Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
འཆི་མེད་འཕགས་མའི་སྙིང་ཏིག་གི་རྒྱས་པའི་སྦྱིན་སྲེག་ངག་འདོན་ལ་བཅས་བཤམ།
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousའཆི་མེད་འཕགས་མའི་སྙིང་ཏིག་གི་རྒྱས་པའི་སྦྱིན་སྲེག་ངག་འདོན་ལ་བཅས་བཤམ།next

འཆི་མེད་འཕགས་མའི་སྙིང་ཏིག་གི་རྒྱས་པའི་སྦྱིན་སྲེག་ངག་འདོན་ལ་བཅས་བཤམ།


JKT015_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འཕགས་མའི་སྙིང་ཏིག་གི་རྒྱས་པའི་སྦྱིན་སྲེག་ངག་འདོན་ལ་བཅས་བཤམ་ནི། ཡོངས་རྫོགས་འཆི་མེད་སྙིང་ཏིག་ལས། ཚེ་བསོད་ཤེས་རབ་ཡེ་ཤེས་ཀུན༔ མྱུར་དུ་རྒྱས་པར་བྱ་བའི་ཕྱིར༔ བཀྲ་ཤིས་ས་ལ་ཐབ་བཅས་ལ༔ འབྲས་བུ་ཅན་གྱི་དྲི་བཟང་ཤིང་༔ གྲུ་བཞིར་བརྩེགས་ལ་ཡམ་ཤིང་དང་༔ མར་ཁུ་ཞོ་ཟན་འབྲུ་སྨན་དར༔ ཁྱད་པར་དུརྦ་མ་ཉམས་པ༔ བུར་སྦྱང་ཞོ་ཡིས་ལེགས་པར་བྲན༔ ཞེས་གསུངས་པ་ལྟར་དང་། ཉེར་སྤྱོད་སྨན་རག་གཏོར་མ་སོགས་བཤམ། སྒྲུབ་པ་པོ་རྒྱས་པའི་ཆས་དང་ལྡན་པས་ཉི་ཤར་སོགས་སྔ་དྲོའི་ཆར་ཁ་ཤར་དུ་ཕྱོགས་པས་བཟང་པོའི་འདུག་སྟངས་ཀྱིས་འཁོད་པའི་མདུན་དུ་བསང་ཆུ་དང་། དགང་བླུགས་སོགས་འདུ་བྱ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བསང་ཆུ་ལས་བུམ་ཚུལ་བཞིན་དུ་བསྒྲུབ་པའམ། ཨོཾ་ཤྲཱི་པདྨནྟ་ཀྲྀ་ཏ་སརྦ་བིགྷཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་ཅི་རིགས་བཟླས་པས་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བརླབ། ཨོཾ་མ་ཧཱ་བཛྲ་ཧཱུྃ་སོགས་དམ་ཚིག་གསུམ་བཟུང་། མཆོད་སྲེག་གི་རྫས་རྣམས་ལ་བསང་ཆུ་འཐོར་ལ་ལས་སྔགས་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་སེར་པོ། །ཡོངས་གྱུར་རིན་ཆེན་སྣོད་མཆོག་ཏུ། །མཆོད་དང་སྲེག་རྫས་མཁའ་ཁྱབ་སྤྲིན། །ལྷ་ཚོགས་དགྱེས་སྐོར་ནུས་ལྡན་གྱུར། །


JKT015_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཧཱུྃ་གིས་བརླབ། ཨོཾ་ཏཱ་རེ་སོགས་མཐར། བཛྲ་ཛྷཱ་ན་ཛྭ་ལ་རཾ་གྱིས་མེ་སྦར་ཞིང་བསང་སྦྱང་། དབྱིངས་ཀྱི་ཞིང་ལ་ལྷུན་གྲུབ་པའི༔ མེ་ཐབ་ཡེ་ཤེས་འོད་འབར་དབུས༔ མེ་ལྷ་སེར་པོ་རིན་ཆེན་ འཛིན༔ རྒྱས་པའི་བྱིན་ཆགས་དཔལ་བེར་བཞུགས༔ དམ་ཡེ་གཉིས་སུ་མེད་པ་ཡི༔ དགང་བླུགས་འབྲུ་གསུམ་བདུད་རྩིའི་བཅུད༔ རཾ་གྱི་ལྗགས་དང་ལྡན་པས་གསོལ༔ རྒྱས་པའི་ལས་ཀུན་མཛད་པར་གྱུར༔ ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཨཱཧཱུྃ་ཨགེ་རཱ་ཛ་ཨཱ་ཡུཛྙཱ་ན་པུཎྱེ་པྲ་ཛྙཱ་པུཊྚི་ཀུ་རུ་སྭཱ་ཧཱ༔ ཞེས་པ་ཁོ་ནས་མར་ཁུ། ཡམ་ཤིང་། ཞོ་ཟན་འབྲུ་སྨན་དར་ཟབ་རྣམས་བསྲེས་པ་ཉེར་གཅིག་ཙམ་དང་། ཁྱད་པར་གྱི་རྫས་དུརྦ་བརྒྱ་རྩ་བརྒྱད་འབུལ། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། དྲང་སྲོང་ཆེན་པོས་ཡེ་ཤེས་མེར། །བྱིན་རློབས་བསྲེག་བྱའི་རྫས་རྣམས་ཀུན། །ལྷ་ཡི་ཞལ་དུ་སྟོབ་པར་མཛོད། །ཅེས་གསོལ་དགྱེས་པས་ཞལ་བཞེས་ནས། །མེ་ལྷ་འབར་བའི་རྣམ་པར་གྱུར། །འོད་ཟེར་རབ་ཏུ་འཁྱིལ་བའི་དབུས། །རིན་ཆེན་དཔལ་བེའི་གཞལ་ཡས་སུ༔ སྣ་ཚོགས་པདྨ་འདབ་བཞིའི་སྟེང་༔ འཆི་མེད་ཡིད་བཞིན་འཁོར་ལོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལ་ལར་གནས་ཚེ་


