Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་སྨིན་གྲོལ་གྱི་ས་བཅད་ཟིན་ཐོར་སྤེལ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousགྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་སྨིན་གྲོལ་གྱི་ས་བཅད་ཟིན་ཐོར་སྤེལ་བ།next

གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་སྨིན་གྲོལ་གྱི་ས་བཅད་ཟིན་ཐོར་སྤེལ་བ།


JKT015_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་སྨིན་གྲོལ་གྱི་ས་བཅད་ཟིན་ཐོར་སྤེལ་བ་བཞུགས། །


JKT015_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མའི་བཀའ་བབས་བདུན་གྱི་ནང་ནས་ཟབ་མོ་དགོངས་པའི་གཏེར་མང་དུ་བཞུགས་པ་ལས་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལ་རྩ་བ་དང་ཡན་ལག་གཉིས། རྩ་བ་ནི་གྲུབ་ཐོབ་ཆེན་པོའི་བླ་སྒྲུབ་སྨིན་གྲོལ་ཡན་ལག་དང་བཅས་པ་བཞུགས་ཤིང་། དེའང་གྲོལ་བྱེད་ཁྲིད་ལའང་རྩ་བ་དང་ཡན་ལག་གཉིས། རྩ་བ་བསྐྱེད་རིམ་སྣང་སྟོང་དྲྭ་བ། རླུང་དང་གཏུམ་མོ་གསལ་སྟོང་དྲྭ་བ། ཐབས་ལམ་བདེ་སྟོང་དྲྭ་བ། རྫོགས་པ་ཆེན་པོ་ཡེ་ཤེས་དྲྭ་བ་སྟེ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་དྲྭ་བ་རྣམ་བཞི། ཡན་ལག་ལྟ་བ་དབུ་མ་ཆེན་པོ་བརྒྱད་སྟོང་པའི་སྙིང་པོ་རྣམ་ཐར་སྒོ་གསུམ་དང་སྦྱར་བའི་ཁྲིད། བསྒོམ་པ་ཕྱག་རྒྱ་ཆེན་པོ་གྲྭའུ་མ། སྤྱོད་པ་


JKT015_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙོམས་ཆེན་པོ་ཐང་སྟོང་སྙན་བརྒྱུད་ཀྱི་གཅོད་ཡུལ། བོགས་འདོན་ཐབས་ལམ་ཆེན་པོ་ནི་གུ་ཆོས་དྲུག །འབྲས་བུ་རྫོགས་པ་ཆེན་པོ་ དགོངསཟངཐལ ་གྱི་སྙིང་པོ་བཅས། ཡན་ལག་སྐོར་ལ་རྒྱུད་སྡེ་སྒྱུ་འཕྲུལ་དང་འབྲེལ་བའི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་ལམ་རིམ། སྒྲུབ་སྡེ་བཀའ་བརྒྱད་རྒྱུད་ལུང་མན་ངག་སྨད་ལས་དང་བཅས་པ་ཆོས་ཚན་གཅིག་ཏུ་རྫོགས་པ། དེ་རྣམས་ཀྱི་བཀའ་སྲུང་ལྕགས་ཟམ་པའི་ལུགས་ཀྱི་མགོན་པོ་བདུན་རྫོགས་དམ་ཅན་སྡེ་བདུན་གཅིག་ཏུ་བསྡུས་པ་བཅས་ཟབ་རྒྱས་སུ་བཞུགས་པ་ལས། སྒྱུ་འཕྲུལ་གསང་བ་སྙིང་པོའི་མན་ངག་གི་གཞུང་དང་རྒྱབ་བརྟེན་ཟུང་དུ་འབྲེལ་བ་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་འཆད་པ་ལ་གཉིས།


