨོན་ལམ་བདེན་བརྗོད་སཱཙྪ་བསྒྲུབ། ཅེས་པ་ལྟར་བཅུ་གསུམ་ལས། དང་པོ་རྟེན་བསྐྱེད་པ་ནི། མིང་བྱང་ཨོཾ་ཧ་ཡ་ཤྲཱི་བ་ཧཱུྃ་ཕ྄ཊ་ཀྱིས་བསང་། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ། མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། གཉིས་པ་རྣམ་ཤེས་དགུག་བསྟིམ་ནི། དཀོན་མཆོག་གསུམ་གྱི་བདེན་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེར་འདིར་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། སངས་རྒྱས་འཁོར་བཅས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམས་ལ། ཨོཾ་བཛྲ་ཨཱ་ཀར་ཡ་ཛཿ ཞེས་བརྗོད། །


JKT014_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ་གིས་སྡིག་པ་དགུག །ཛཿཧཱུྃ་བྃ་ཧོས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར་པར་མོས། གསུམ་པ་བགེགས་སྦྱང་བ་ནི། གཏོར་མ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕ྄ཊ་ཀྱིས་བསང་། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱ་ན་བི་ལཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དམིགས་ཡུལ་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕ྄ཊ༔ དང་སུམྦྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་


JKT014_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཤིགས་པར་གྱུར་པར་བསམ། བཞི་པ་སྡིག་པ་སྦྱང་བ་ལ་གསུམ། ཡེ་ཤེས་ཀྱི་མེས་བསྲེག་པ། ཆོས་ཉིད་ཀྱི་རླུང་གིས་གཏོར་བ། བྱང་ཆུབ་སེམས་ཀྱི་ཆུས་བཀྲུ་བའོ། །དང་པོ་ནི། ཚེ་ལས་འདས་པའི་རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་ནག་པོ། གསང་བར་ཡི་དྭགས་ཀྱི་ས་བོན་དྲྭ་དམར་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ། སྙིང་གར་མིའི་ས་བོན་ནི་སྔོ་སྐྱ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་དམར་ལྗང་། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་དྲུག་ལ་ཐོག་མེད་ནས་བསགས་པའི་རིགས་དྲུག་ཏུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བསྡུས་ཏེ་ཐིམ་པས་ཡི་གེ་དེ་རྣམས་ལྡི་ཞིང་མོག་པའི་རྣམ་པ་ཅན་ཏུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་སངས་རྒྱས་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་བས་ཚེ་འདས་ཀྱི་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ་སརྦ་པཱ་པཾ་ཨ་བ་ར་ཎི་བྷ་སྨིཾ་ཀུ་རུ་སྭཱ་ཧཱ༔ གཉིས་པ་ནི། སླར་ཡང་སྔགས་བཟླས་པའི་བྱེ་མ་ཡུངས་ཀར་དང་བཅས་པ་གཏོར་བས་ཆོས་ཉིད་ཀྱི་རླུང་དུ་གྱུར་ནས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་ཡུངས་ཀར་དང་བཅས་བརྡེག་ཅིང་སྔགས་ཀྱི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་


JKT014_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཙྪིནྡྷ་ཙྪིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བརྗོད། གསུམ་པ་ནི། ཁྲུས་བུམ་ལ་གཟུངས་བུམ་གྱི་ཆུ་བསྲེས་པ་ཐོགས་ལ། བུམ་པའི་དབུས་སུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་ཏུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བཀྲུས་པར་གྱུར། ཧཱུྃ། བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བཟོད་པའི་རང་བཞིན་ཏེ༔ ཁོང་ཁྲོའི་དྲི་མ་རྣམ་པར་སྦྱངས༔ ཞེས་དང་། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཚེ་ལས་འདས་པ་དམྱལ་བར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲུས་བྱ། དེ་བཞིན་ཏུ། ཧཱུ། བཀྲ་ཤིས་བུམ་པའི༔ འོད་དཔག་མེད༔ ཆུ་ནི་སྦྱིན་པའི་རང་བཞིན་ཏེ༔ སེར་སྣའི་དྲི་མ སྔགས་མཐར་ཚེ་ལས་འདས་པ་ཡི་དྭགས་སུ་སྐྱེ་བའི༴ ཧཱུྃ། བཀྲ་ཤིས༔ འོད་དཔག༴ ཆུ་ནི་