JKT015_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་བསྣམས༔ ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན༔ དར་དང་རིན་ཆེན་རྒྱན་གྱིས་མཛེསཿ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་ཟླ་བའི་གདན་ལ་བཞུགས༔ རང་འོད་ཐབས་མཆོག་གར་གྱི་དབང་༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ ཐུགས་ཀར་པད་ཟླའི་གདན་གྱི་སྟེང་། །ཡེ་ཤེས་སེམས་དཔའ་ཚེ་དཔག་མེད། །དཀར་གསལ་མཉམ་གཞག་ཚེ་བུམ་འཛིན། །གཙུག་ཏོར་ནོར་བུའི་འོད་ཕུང་ལས། །རྣམ་རྒྱལ་དཀར་མོ་ལྕགས་ཀྱུ་དང་། །ཚེ་བུམ་ཐོགས་པའི་སྤྲིན་ཕུང་འཕྲོ། །ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང་༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ ལྷོ་རུ་རིན་ཆེན་སྒྲོལ་མ་སེར༔ མཆོག་སྦྱིན་ཨུཏྤལ་རིན་ཆེན་བསྣམས༔ ནུབ་ཏུ་པདྨའི་སྒྲོལ་མ་དམར༔ མཆོག་སྦྱིན་ཨུཏྤལ་ལྕགས་ཀྱུ་བསྣམས༔ བྱང་དུ་ལས་ཀྱི་སྒྲོལ་མ་ནག༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ ཐམས་ཅད་དར་དང་རིན་ཆེན་བརྒྱན༔ ཞི་རྒྱས་དབང་དྲག་ཉམས་དང་ལྡན༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ དེ་ཡི་ཕྱི་རོལ་ཕྱོགས་བཞི་རུ། །པདྨ་ཉི་མའི་གདན་གྱི་སྟེང་༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུའི་སྒྲོལ་མ་ནི༔ དཀར་སེར་དམར་ལྗང་ཞི་ཁྲོའི་ཉམས༔ རང་རྟགས་ཕྱག་མཚན་ཨུཏྤལ་བསྣམས༔ བརྐྱང་བསྐུམ་གར་གྱིས་བདུད་བཞི་བརྫིསཿ དར་དང་རཏྣའི་རྒྱན་གྱིས་


JKT015_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས༔ བར་མཚམས་རྩ་གསུམ་ཆོས་སྲུང་ཚོགས༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ༔ ཉི་མ་དང་ནི་འོད་ཟེར་བཞིན༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས། སྣང་སྲིད་གཞིར་བཞེངས་ཆེན་པོའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ ཀུན་ཀྱང་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཅེས་གསལ་གདབ༔ སྤྱན་འདྲེན་ནས་བསྟོད་པའི་བར་ལས་རིམ་རྒྱས་བསྡུས་ཅི་རིགས་བྱ༔ དགང་བླུགས་ཐོགས་ལ། རིན་ཆེན་དཔལ་བེའི་གཞལ་ཡས་སུ༔ ཚེ་ཡི་ལྷ་ཚོགས་གསལ་བ་ཡིས༔ བསྲེག་བླུགས་བདུད་རྩིའི་རྒྱུན་ཐམས་ཅད༔ རིན་ཆེན་ལྗགས་ཀྱིས་གསོལ་བ་ལས༔ དགྱེས་ཤིང་ལྟེ་བའི་འོད་ཟེར་གྱིས༔ འཁོར་འདས་ཚེ་བཅུད་ཀུན་བསྡུས་ནས༔ ༧བདག་གི་ལུས་ངག་ཡིད་ལ་ཐིམ༔ ཚེ་བསོད་ཡེ་ཤེས་རབ་རྒྱས་ཏེ༔ རྡོ་རྗེའི་སྐུ་རུ་འགྲུབ་པར་གྱུར༔ ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧཱིདྡྷཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཁོ་ནས་མར་ཁུ། ཡམ་ཤིང་། སྦོམས་རྫས་རྣམས་བརྒྱ་རྩ་སོགས་དང་། ཁྱད་པར་གྱི་རྫས་དུརྦ་སྟོང་ཕྲག་སོགས་ཅི་ནུས་ཕུལ། བསྡུ་ན་གཏེར་གཞུང་དངོས་བསྟན་ལྟར། “རིན་ཆེན་དཔལ་བེའི་གཞལ་ཡས་སུ༔