JKT015_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཁྲིད་ཀྱི་རིམ་པ་དང་། རྒྱབ་བརྟེན་བཤད་པའི་རིམ་པ་གཉིས། དང་པོ་མན་ངག་ཁྲིད་ཀྱི་རིམ་པ་ལ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ་སོགས་གསུམ། དང་པོ་ལོ་རྒྱུས་ཀྱི་སྒོ་ནས་ཡིད་ཆེས་བསྐྱེད་པ་ལ། ལོ་རྒྱུས་ལུང་གི་ངེས་པ་དངོས་དང་། བྱེ་བྲག་དབང་གི་སྐབས་སུ་དབང་གི་ཆུ་བོ་བཞིའི་བབས་ལུགས་བཅས་སྦྱར་ནས་བཤད། གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་རྩ་བ་བླ་མ་ཞི་བའི་ཐེག་པ་བཅུ་གཅིག་གི་དབང་མཐའ་རྟེན་དམ་ཚིག་གི་རྣམ་བཞག་བཅས། འདི་ལ་སློབ་མ་སྟ་གོན་གཞན་དུ་ཞལ་འཕང་བ་བཀའ་མའི་སྒྱུ་འཕྲུལ་ལས་བསྡུས་ཏེ་བྱ་བའམ་གཏེར་ཁ་ནང་ཕན་ཚུན་གཅིག་པ་ཞིག་སྦྱར་ན་ཆོག །ཡན་ལག་གི་དབང་ལ་གུར་དྲག་མན་རང་གཞུང་ལྟར་དོན་དབང་གིས་ཆོག་ཀྱང་ཁོལ་དུ་ཕྱུངས་ནས་བསྐུར་ན་དཀྱིལ་འཁོར་འཇུག་པའི་སྐབས་མིག་དར་མེ་ཏོག །གསོལ་གདབ། སྐྱབས་སེམས། སྡོམ་བཟུང་། ཡོལ་བ་བསལ་ནས་ནང་འཇུག །ཕྱག་བཞི། དམ་ཆུ། ཡེ་ཤེས་དབབ་བརྟན། མེ་ཏོག་འདོར། མིག་དབྱེ། དཀྱིལ་འཁོར་བསྟན་པ་རྣམས་ཁ་སྐོང་། ལམ་མོས་སྒོམ་པ་སྒོམ་དང་རྐྱེན་སེལ་སོགས་ལ་བུམ་དབང་ཙམ་ལ་མཐའ་རྟེན་གཏོར་དབང་སྦྱར་བས་ཆོག་ཀྱང་། ལམ་ངེས་རྫོགས་སམ་སྨིན་བྱེད་དཀྱུས་ལ་དབང་གོང་མ་གསུམ་ངེས་པར་སྦྱར་དགོས། །


JKT015_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རྟེན་གུར་དྲག་ལ་རང་གཞུང་ལྟར་གདབ་ཀ་རྒྱས་པར་བྱ་བ་དང་། རྟ་མགྲིན་ལ་གདབ་ཁ་མདོར་བསྡུས་དང་བཟློག་བྱང་རྟ་བྲོ་བཅས་རྒྱས་པར་བྱ་ལ། ཐུགས་རྗེ་ཆེན་པོ་ལ་མྱོང་གྲོལ་སྐྱེ་བདུན་དབང་། ཕག་མོ་ལ་བུམ་གསང་གཉིས་བདུད་རྩི་རིལ་བུ་ལ་བརྟེན་པ་འདི་རིགས་དངོས་རྫས་གལ་ཆེ། གསུམ་པ་གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པའི་ཁྲིད་བླ་མ་ཞི་བའི་གཞུང་ལྟར་ཉམས་ལེན་གྱི་གཞི་བཅའ་བ་དང་། ལམ་དངོས་གཉིས། ཕྱི་མ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། སྔོན་འགྲོ་ལ། ཐུན་དང་ཁྲིད་ཀྱི་སྔོན་འགྲོ་གཉིས། ཁྲིད་ཀྱི་སྔོན་འགྲོ་ལ་ཐུན་མོང་དང་ཐུན་ཟམོང་མ་ཡིན་པ་གཉིས། ཐུན་མོང་ངེས་འབྱུང་གི་བསམ་པ་བསྐྱེད་པ། རྒྱུད་དལ་འབྱོར་རྙེད་དཀའ། རྐྱེན་མི་རྟག་པ། ངོ་བོ་ངེས་འབྱུང་། འབྲས་བུ་ལས་འབྲས་བླང་དོར་གྱི་བློ་ལྡོག་རྣམ་བཞི་སྤྱི་ལྟར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐར་པའི་ལམ་གྱི་རྩ་བ་སྐྱབས་འགྲོས་རྟེན་བྱས་ནས་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ལ་བརྟེན་སེམས་བསྐྱེད་གཉིས་དམིགས་རྣམ་སྤྱི་ལྟར་ངག་འདོན་ཕྲིན་ལས་ལྟར་སྡིག་ལྟུང་སྦྱོང་བ་རྡོར་སེམས་སྒོམ་བཟླས་སྦྱོར་དངོས་མཇུག་གསུམ་སྤྱི་ལྟར་ལ། ངག་འདོན་ཕག་མོའི་སྐོང་བཤགས་ནས་ལེན། མཎྜལ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ་སོགས་རྣམ་བཞག་དང་