JKT014_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རང་བཞིན་ཏེ༔ གཏི་མུག་དྲི་མ༔ སྔགས་མཐར་ཚེ་ལས་འདས་པ་དུད་འགྲོར་སྐྱེ་བའི༴ ཧཱུཾ། བཀྲ་ཤིས༔ འོད་དཔག༴ ཆུ་ནི་བརྩོན་འགྲུས་རང་བཞིན་ཏེ༔ ལེ་ལོའི་དྲི་མ སྔགས་མཐར་ཚེ་ལས་འདས་པ་མིར་སྐྱེ་བའི༴ ཧཱུྃ། བཀྲ་ཤིས༴ འོད་དཔག༴ ཆུ་ནི་ཚུལ་ཁྲིམས་རང་བཞིན་ཏེ༔ ཕྲག་དོག་དྲི་མ༴ སྔགས་མཐར་ཚེ་ལས་འདས་པ་ལྷ་མ་ཡིན་དུ་སྐྱེ་བའི༴ ཧཱུྃ། བཀྲ་ཤིས༴ འོད་དཔག༴ ཆུ་ནི་བསམ་གཏན་རང་བཞིན་ཏེ༔ རྣམ་གཡེང་དྲི་མ༴ སྔགས་མཐར་ཚེ་ལས་འདས་པ་ལྷར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། བསྡུ་ན། ཧཱུྃ། །བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་ཕར་ཕྱིན་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱོངས༔ ཞེས་དང་སྔགས་མཐར་ཚེ་ལས་འདས་པ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། ལྔ་པ་ཕྱག་འཚལ་ཞིང སྐྱབས་སུ་གསོལ་བ་ནི། ཚེ་འདས་ཉིད་བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་མི་ཕྱེད་གུས་པའི་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་གྱུར་པའི་མོས་པས། ཉེ་དུ་སོགས་ཡོད་ན་དངོས་སུ་ཕྱག་འཚལ་དུ་གཞུག་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་


JKT014_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ། སྤྲོ་ན་ཞིང་སྦྱོང་གི་ཆོ་གའི་ཕྱག་འཚལ་ཚང་བའམ་དབང་བསྐུར་རྒྱས་པར་མི་བྱེད་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱས་མཐར། བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང་༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་ལན་གསུམ་བརྗོད། དྲུག་པ་དབང་བསྐུར་བ་ལ། རྒྱས་པར་སྤྲོ་ན་གོང་དུ་སྨོས་པའི་རྒྱུད་སྦྱོང་བ་ནས། རྒྱན་གྱི་འཁོར་ལོ་དང་སྐལ་བ་མཉམ་པར་གྱུར་ཞེས་པའི་བར་ཚང་བར་བྱ། བསྡུ་ན། དེ་ལྟར་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་བ་ལ་བརྟེན་ནས། སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཚེ་འདས་ལ་ཕོག་པས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཆུ་སྐྱེས་པདྨ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་


JKT014_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་གྱུར་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུའི་ས་བོན་དང་འབྲས་བུའི་བག་ཆགས་རྒྱུད་ལ་བཞག་ཅིང་སྣོད་དང་ལྡན་པར་གྱུར་པ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བར་གྱུར། གཟུངས་བུམ་ཐོགས་ལ། ཨོཾ། ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏ་དྱ་ཐཱ། ཨ་མི་ཏེ། ཨ་མི་ཏོདྡྷ་བེ། ཨ་མི་ཏ་སྃ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རི། སརྦ་ཀེ་ཤཀ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཋཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་དབང་བསྐུར་བས་སྒྲིབ་གསུམ་བག་ཆགས་དང་བཅས་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པས་ཚེ་ལས་འདས་པ་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་པར་བསམ། བདུན་པ་འདོད་ཡོན་སྦྱིན་པ་ནི། བཟའ་བཏུང་སོགས་ཀྱི་དངོས་པོ་གཙང་མ་ཆབ་ཀྱིས་བྲན། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་།


JKT014_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར་པར་བསམས་ལ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཐམས་ཅད་ནམ་མཁའི་མཛོད་བཞིན་ཏུ ཟག་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤཔ་གནྡྷེ་རྭ་ས་སྤརྴེ་ཨཱཿཧཱུྃ༔ ཞེས་བསྔོ། རྒྱས་པར་སྤྲོ་ན་ཚིགས་བཅད་དང་སྔགས་སོ་སོར་ཕྲལ། ཐམས་ཅད་ནམ་མཁའི་མཛོད་བཞིན་ཏུ། ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། བརྒྱད་པ་ཆོས་བཤད་ཀྱིས་མཚམས་སྦྱར་ཏེ་ལམ་སྦྱང་ཞིང་བསྟན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང་༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས པདྨོ་བཀོད་པའི་ཞིང་དུ་སོང་༔ སྣང་བ་མཐའ་ཡས་ཡེ་ཤེས་དང་༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ དགུ་པ་དྭངས་མ་གནས་སྤར་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཚད་