JKT015_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་ལྷ་ཚོགས་སོགས་སྦྲེལ་བ་ལས་བསྐྱེད་ཆོག་རྒྱས་པ་དང་། སྤྱན་འདྲེན་སོགས་མ་གྲུབ་ཀྱང་རུང་། གང་ལྟར་ཡང་རྫས་རྫོགས་པ་ན། གཏོང་རག་གི་མཆོད་བསྟོད། ནོངས་བཤགས། །འཆི་མེད་འཕགས་མའི་དཀྱིལ་འཁོར་པས། །བདག་དང་མཐའ་ཡས་སེམས་ཅན་གྱི། །དུས་མིན་འཆི་བའི་འཇིགས་པ་ཞི། །ཚེ་དཔལ་ཡེ་ཤེས་རྒྱས་མཛད་གསོལ། །ཐབ་ཀྱི་དཀྱིལ་འཁོར་རང་ལ་ཐིམ། །འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར། །ཅེས་བརྗོད་ཅིང་བསམ། བསྔོ་སྨོན་བསྡུ་ལྡང་བཀྲ་ཤིས་རྣམས་ཕྲིན་ལས་ལྟར་མཐར་དབྱུང་ངོ་།། ༈ །།འཆི་མེད་འཕགས་མའི་སྙིང་ཏིག་གི་དངོས་གྲུབ་ལེན་པའི་བཟླས་དམིགས་ནི། བྷཾ་བི་ཤྭ་བི་ཤུདྡྷེ་ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་མཎྜལ་ཕཊ་ཛ༔ ཞེས་ཛཔ་ཁང་ཕྱེ་བ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་དཀྱིལ་འཁོར་བའི་ཐུགས་ཀར་ཐིམ། དངོས་གྲུབ་སྩོལ་བ་ལ་མངོན་དུ་ཕྱོགས་པས་ཡེ་ཤེས་ཀྱི་གཟི་བྱིན་འབར་བཞིན་བཞུགས་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧི༔བྷཾབཛྲ་ཛྷཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ མྱི་ལཱི་ནཱཾ་པཱི་ཏཾ༔ སརྦ་ཏ་ཐཱ་ག་ཏཱ་ཨཱ་ཡུཛྙཱ་ན་མ་ཧཱ་


JKT015_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྱེ་ཏིཥྛ་ཨོཾ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་སྟོང་རྩ་སོགས་ཅི་ནུས་སུ་བཟླ།། ༈ །།དགོངས་གཏེར་སྒྲོལ་དཀར་འཆི་མེད་འཕགས་མའི་སྙིང་ཏིག་སྐོར་ལ་དབང་། ཁྲིད། ལུང་གསུམ། དང་པོ་ནི། རྩ་དབང་ཡེ་ཤེས་ཐིག་ལེའི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དབང་བཞི་ཡོངས་རྫོགས། ཡང་ཟབ་ཚེའི་བྱིན་རླབས་ཀྱི་སྟེང་ནས་སྔོན་འགྲོ་དང་བུམ་དབང་གིས་གཞི་དགོད། ཐོད་པའི་བདུད་རྩི་རིལ་བུ་དང་བཅས་པ་ལ་བརྟེན་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཚེ་འབྲང་གིས་རྒྱས་གདབ་པ་བཅས། ཐུན་མོང་ཚེའི་རྗེས་གནང་གི་སྟེང་ནས་གསོལ་འདེབས། ཚོགས་བསགས། ཡེ་ཤེས་དབབ་བརྟན། ཚེ་འགུགས་བཅས་ཀྱི་རྗེས་སྐུ་གསུང་ཐུགས་ཀྱི་རྗེས་གནང་དབང་བསྐུར་བཅས། ཞར་བྱུང་ས་གཏེར་ཡོངས་རྫོགས་འཆི་མེད་སྙིང་ཏིག་གི་གཏོར་དབང་ཕྱག་ལེན་ལྟར། གཉིས་པ་ནི། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་སྟེང་ནས་ལྷ་ཁྲིད་མདོར་བསྡུས། གསུམ་པ་ནི། ཕྲིན་ལས་ཡེ་ཤེས་སྣང་བ། རྩ་དབང་ཡེ་ཤེས་ཐིག་ལེ། ཡང་ཟབ་ཚེའི་བྱིན་རླབས། ཐུན་མོང་ཚོའི་རྗེས་གནང་བཅས་གཞུང་དང་། བསྙེན་སྒྲུབ་ཀྱི་དྲིས་ལན་ཉུང་ངུ་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བརྒྱུད་འདེབས། མཆོད་ཕྲེང་། སྨན་མཆོད། ཞར་བྱུང་