JKT015_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྤྱི་ལྟར། ངག་འདོན། ཨོ་ཨཱཧཱུྃ༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་དང་༔ བྱང་ཆུབ་སེམས་ཀྱི་མཎྜལ་ལ༔ དཀོན་མཆོག་རྩ་གསུམ་རྒྱ་མཚོར་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཙ་ཧོ༔ བསགས་སྦྱངས་དབྱེར་མེད་བླ་མའི་རྣལ་འབྱོར་ལ། སྦྱོར་བ་ཚོགས་རྟེན་གསལ་གདབ་པ་རྒྱས་བསྡུས་གཉིས་ལས་རྒྱས་པ་སྐྱབས་ཡུལ་ལྟར་ཁྲོམ་ཚོགས་སུ་གསལ་བཏབ་ཀྱང་རུང་མོད། འདིར་བསྡུས་པའི་དབང་དུ་བྱས་ན། ཨེ་མ་ཧོ༔ སྣང་སྲིད་ཐམས་ཅད་པདྨ་དྲྭ་བའི་ཞིང་། །ཡིད་འཕྲོག་མཆོད་སྤྲིན་འཇའ་ཟེར་ཐིག་ལེར་བརྡལ། །རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་རབ་དམར་ཁྲོ་འཛུམ་མཆེ་བ་གཙིགས། །སྤྱན་གསུམ་དམར་ཟླུམ་རྗེས་ཆགས་ནམ་མཁར་གཟིགས། །དབུ་སྐྲ་ཐོར་ཅོག་ལྷག་མ་སྐུ་རྒྱབ་གྲོལ། །རྣ་ལྟག་གཡས་སུ་ཕག་ཞལ་བཞད་ཅིང་ངུར། །ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བསྣམས། །གྲུ་མོ་གཡོན་ན་ཁ་ཊཱ་འོད་འབར་འཆང་། །སྐུ་ལ་རུས་པའི་ཕྱག་རྒྱ་རྣམ་ལྔ་དང་། །ཐོད་སྐམ་དབུ་རྒྱན་དོ་ཤལ་རིང་དུ་གཡོ། །དར་གྱི་ཅོད་པན་མེ་ཏོག་ཕྲེང་བས་བརྒྱན། །ཞབས་ཟུང་སྐྱིལ་ཀྲུང་བྱེད་པའི་གར་སྟབས་ཀྱིས། །པདྨ་ཉི་མ་བམ་རོའི་གདན་