JKT014_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧྲཱིཿཡིག་གི་རྣམ་པར་གྱུར་པ་སྤྱི་བོ་ནས་དྲངས་ཏེ་མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་སངས་རྒྱས་པར་གྱུར་པའི་མོས་པ་དང་བཅས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་གཞག །བཅུ་པ་སྙིགས་མ་བསྲེག་པ་ནི། ནུབ་ཐ་མར། སླར་ཡང་མདུན་གྱི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་མོས་ལ་མེ་སྦར་ཞིང་། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང་༔ རིག་པ་ཡེ་ཤེས་སྣང་བ་ཡིས༔ ཚེ་འདས་ཉོན་མོངས་བག་ཆགས་ཀུན༔ རང་བྱུང་ཆོས་སྐུའི་ཀློང་དུ་བསྲེག༔ ཨ་ཨ་ཨཿ དང་། ཨོཾ་པདྨ་དྷཱ་རི་ཧཱུྃ༔ཞེས་དང་། སྤྲོ་ན་གཟུངས་སྔགས་བཅས་ཀྱི་མཐར། ཨགྷ་ཡེ་ཛྭ་ལ་ར༔ ཞེས་མེ་སྦར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱང་། །བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། རྒྱས་པར་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་བྱ་ཞིང་། དེ་ཙམ་མི་ནུས་ན། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་འཁྲུངས་པ། །བདེ་བ་ཅན་ཏུ་སྐྱེ་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་


JKT014_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་དམིགས་ཡུལ་དེར་ཐོབ་ཤོག །དེར་ནི་དམིགས་ཡུལ་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །བཅུ་གཉིས་པ་བདེན་སྟོབས་བརྗོད་པ་ནི། དེ་ལྟར་འགྲུབ་པར་བྱེད་པའང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།ཅེས་བརྗོད། བཅུ་གསུམ་པ་སཱཙྪབསྒྲུབ་པ་ནི། བྱང་ཐལ་འཇིམ་པ་གཙང་མ་དང་སྦྱར། གཟུངས་ཀྱི་དྲི་ཆབ་བླུགས་ལ་སཱ་ཙྪ་བཏབ་ཅིང་རབ་ཏུ་གནས་ལ་གཙང་མའི་གནས་སུ་བཞག་གོ །གསུམ་པ་རྗེས་ནི། ཞིང་སྦྱོང་གི་ཆོ་གའི་གཞུང་ལྟར་གཏང་རག་འབུལ་བ་ནས་བསྔོ་སྨོན་བཀྲ་ཤིས་པར་ཚང་བར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། གཞུང་ལས། དེ་ལྟར་བདུན་ཕྲག་ལ་སོགས་པར༔ བསྙེན་རྫོགས་ནུས་དང་སྙིང་བརྩེ་བའི༔ སློབ་དཔོན་རྣལ་འབྱོར་ལྡན་པས་བྱ༔ མཚམས་མེད་སྤྱད་པའི་འགྲོ་བ་ཡང་༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་གནས་སུ་ངེས་འདྲོངས་ན༔ དགེ་བའི་ས་བོན་ལྡན་པ་དག༔ བདེ་འགྲོར་སྐྱེ་བ་སྨོས་ཅི་


JKT014_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དགོས༔ དད་དང་དམ་ཚིག་སྲུང་བ་ནི༔ དག་པའི་ཞིང་དུ་དབུགས་འབྱིན་བྱེད༔ ཅེས་གསུངས་པས་མཚོན་སྤྱི་དང་བྱེ་བྲག་གི་ལུང་གིས་གྲུབ་ཅིང་རིག་པས་དཔྱད་བཟོད་པས་ན་ཡིད་ཆེས་པའི་ངེས་པ་དང་ལྡན་པ་ཉིད་དོ།། །།གྲུབ་པའི་སློབ་དཔོན་ཆེན་པོའི་ཞལ་གྱི་ལུང་། །མདོ་རྒྱུད་ཚད་མའི་གཞུང་ལྟར་ལེགས་ཕྱེ་བའི། །ཚུལ་འདི་འགྲོ་ཀུན་བདེ་ཅན་ཞིང་ཁམས་སུ། །མྱུར་དུ་བགྲོད་པའི་ལམ་བཟང་ཉིད་གྱུར་ཅིག། །།ཅེས་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་གྱི་གསང་བ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆོས་ཀྱི་གན་མཛོད་ཆེན་པོ་ལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་གའི་ཡན་ལག་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་འདིའང་། མཚོ་སྐྱེས་བླ་མ་ཡབ་སྲས་ཀྱི་བྱིན་རླབས་བདུད་རྩིའི་སྣང་བས་བློ་གྲོས་ཀྱི་པདྨོ་ཅུང་ཟད་བྱེ་བ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།


previousབཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ།next