JKT015_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཏེར་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཆོས་སྡེ་ཡོངས་རྫོགས་འཆི་མེད་སྙིང་ཏིག་བཅས་སོ།། ༈ །།དགོངས་གཏེར་སྒྲོལ་ལྗང་ཟབ་ཏིག་སྐོར་ལ་དབང་། ཁྲིད། ལུང་གསུམ། དང་པོ་ནི། སློབ་མ་རྗེས་བཟུང་གི་སྟེང་ནས་ཕྱི་བྱ་སྤྱོད་དང་མཐུན་པའི་རིག་གཏད། ནང་རྣལ་འབྱོར་རྒྱུད་ལྟར་རིག་པའི་དབང་ལྔ་དང་སྐུ་གསུང་ཐུགས་ཀྱི་དབང་། གསང་བ་བླ་མེད་ལྟར་དབང་བཞི་བྱིན་རླབས་དོན་དབང་གི་ཚུལ་དུ་བསྐུར་བ། མཆོད་བྱང་གི་གཤམ་ལས་འབྱུང་བ་ལྟར་བཀའ་སྲུང་རྡོ་རྗེ་གཡུ་སྒྲོན་མའི་སྲོག་གཏད་བཅས། གཉིས་པ་ནི། ལེགས་སོ་གསུམ་གྱི་དོན་ཁྲིད་ལྟར་ཐོག་མར་དགེ་བ་ལམ་སྟེགས་ལྷ་མི་དང་ཉན་རང་གི་ཐེག་པ་དང་རྗེས་སུ་འབྲེལ་བ་སྐྱེས་བུ་ཆུང་འབྲིང་། བར་དུ་དགེ་བ་ལམ་དངོས་བྱང་ཆུབ་སེམས་དཔའི་ཐེག་པ་སྐྱེས་བུ་ཆེན་པོ། ཐ་མར་དགེ་བ་ཕྱི་བྱ་སྤྱོད་ལྟར་ཚོགས་བསགས་བསྙེན་པ༣ ནང་རྣལ་འབྱོར་རྒྱུད་ལྟར་བྱིན་དབབ། སྒྲུབ་པ་གཉིས་ཕྱི་ནང་གི་སྒྲུབ་པ་ལྟར་དང་། གསང་བ་བླ་མེད་ལྟར་ཁྱད་པར་གྱི་སྔོན་འགྲོ་དང་། དང་པོའི་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད། གསུམ་པ་ནི། སློབ་མ་རྗེས་སུ་བཟུང་བ། འཇིགས་པ་བརྒྱད་སྐྱོབ་ལྷ་དབང་། ཕྱི་ནང་གསང་བའི་སྒྲུབ་ཐབས། །


JKT015_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་གསུམ་གྱི་དོན་ཁྲིད། རྡོ་རྗེའི་ལུང་གི་ངེས་པ། རྡོ་རྗེའི་སྲུང་མའི་མཆོད་བྱང་། སྲུང་མའི་ལས་ཚོགས་ཟབ་མོ་སྟེ་གཏེར་གཞུང་ལེའུ་ཚན་བདུན། གསང་སྒྲུབ་ཀྱི་ལས་བྱང་གཏོང་ཚུལ་ཟིན་བྲིས་བཅས་སོ།། ༈ །།གཏེར་ཆེན་ ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་རྡོ་རྗེ་གླིང་པས་ངོམ་ཤོད་གནམ་ལྕགས་བྲག་གི་རྟ་མགྲིན་ཕུག ་པ་ནས་སྤྱན་དྲངས་པའི་འདུས་པ་སྐོར་བཞིའི་ནང་གསེས་ཡི་དམ་བཀའ་བརྒྱད་འདུས་པ་གསང་བ་ཡོངས་རྫོགས་ཆེན་པོའི་ཆོས་སྐོར་ལ་དབང་ཁྲིད་ལུང་དང་གསུམ་ལས། དང་པོ་ནི། སྒྲུབ་ཁོག་གི་སྟ་གོན་སྔོན་དུ་འགྲོ་བས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་འབུམ་ཆེན་མོ་ལ། ལྷ་དབང་རྒྱས་པ་ཟུར་བཀོལ་དང་དབང་གི་ཐར་མ་སྦྱར་བའི་རྩ་དབང་ཡོངས་རྫོགས། སྒྲུབ་ཁོག་གི་སྒྲུབ་དབང་དང་ཚེ་དབང་། རྣལ་འབྱོར་རྒྱུན་དབང་བུམ་རྒྱ་ཅན། ཟུར་བཀོལ་ནུས་དབང་དང་བཅས་པ་རྣམས་ཤིན་ཏུ་སྨིན་པར་ནོས། གཉིས་པ་ནི། མ་ཧཱ་དང་ཨ་ནུའི་སྒོམ་ཁོག །རྩ་རླུང་ཐིག་ལེ་ཐབས་ལམ་དང་བཅས་པ། ཨ་ཏི་ཡོངས་རྫོགས་སྙིང་པོའི་པྲ་ཁྲིད། བར་དོའི་གདམས་པ། ཐེམས་མེད་རིམ་ལྔ་གདན་རྫོགས་རྣམས་ཁྲིད་ལུང་གི་ཚུལ་དུ་སྩལ། གསུམ་པ་ལ་སྐོར་ཚོ་བརྒྱད་ལས་དང་པོ་ལོ་རྒྱུས་སྒྲུབ་ཆེན་སྐོར་ལ། ཞི་ཁྲོ་ཡོངས་རྫོགས་སྒྲུབ་ཆེན་རྩ་བའི་མདོ་བྱང་། སྒྲུབ་ཆེན་སྟ་གོན།