JKT015_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟེང་། །ཡེ་ཤེས་མེ་ཕུང་འབར་བའི་དབུས་ན་རོལ། །མདུན་གྱི་ནམ་མཁར་འཇའ་ཟེར་འོད་ཕུང་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། །དཀར་དམར་མདངས་ལྡན་ཞི་འཛུམ་ཁྲོས་པའི་ཉམས། །ཕྱག་གཡས་རྡོ་རྗེ་ཐུགས་ཀའི་སྟོད་དུ་འཛིན། །གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས། །གྲུ་མོ་གཡོན་དུ་སྦས་ཡུམ་ཁ་ཊཾ་བརྟེན། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་དང་། །སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམ་ཀླུབས། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ངོ་བོར་གསལ། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་དབྱེར་མེད་གྱུར། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ནས། གུ་རུ་པདྨ་སིདྡྷི་ཧཱུྃ༔ དངོས་གཞི་ཚོགས་རྫོགས་པའི་སླད་དུ་ཡན་ལག་བཅུ་པ་བྱེད་པར་སྤྲོ་ན། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས། །སོགས་ཕྲིན་ལས་ལྟར། བྱིན་རླབས་འཇུག་པའི་སླད་དུ་གསོལ་བ་འདེབས་པ་སྤྲོ་ན། བརྒྱུད་པའི་གསོལ་འདེབས་དང་། གསོལ་འདེབས་ལེའུ་བདུན་མ་ཚང་བའམ་ཁོལ་ཕྱུངས་ཅི་རིགས་པ་བྱ། གང་ལྟར་ཡང་ཚིག་བདུན་གསོལ་འདེབས་དང་། གསོལ་འདེབས་ཀྱི་སྙིང་པོ་བཛྲ་གུ་རུ་ཆིག་སྒྲིལ་དུ་བྱ། མཇུག་དབང་བླང་བ་ནི།


JKT015_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ལས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །དེ་ཁོ་ན་ཉིད་ལ་བློ་བཞག་པ་ངག་འདོན་བྱ་བར་སྤྲོ་ན། བླ་མ་ཨོ་རྒྱན་ཆེན་པོ་ཉིད། །དགྱེས་པ་ཆེན་པོ་རང་ལ་ཐིམ། །རང་ཡང་ཀུན་གཞི་མ་བཅོས་པའི། །ངང་ལ་ཡིད་ནི་འཛིན་པ་བྲལ། །ཆོས་ཀྱི་སྐུ་ལ་༧གཉིས་སུ་མེད། །ཅེས་བརྗོད་ཅིང་དགོངས་པ་བསྐྱངས། སྔོན་འགྲོ་ཁོ་ནའི་ངག་འདོན་སྐབས། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་རྒྱས་བསྡུས་ཅི་རིགས་པ་བྱ། གཉིས་པ་དངོས་གཞི་ཉམས་སུ་བླང་བ་ལ། སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་སོགས། ལམ་གྱི་རིམ་པ་འབྲེལ་བསྒྲིགས་ནས་ཉམས་སུ་བླང་བ་ལ་གསུམ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ། ཞར་བྱུང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ནི། གཞུང་དང་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་མན་ངག་ལྟ་བའི་ཕྲེང་བ་ལྟར་སྦྱང་གཞི་འཇིག་རྟེན་དང་སྦྱོང་བྱེད་འཇིག་རྟེན་ལས་འདས་པའི་ཐེག་པའི་རིམ་པ་བཅུ་གཅིག་སྔ་མ་སྔ་མ་རྣམས་ཀྱི་ལོག་རྟོག་བསལ་ནས་ཕྱི་


