Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར།next

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར།


JKT016_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར་འདོད་ན། དབང་དངོས་གཞིའི་བུམ་དབང་རྫོགས་པའི་རྗེས་སུ། དེ་ལྟར་བུམ་དབང་གི་ཁྲུས་ཀྱིས་གདུལ་བྱ་སྐལ་ལྡན་རྣམས་ཀྱི་རྒྱུད་སྣོད་གསེར་གྱི་གཞོང་པ་ལྟ་བུར་ཡོངས་སུ་དག་པར་བྱས་པ་དེར། བཅུད་སེང་གེའི་འོ་མ་ལྟ་བུ་མྱོང་གྲོལ་བདུད་རྩིའི་དྭངས་མས་དབང་བསྐུར་བ་སྟེ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གསལ་བ་ལ་བུམ་བཅུད་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤར་བས་དབང་བསྐུར་བས་རྒྱུད་སྨིན་ཅིང་གྲོལ་བའི་མོས་པ་མཛོད། རིལ་བུམ་སྤྱི་བོར་བཞག་ལ། ཧཱུྃཕྱི་ནི་རང་བྱུང་བདེ་ཆེན་གཞལ་ཡས་ཁང་༔ ནང་ན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་དབང་༔ དེང་འདིར་སྦྱིན་ནོ་འགྲོ་ཀུན་ཡོངས་སྒྲོལ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨ༔ ཞེས་དབང་བསྐུར། དེ་ནས། ཁྱེད་རང་རྣམས་ཀྱིས་རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་དེ་ལྕེ་ཐོག་ཏུ་མྱོང་བས་ལུས་གཞལ་ཡས་ཁང་དུ་གསལ་བའི་སྙིང་པདྨ་འདབ་མ་དྲུག་པའི་ལྟེ་བར་ཟླ་བའི་སྟེང་དུ་མགྲིན་པའི་ལམ་ནས་བརྒྱུད་ཧྲིལ་གྱིས་བྱོན་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་མི་འབྲལ་བར་བཞུགས་པའི་མོས་པ་མཛོད། ཨོཾ་མ་ཎི་


JKT016_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པདྨེ་ཧཱུཾ་ཧྲཱིཝསརྦ་སིདྡྷི་ཧཱུྃ་ཨ༔ ཞེས་བཟླ་བཞིན་དུ་བཀྱེས་པའི་རིལ་བུ་གསུམ་རེ་མིད་དུ་གཞུག་གོ། དེ་ལྟར་དབང་རྫོགས་པའི་རིལ་བུ་ལྟོར་སོང་ཕན་ཆད་མི་ཞེས་བྱ་བ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་གནས་གྱུར་པ་ཡིན་པས་རྒྱལ་བུ་རྒྱལ་སར་ཕྱུངས་པ་དང་འདྲ་ཞིང་། བསླབ་པའི་དམ་ཚིག་ཀྱང་བདག་ལས་གཞན་གཅེས་འཛིན་གྱི་སེམས་བསྐྱེད་དང་ལྡན་པས་འགྲོ་བའི་དོན་ཅི་ནུས་ལ་འབད་པ་དང་། དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་བཟླས་སྒོམ་ལ་བརྩོན་པར་གྱིས་ཤིག །དེ་ལྟར་ཐོབ་པའི་ཕན་ཡོན་ཀྱང་། རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་ན༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ རྫས་མཆོག་རེག་ཆོག་ངོ་མཚར་ཆེ༔ ཞེས་དང་། གཞན་ཡང་། བོད་ཁམས་ཀུན་ལ་ཁྱབ་པར་དགྲམ༔ དེ་ཡིས་ཐུགས་རྗེའི་བསྟན་པ་རྒྱས༔ སྙིགས་དུས་སེམས་ཅན་བདེ་ལ་བཀོད༔ ངན་སོང་འཁོར་བ་དོང་ནས་སྤྲུགས༔ ཐུགས་རྗེའི་ཕྲིན་ལས་ངོ་མཚར་ཆེ༔ ཞེས་གསུངས་པ་ལྟར་དད་པ་དང་ངེས་ཤེས་ཁྱད་པར་ཅན་སྐྱེད་འཚལ། དེ་ནས་སླར་ཡང་མདུན་བསྐྱེད་ཀྱི་ཞེས་སོགས་ལྷ་དབང་མན་གཞུང་ལྟར་རོ། །ཞེས་པའང་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ཆོག་ལས་ཁོལ་དུ་ཕྱུང་བ་དགེ། །།


previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར།next