JKT015_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲང་། རྗེས་མཐའ་རྒྱས་བཅས་སྤྱི་དོན་གསུམ་པ། སྒྲུབ་གཞི་བཟུང་བ། ཡན་ལག་གདམས་པ། ས་དཔྱད། རྟགས་བྱང་། དུས་མཚམས། དབྱངས་བྱང་རྣམས་བཀོལ་བ། །བྱིན་འབེབས་ཕྲ་ཏིག །དཀྱིལ་འཁོར་ཐིག་རྩ། གཉིས་པ་དབང་གི་སྐོར་ལ། མདོ་བྱང་རྩ་བ། དབང་གི་ཐ་རམ་མན་ངག་འབྱེད་འགྲོལ། འཇུག་ཆོག་གི་དབང་བྱང་བཀོལ་བ། ཡོངས་རྫོགས་དབང་འབུམ་ཆེན་མོ། ཞི་ཁྲོའི་ལྷ་དབང་ཟུར་འདེབས། གསུམ་པ་མ་ཧཱ་དང་འབྲེལ་བའི་སྒྲུབ་སྐོར་ལ། བཀའ་བརྒྱད་ཡོངས་རྫོགས་དྲིལ་སྒྲུབ། ཞི་བ་རྡོར་སེམས་སུ་དྲིལ་སྒྲུབ། ཁྲོ་བོ་ཆེ་མཆོག་གི་དྲིལ་སྒྲུབ། དྲག་སྔགས་གདིང་བརྒྱད། དྲག་སྔགས་ཕུར་སྒྲུབ་རྒྱ་མདུད་ཀྱི་རྒྱ་ཅན་ལས་ཕྲན་དང་བཅས་པ། ཡོངས་རྫོགས་ཧཱུྃ་སྒྲུབ་ཟབ་འདྲིལ། དྲག་སྔགས་འདུས་པ་སྤུ་གྲིའི་སྒྲུབ་པ། དེ་དང་འབྲེལ་བའི་རྣལ་འབྱོར་རྒྱུན་དབང་བུམ་རྒྱ་ཅན། དྲེགས་པའི་སྲོག་སྒྲུབ་རྣོ་མྱུར་གཅིག་ཆོད་མ། མ་ཧཱ་རྒྱུད་དང་སྦྱར་བའི་སྒོམ་ཁོག །སྔགས་བྱང་ལྡེ་རྒྱ་ཅན། འཛབ་དགོངས། དམ་བཅའ་བཟུང་བ། གཞལ་ཡས་དོན་བསྟོད། བྱིན་འབེབས་ཆེན་མོ། ཡོངས་རྫོགས་ལས་བྱང་ཆོག་ཁྲིགས། རྒྱུན་བཤགས་ནར་མ། བསྐྱེད་རྫོགས་ཟུང་འབྲེལ་གྱི་པྲ་ཁྲིད། པྲ་ཁྲིད་མདོ་བྱང་རིན་པོ་ཆེའི་རྒྱ་ཅན་རྣམས།


JKT015_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཨ་ནུའི་སྐོར་ལ། ཨ་ནུ་ཡོ་གའི་སྒོམ་ཁོག །ལུས་གནས་རྩའི་གདམས་པ། འགྱུ་བྱེད་རླུང་གི་མན་ངག །ཐིག་ལེ་འབར་འཛག་གཏུམ་མོ། ཆགས་ལམ་བདེ་བ་ཆེན་པོ། རྩའི་དཔེའུ་རིས་རྣམས། ལྔ་པ་ཨ་ཏིའི་སྐོར་ལ། ཁྱིམ་གསུམ་གནད་ཀྱི་མན་ངག །ཨ་ཏིའི་དོན་ཁྲིད། རྫོགས་རིམ་པྲ་ཁྲིད་དོན་གསལ་འཆི་རྟགས་གསལ་བའི་སྒྲོན་མེ། འཆི་བསླུ་དོན་དྲུག་མ། འཕོ་འཇུག་གནད་ཀྱི་མན་ངག །བར་དོའི་མན་ངག་གྲོང་འཇུག་དམར་ཁྲིད། རིམ་ལྔ་གདན་ཐོག་གཅིག་ཏུ་རྫོགས་པར་བསྒོམ་པའི་དམར་ཁྲིད་རྣམས། དྲུག་པ་ཐུན་མོང་གི་ཆོས་སྡེ་ལ། སྨན་སྒྲུབ་བུམ་པའི་རྒྱ་ཅན། །སྨན་གྱི་བགེགས་བསྐྲད་དང་ལྷ་མོ་བཞིའི་བྱིན་འབེབས། གཞལ་བ་རྒྱས་གདབ་རྒྱ་འགྲོལ་རིགས་བཞིའི་བསྐུལ་བྱང་དང་བཅས་པ། མཚན་དོན་བཀོལ་བྱང་། བདུད་རྩིའི་ལས་ཚོགས་དོན་དགུ་པ། བམ་སྒྲུབ་སྤྱི་དོན་དྲུག་པ། གླིང་བཞི་སྤྱི་མདོས་ཆེན་མོ། མདོས་ཀྱི་སྤྱི་སྐོར། རྟེན་གསུམ་བཞེངས་ཐབས། སྐུ་གདུང་སཱཙྪའི་མན་ངག །བདེ་གཤེགས་བཀའ་འཁོར་གྱི་རྩ་བ། སྲུང་བའི་སྔགས་འབུམ། གནོད་སྦྱིན་ཡོངས་རྫོགས་ཀྱི་ནོར་སྒྲུབ། ཞལ་གདམས་གེགས་སེལ་བརྒྱད་པ། དབུལ་སེལ་ཁ་བསྒྱུར། སྟོབས་ལྡན་རླུང་གི་འཁོར་ལོ། ཆར་འབེབས་དང་ཀླུ་གཏོར། ཞྭ་སེར་དང་ཆུ་