JKT015_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དགོངས་པ་ལ་རིམ་པར་འཁྲིད་ཅིང་། མཐར་ཐུག་མ་ཧཱའི་ཨ་ཏི་རྫོགས་པ་ཆེན་པོ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་རྣམ་ཤེས་ཀྱི་ཕྲེང་བའམ་རྣམ་ཤེས་ལམ་དུ་ཁྱེར་བ་བསྐྱེད་པའི་རིམ་པ་སྒྲུབ་ཐབས་དང་སྦྱར་བའི་དབང་དུ་བྱས་ན། སྦྱོར་བའི་ཆོས་དགུ་ཕྲིན་ལས་ལྟར་དང་། དངོས་གཞི་བསྐྱེད་རིམ་ལ་འཇུག་པའི་རིམ་པ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ནས་དམ་ཡེ་དབྱེར་མེད་ཀྱི་ཚུལ་དུ་བྱས་ཏེ་དམིགས་པའི་ལྷའི་སྣང་ཞེན་ལ་བསླབ་ཏུ་རུང་མོད། ཕྲིན་ལས་ཀྱི་གཞུང་དང་སྦྱར་ནའང་ལེགས་པས་དེ་ལྟར་ན་གནས་གསུམ་བྱིན་བརླབ། རྒྱས་གདབ་དབང་བསྐུར། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནས་བསྟོད་པའི་བར་ཤར་སྒོམ་གྱི་ཚུལ་དུ་ཉམས་སུ་བླང་། གནས་པའི་རིམ་པ་ནི་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་སྟེ། དེ་ལའང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་ལས། རྣམ་པ་གསལ་བ་རྣམ་པ་སྤྱི་ལ་སེམས་འཛིན་པས་ཐ་མ་ལ་སྣང་ཙམ་གྱི་བག་ཆགས་སྦྱོང་། རྣམ་པ་བྱེ་བྲག་ལ་སེམས་བཟུང་བས་དེར་ཞེན་པའི་བག་ཆགས་སྦྱོང་བ་ནི་བསྐྱེད་རིམ་གྱི་དངོས་གཞི་སྔགས་ཀྱི་ཞི་གནས་སྒྲུབ་པའི་ཐབས་ཁྱད་


JKT015_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཡིན་ལ། དེ་ཡི་ཡན་ལག་ཏུ་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ང་རྒྱལ་བརྟན་པ་དང་། བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་དང་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བར་བྱེད་པ་དག་པ་དྲན་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་གཟེར་བཏབ། དེའི་ཡན་ལག་ཏུ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་པ་བླ་མ་ཞི་བའི་གཞུང་ལས་སོ་སོར་གསལ་བར་གསུངས་པ་ལྟར་སྙིང་པོ་སྔགས་ཀྱི་: གཟེར་དང་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་བཏབ། གཞན་རྣམས་ལ་བསྙེན་སྒྲུབ་ལས་གསུམ་གསུངས་པ་དོན་ཐོབ་ཀྱིས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ལའང་སྦྱར་དུ་རུང་མོད། དམིགས་པའི་གཙོ་བོ་རང་གཞུང་ལྟར་བྱ། གང་ལྟར་ཡང་ལྷ་དང་བདག་གཉིས་དབྱེར་མེད་དུ་ཤེས་པས་དགོངས་པ་མི་འགྱུར་བའི་གཟེར་བཏབ་པ་སྟེ། འདི་རྣམས་སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། །ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཁྲིད་དུ་བྱས་ན་རྣམ་པ་གསལ་བར་འགྱུར། གསུམ་པ་ཡེ་ཤེས་ཀྱི་ཕྲེང་བའམ་ཡེ་ཤེས་ལམ་དུ་ཁྱེར་བ་རྫོགས་པའི་རིམ་པ་ལ་གཉིས། ཞུ་བདེ་ལྷན་སྐྱེས་ཀྱིས་དཔེའི་འོད་གསལ་འདྲེན་པ་དང་། རང་བཞིན་ལྷན་སྐྱེས་ཀྱིས་དོན་གྱི་ཡེ་ཤེས་མངོན་དུ་བྱ་བའོ། །དང་པོ་ལ་གཉིས། སྦྱོར་བ་གསང་དབང་གི་ལམ་རླུང་དང་གཏུམ་མོ་བསྒོམ་ཚུལ་གཞུང་གསལ་ལྟར་ལ། །