JKT015_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ལས་བཞིའི་སྦྱིན་སྲེག །བདུན་ཚིགས་འདྲེན་པའི་མན་ངག །རོ་སྲེག །ནད་གདོན་གཞོམ་པ་རྣམས། བདུན་པ་ཁྲོ་རོལ་ཁ་སྐོང་དང་བཅས་པའི་སྐོར་རྣམས་ནི་དཔེ་མ་འབྱོར་ཅིང་དེའི་སྡེ་ཚན་དུ་གཏོགས་པ། དམོད་བྱང་བཀོལ་བ། ཐུན་མོང་གི་ལས་ཆེན་བརྒྱད་སྒྲུབ་པ། བཀའ་བརྒྱད་རིག་འཛིན་རྣམས་ཀྱི་གསོལ་འདེབས། ཆ་གསུམ། ཆུ་གཏོར། ཐེམས་རྫི་རིན་ཆེན་ཕྲེང་བ་རྣམས་སོ། །བརྒྱད་པ་བཀའ་སྲུང་གི་སྐོར་ནི་འདུས་པ་བཞིའི་ཡ་གྱལ་ཆོས་སྐྱོང་བཀའ་འདུས་དཔལ་མགོན་མ་ནིང་གི་སྐོར་ཟབ་རྒྱས་ཁྱད་པར་འཕགས་པ་གཞན་དུ་བཞུགས་པར་སྣང་། དེ་ལྟར་ཆོས་སྡེའི་འགྲིགས་རིམ་སྨིན་གླིང་གཏེར་ཆེན་གྱི་གསན་ཐོ་དང་བསྟུན་པ་ཡིན་ཀྱང་གསན་ཡིག་ལྟར་ན་གསང་འདུས་རྒྱུད་ཆེན་གྱིས་མཚོན་ཆོས་ཚན་མང་པོ་ཞིག་དཔེ་ལ་མ་ཚང་བར་འདུག་གོ །བརྒྱུད་པའི་རིམ་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། བཀའ་བབས་རིག་འཛིན་བརྒྱད། ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ། བོད་ཀྱི་གྲུབ་ཆེན་བརྒྱད། ལོ་ཆེན་བེ་རོ་ཙ་ན། གཏེར་ཆེན་རྡོ་རྗེ་གླིང་པ། སྤྲུལ་པའི་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་དགྱེས་བཞིན་དུ་


JKT015_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཏུ་སྩལ་བའོ། །རྒྱལ་བ་རིགས་ལྔ་དངོས་དང་མཚུངས་པར་བསྔགས་པའི་གླིང་ཆེན་ལྔའི་ནང་ནས་ཀྱང་གཏེར་སྟོན་གྱི་རྒྱལ་པོ་གསུམ་པར་བྱོན་པ་ངོ་མཚར་རྨད་དུ་བྱུང་བའི་གཏེར་ཆེན་འདི་ཉིད་ཀྱི་གཏེར་ཆོས་ལྟ་བ་ཀློང་ཡངས་ཙམ་ལས་གཞན་གྱི་དཔེ་དང་དབང་ལུང་གི་རྒྱུན་དབུས་གཙང་ཁམས་གསུམ་དུ་བར་སྐབས་ནས་མ་བཞུགས་ཀྱང་། རྩོད་དུས་ཤིན་ཏུ་སྙིགས་མའི་སྐབས་འདིར་བསྟན་འགྲོ་རིས་སུ་མ་ཆད་པའི་དོན་མཛད་པ་ལ་ཐུགས་བསྐྱེད་དང་སྨོན་ལམ་གྱིས་གཞན་ལས་ཁྱད་པར་དུ་བྱས་པ། འགྲན་ཟླ་ཐམས་ཅད་དང་བྲལ་བའི་རིག་འཛིན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད། སྤྱིར་ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་ལུང་གིས་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཅེས་བཀའ་བབས་བདུན་གྱི་མངའ་བདག་ཏུ་བསྔགས་པ་ཇི་བཞིན་དོན་དང་ལྡན་པས་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་མེ་རོ་གསོ་བའི་ཕྲིན་ལས་མངོན་དུ་གྱུར་པ་དང་། བྱེ་བྲག་གཏེར་ཆེན་འདི་ཉིད་ཀྱིས་ཀྱང་ཡེ་ཤེས་ཀྱི་སྐུས་ཡང་ནས་ཡང་དུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས། ཆོས་བཀའ་ཡོངས་རྫོགས་ཀྱི་གཏད་རྒྱ་མཛད་པར་མ་ཟད་ཟབ་ཆོས་འདིའི་སྨིན་གྲོལ་སྩོལ་བའི་སྐབས་སུའང་གུ་རུ་རིན་པོ་ཆེ་དང་རྡོ་རྗེ་གླིང་པ་དབྱེར་མེད་པས་དགྱེས་ཞལ་བསྟན་


JKT015_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དཔལ་མགོན་མ་ནིང་གཙོ་བོར་གྱུར་པའི་དྲེགས་པའི་སྡེ་ཚོགས་དཔག་ཏུ་མེད་པ་ལ་ཟབ་ཆོས་སྤེལ་བའི་ཕྲིན་ལས་སྒྲུབ་པར་བསྒོས་པ་ལྟར་ཞལ་གྱིས་བཞེས་པའི་དགེ་མཚན་གཟིགས་པ་སོགས་སྒོ་དུ་མ་ནས་བྱིན་རླབས་ཉེ་བརྒྱུད་ཁྱད་པར་འཕགས་པར་ཡིད་ཆེས་ཤིང་ཁུངས་བཙུན་པས་ཕྱིན་ཆད་འབྱོན་འགྱུར་རྣམས་ཀྱིས་གླེགས་བམ་བཞེངས་པ་དང་འཆད་ཉན་སྒོམ་སྒྲུབ་སོགས་ཀྱི་སྒོ་ནས་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་བསྐྱང་བ་སྙིང་ནས་གསོལ་བ་ལགས། ལར་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་གསང་བ་ཡོངས་རྫོགས་ཆེན་མོ་དང་འདིའི་གཞུང་ཕལ་ཆེར་ཞུས་དག་ཕེར་བར་བཞུགས་ཤིང་། དབང་གི་སྐབས་ཀྱང་འདིར་ལྷ་དབང་ཆེན་མོ་ལྷག་པོར་གྱུར་པའང་ཉང་གཏེར་བདེ་གཤེགས་འདུས་པའི་མདོ་བྱང་དང་ཆ་འདྲ་བས་རིང་བརྒྱུད་བརྒྱུད་པའི་ཆུ་བོ་གསུམ་འདུས་སུ་བྱས་ཀྱང་རུང་བ་ཡིན་ནོ། ༈ །གྲུབ་ཆེན་རིན་པོ་ཆེའི་སྙིང་པོ་སྐོར་ལྔའི་བླ་སྒྲུབ་དབང་ལ། ཁྲུས། བགེགས་བསྐྲད་བསྲུང་། བབས་ལུགས་ཆོས་བཤད། མཎྜལ་གསོལ་གདབ། འཇུག་སྒོ་ཁྲུས་དབང་། སྒྲོན་མེ། ཆུ་སྦྲེང་། རྡོ་རྗེ་རྣམས་ཀྱིས་མ་རྟོགས་ལོག་རྟོག་སྦྱང་། སྐྱབས་འགྲོ། མཁར་གསིལ་ལྷུང་བཟེད་ཆོས་གོས་གླེགས་བམ་གྱིས་ཉན་ཐོས་དང་། རྟེན་འབྲེལ་བཅུ་གཉིས་གཟུགས་ཀྱིས་རང་རྒྱལ་ཕྱོགས་རྟོགས་སྦྱང་།


JKT015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སེམས་བསྐྱེད་དོན་དམ་སེམས་བཟུང་རྣམས་ཀྱིས་ཇི་བཞིན་མ་རྟོགས་ཐེག་ཆེན་སྦྱང་། འཇུག་སྒོའི་བུམ་པ་ནས་རང་རྒྱལ་ཡན་གྱི་དབང་ཕྱི་འཇུག་གི་སྐབས་ཡིན་པ་ལྟར་རྫས་དབང་རྣམས་ཡོལ་བའི་ཕྱིར་བཤམས་ན་ལེགས། མིག་དར། མེ་ཏོག །སྡོམ་གཟུང་། ནང་འཇུག་སྒོ་དབྱེ། དམ་ཆུ། ཡེ་ཤེས་དབབ་བརྟན། མེ་ཏོག་འབུལ། མིང་གདགས། མིག་དབྱེ། དཀྱིལ་འཁོར་བསྟན། མཎྜལ། གསོལ་གདབ།བགེགས་སྡིག་སྦྱང་བ་གུལ་ཡུངས་ཏིལ། ཁྲུས། ཤིས། བྱ་སྤྱོད་བུམ་ཆུ་དང་། རིན་ཆེན་དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་བཅས་ཀྱིས་འདུལ་བ། རྣལ་འབྱོར་རྡོར་དྲིལ། ཆུ་དབང་ཤིས་བརྗོད་བཅས་དགོངས་པ། རྣལ་འབྱོར་ཆེན་པོར་ཡེ་ཤེས་དབབ་བསྟིམ། སྡོམ་གསུམ་ཆས་གོས། གཙོ་བོའི་སྐུ། ཏམའི་གླེགས་བམ། མེ་ལོང་། བརྟན་བྱེད་བུམ་དབང་། མཆོད་ཤིས་བཅས་གསང་བ་དང་པོ། རྗེས་སུ་རྣལ་འབྱོར། གསང་རྫས། རིག་མ། ཚིག་དབང་བཅས་རང་བཞིན་གསང་ཆེན་ཏེ་དབང་བཞི་རྫོགས། རྗེས་གཏོར་དབང་། གཏོར་ཟན། ཚེ་དབང་ལ། ཚེ་འགུགས། ཚེ་བུམ། ཚེ་རིལ་ཆང་། བསྟིམ་སྲུང་། བཀྲ་ཤིས་རྫས་རྟགས་སྣ་བདུན་བཅས་མངའ་གསོལ། དམ་ཚིག་ཁས་བླང་། མཎྜལ། ཡོན་འབུལ་བཅས་གྲུབ། ༈ །གུར་དྲག་མན་གྱི་དབང་རྣམས་རྩ་