JKT015_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའི་དམིགས་པ་སྙིང་པོའི་རྒྱུད་ལས། འཁོར་ལོ་གསུམ་གཉིས་སོགས་གསུངས་པ་ལྟར་སྟེང་སྒོ་རྣམ་གྲོལ་གྱི་ལམ་རྒྱུ་དྲོད་ཀྱི་གཏུམ་མོ། རྐྱེན་བདེ་བའི་གཏུམ་མོ། རང་འབྲས་མི་རྟོག་པའི་གཏུམ་མོ་རྣམས་རིམ་པར་ཉམས་སུ་བླང་། གཉིས་པ་དངོས་གཞི་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་རྩ་ཐོ་ཙམ་གཞུང་གསལ་ལྟར། དབང་བཞི་བའི་ལམ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་གཏན་ལ་འབེབས་པ་ལའང་། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་བླང་བ། སྤྱོད་པས་བོགས་དབྱུང་བ་རྣམས་གཞུང་ནས་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བསྟན་པ་ལྟར་ཉམས་སུ་བླང་། །བསྐྱེད་རྫོགས་ཟུང་འབྲེལ་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ན། བསྐྱེད་རིམ་བསྙེན་པ། སྟེང་སྒོ་རྣམ་གྲོལ་ཉེ་བསྙེན། འོག་སྒོ་སྒྲུབ་པ། རང་བཞིན་ལྷན་སྐྱེས་སྒྲུབ་པ་ཆེན་པོ་དང་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ལའང་བསྙེན་སྒྲུབ་བཞིར་དབྱེ་ཚུལ། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཤེས་པ་སོགས་ལྟ་ཕྲེང་དང་འདིའི་མན་ངག་གཉིས་ཀ་ལྟོ་སྦྱར་ན་ཤིན་ཏུ་གསལ་བར་ཡོད། ལམ་ལས་གྱུར་པའི་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི། མཐར་ཐུག་གི་འབྲས་བུ་སྐུ་ཡེ་ཤེས་ཕྲིན་ལས་ཀྱི་རྣམ་གཞག་སྤྱི་ལྟར་སྦྱར། འདི་ཉིད་རྒྱུད་གསུམ་དང་སྦྱར་ན། རྒྱུ་ཤེས་པའི་མཚན་ཉིད་ཀུན་གཞི་རྒྱུ་རྒྱུད་དྲུག་


JKT015_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྦྱར་དུ་རུང་། རྒྱུད་དོན་མན་ངག་གི་སྒོ་ནས་གཏན་ལ་འབེབས་པར་གསུངས་པ་འདི་ལྟ་བུ་ལ་དགོངས་པར་སྣང་། རྗེས་ཀྱི་ཁྲིད་ལ། ཐུན་གྱི་རྗེས་ཀྱི་རིམ་པ་ནི། ཐུན་བཞི་སོགས་སུ་ལམ་རྩེ་གཅིག་ཏུ་བསྒོམ་སྐབས་བསྐྱེད་རིམ་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ་བའམ། མ་གྲུབ་ཀྱང་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྣམས་ཕྲིན་ལས་ལྟར་མཐར་དབྱུང་། རྫོགས་རིམ་གྱི་སྐབས་བསྔོ་སྨོན་ཤིས་བརྗོད་ཙམ་བྱས་ནས་སྤྱོད་ལམ་ལ་འཇུག་པའི་སྐབས་དངོས་གཞིའི་ཉམས་ལེན་གང་རིགས་ཀྱི་རྩི་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག །ཁྲིད་ཀྱི་རྗེས་ཀྱི་རིམ་པ་ཉམས་རྟོགས་སྐྱེ་རིམ་བཞིན་བླ་མ་ཉམས་མྱོང་ཅན་གྱིས་ངོ་སྤྲད་པ་དང་། གེགས་བསལ་བ་དང་། བོགས་དབྱུང་བ་དང་། གནས་སྐབས་དང་མཐར་ཐུག་གི་འབྲས་བུས་མཇུག་བསྡུ་བའོ། །བཞི་པ་ལས་ཀྱི་ཕྲེང་བའམ་ལས་ཀྱི་རིམ་པ་ལམ་དུ་ཁྱེར་བ་ལ། གཙོ་བོར་ཕྲིན་ལས་དང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་སྦྱར་ནས་བྱ་བའི་ཚུལ་གཞུང་དུ་རྩ་ཐོ་ཙམ་གསལ་བ་དང་། གཞན་ཡང་དབང་། སྦྱིན་སྲེག །མཆོག་གི་ལས་སྦྱོར་ཐུན་མོང་བ་སྐྱེ་བདུན་། ཁྱད་པར་གྱི་མྱོང་གྲོལ་བདུད་རྩི་རིལ་བུ་སྒྲུབ་ཚུལ། དྲག་པོའི་ལས་སྦྱོར་རྩ་བ་སྲུང་བཟློག་བསད་གསུམ། མཐའ་སྡུད་མནན་འཕང་བསྲེག་གསུམ། རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་སོགས་