JKT015_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་སྦྲེལ་ན་ཆོག་ཀྱང་སྟབས་མི་བདེ་བས་རེ་རེ་ནས་སྒྲུབ་མཆོད་དང་བཅས་བསྐུར་ན་ལེགས་པས། སོ་སོར་འཇུག་པའི་སྐབས། མིག་དར། མེ་ཏོག །གསོལ་གདབ། སྐྱབས་སེམས། སྡོམ་གཟུང་། ཡོལ་བ་བསལ་ནས་ནང་འཇུག །ཕྱག །༤ཡེ་ཤེས་དབབ་བརྟན། མེ་ཏོག་འདོར། མིག་དབྱེ། དཀྱིལ་འཁོར་བསྟན། དངོས་གཞིར་བླ་མ་དྲག་པོ་ལ། བུམ་པ། སྐུ་ཙཀ་དཔའ་གཅིག །བགྲང་ཕྲེང་དང་སྔགས་བྱང་། གནམ་ལྕགས་རྡོ་རྗེ། གསང་རྫས། རིག་ཙཀ །མཐའ་རྟེན་སྒྲོལ་དབང་ལ་གདབ་ཕུར། སྐུལ། གསེར་གཟུ། བྲུབ་ཁུང་དུ་ལིངྒ་བསྐྱེད་བསྟིམ། ཕོ་ཉ་བསྐུལ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། བྱ་འུག་སྒྲོ། ཐུན་ཁྲག །ལས་ཕུར། ཐུན། བསད་གྲི། ཐུན་རྫས། ཧོམ་གཟར་ཞལ་བསྟབ། གཏོར་དབང་བཅས་ཀྱིས་གྲུབ། ཕྱི། །ཐུགས་རྗེ་ཆེན་པོ་མན་གྱི་ཆིངས་འཇུག་པ་སོགས་གུར་དྲག་སྐབས་ལྟར་ལ། སྐུ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ་དཀར་པོ་གསང་ཡེ་ཌར་ཐོད་བསྣམས་པས་འཁྲིལ་བ། སྔགས་ཕྲེང་། ཕྱག་མཚན་ཕྲེང་བད། གསང་རྫས། རིག་ཙཀ །མཐའ་རྟེན་སྐྱེ་བདུན་རིལ་བུ། གཏོར་དབང་བཅས་ཀྱིས་གྲུབ། ༈ །རྟ་མགྲིན་ལ། སྐུ་གསང་སྒྲུབ་སྐྱེར་སྒང་ལུགས་ཡུམ་ཕག་མཐིང་གྲི་ཐོད་


JKT015_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་འཁྱུད་པ། སྔགས་ཕྲེང་། ཐུགས་ཕྱག་མཚན་རྡོ་རྗེ་ཁ་ཊཾ་རེའུ་ཆུང་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས། གསང་རྫས། རིག་ཙཀ །གཏོར་དབང་། གདབ་ཕུར། གདབ་ལས་མདོར་བསྡུས། དྲག་ཤིང་ལ་ཧོམ་སྦར་བར་བསྲེག །ཟོར་འཕང་། མཐའ་སྡུད་རྟ་བྲོ་རྒྱས་པར་དགོས། ༈ །ཕག་མོ་ལ། བདུད་རྩིའི་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། དམ་རྫས་སྦྱིན་པ་གསང་དབང་། སིནྡྷ་རའི་མཎྜལ་སྔགས་ཨོཾ་གསུམ་མ་དང་བཅས་ལྟེ་བར་གཏད་ཅིང་ཐིག་ལེ་བྱ་བ་ཤེར་དབང་། ངོ་སྤྲོད་བཞི་པ་མཐའ་རྟེན་སྐུ་ཕག་དམར། ཐོད་ཕྲེང་། མེ་ལོང་། སྨན་རག་གཏོར་མ་མར་མེ། བདུད་རྩི་རིལ་བུའི་ཐོད་པ་བཅས་ཀྱིས་གྲུབ་སྟེ། དབང་ཁྲིད་སོགས་ཀྱི་སྐབས་འདི་ལྟར་ངེས་པར་དགོས། མོས་སྒོམ་ཙམ་ལ་གཞུང་གསལ་ལྟར་མཎྜལ་གསོལ་གདབ་ཀྱི་རྗེས་སྐྱབས་སེམས་སྡོམ་གཟུང་། ཡེ་ཤེས་དབབ་བརྟན་བུམ་དབང་། སྐུ་གསུང་ཐུགས་དབང་། གཏོར་དབང་ཙམ་སྦྲེལ་བས་འཐུས་ཤིང་། རྐྱེན་སེལ་ལྟ་བུར་གཏོར་དབང་རྐྱང་པ་བསྐུར་བས་ཀྱང་རུང་བ་ལྟར་སྐབས་ཕྱེད་པར་བྱའོ།། །།


previousའཆི་མེད་འཕགས་མའི་སྙིང་ཏིག་གི་རྒྱས་པའི་སྦྱིན་སྲེག་ངག་འདོན་ལ་བཅས་བཤམ།next