JKT015_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གསལ་དང་རྒྱས་པར་གཞན་དུ་ཞལ་འཕང་བ་ལྟར་ཤེས་པར་བྱའོ། །དེ་ཡང་འདི་ལྟ་བུའི་གཞུང་རྒྱས་པ་ཕྲེང་བ་སྐོར་བཞི་ཞེས་ཤངས་ཟབ་བུ་ལུང་གི་གཏེར་ལུང་བདུན་པར་བཞུགས་ཤིང་། པདྨས་རྗེས་བཟུང་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་གཏེར་སྐལ་ཡིན་སྣང་ཡང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་ཕྱག་ཏུ་བཞེས་པ་མ་བྱུང་། འབྲིང་པོ་གནའ་བོའི་དུས་སུ་བྱོན་པའི་ལོ་ཙཱ་བ་ཤ་མི་གོ་ཆའི་རྣམ་འཕྲུལ་ཤ་མི་རྡོ་རྗེ་རྒྱལ་པོས་བསམ་ཡས་ཧས་པོ་རི་ནས་སྤྱན་དྲངས་པའི་དགོངས་དོན་ཟབ་ཏིག་འགྲོ་བ་ཀུན་སྒྲོལ་ཞེས་རྒྱུད་ལུང་མན་ངག་ཟབ་རྒྱས་སུ་ཡོད་པར་སྣང་ནའང་། དེང་སང་ནི་མཚན་ཙམ་ཡང་ཐོས་པར་དཀོན་པའི་སྐབས་འདིར། བསྡུས་པ་ལམ་ཁྱེར་སྐོར་བཞིའི་མན་ངག་སྒྲུབ་ཐབས་ལྔ་དང་འབྲེལ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བསམ་ཡས་མཆིམས་ཕུ་ནས་བཞེས་པའི་དཔེ་རྒྱུད་འོལ་བ་ལྷ་རྩེའི་བྲག་ཏུ་སྦས་ཤིང་། སྙན་བརྒྱུད་ཟབ་མོ་དགོངས་པའི་གཏེར་དུ་རྒྱས་བཏབ་པ་རྗེ་བླ་མས་གཏན་ལ་ཕབ་པ་འདི་ནི་པདྨའི་བཀའ་སྲོལ་འཛིན་པ་རྣམས་ནས་ཤིན་ཏུ་གཅེས་སྤྲས་སུ་མཛད་པར་རིགས་སོ། །ཞེས་པའང་རྗེ་བླ་མའི་རྡོ་རྗེའི་གསུང་ཚིག་དོན་གཉིས་ཀ་གྲ་མ་ཉམས་པར་འཇིགས་མེད་བསྟན་པའི་ཉི་མས་ཡི་གེར་བྲིས་པ་ཆོས་འདིའི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་ཅིང་རྒྱས་པའི་རྒྱུར་གྱུར་ཅིག། །།


previousགྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་སྨིན་གྲོལ་གྱི་ས་བཅད་ཟིན་ཐོར་སྤེལ་བ།next