Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས།next

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས།


JKT016_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས། སྤྲོ་ན། ཧོ སྐྱབས་གནས་ཀུན་འདུས་སོགས་གསོལ་གདབ་དང་། ཧཱུྃ། ཉོན་ཅིག་ཚེ་འདས་སོགས་ལན་སྦྱིན། གང་ལྟར་ཡང་ཁྲུས་བུམ་ཐོགས་ཏེ། ཧཱུྃ། འདི་ནི་དབྱིངས་རིག་དབྱེར་མེད་པ། །སྐུ་གསུམ་རོལ་རྩལ་ཆུ་རྒྱུན་གྱིས། །ཚེ་འདས་གཟུང་འཛིན་འཁྲུལ་སྣང་གི། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཧཱུྃ་ཧཱུྃ་ཧྲཱི༔ བུདྡྷ་ཛྷཱ་ན་དྷ་རྨ་དྷ་ཏུ་ཨ༔ ཚེ་འདས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷ་ཡ་སྭཱ་ཧཱ། ཞེས་བཀྲུ། དུག་བྱ་བ་ནི། མ་རིག་རྩལ་སྣང་འོད་ལྔ་པོ། །བདག་གིར་བཟུང་བས་རབ་འཐས་པའི། །ཕྱི་ནང་འབྱུང་བ་ལྔ་ཕྲག་ཟུང་། །དུག་ལྔའི་སྐྱེད་བྱེད་བསྐྱེད་ཡུལ་གྱི། །ཕ་མ་ཇི་བཞིན་གྱུར་པའི་དུག །ལྷ་སྔགས་ཏིང་འཛིན་རོལ་རྩལ་གྱིས། །དུག་ཕྱུང་དུག་ལྔའི་སྒྲིབ་ཚོགས་ཀུན། །འབྱུང་བ་སོ་སོའི་དབྱིངས་སུ་དག །དུག་འཛིན་མཁའ་ལྟར་སྟོང་གྱུར་ཅིག །ཅེས་དང་། བཟླས་བྱེས་བྲབས་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཚེ་འདས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་དུག་ལྔའི་ལས་བསགས་པ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། གཏོར་མ། ཨོཾ་ཨཱཧཱུྃ་གིས་བརླབས་ལ། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་


JKT016_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཕུན་ཚོགས་གཏེར། །ཚེ་འདས་ཉོན་དྲུག་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱང་ཕྱིར་བསྔོ། །ན་མསྶརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་བསྔོ། ཐུབ་དྲུག་གི་སྐུ་ཐོགས་ལ། །ཧཱུྃ། ཞེ་སྡང་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ་སོགས་རྒྱས་པར་སོ་སོར་བསྐུར། བསྡུ་ན། ཧཱུྃ། ཉོན་དྲུག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །བཅོམ་ལྡན་ཐུབ་དྲུག་རང་རྟགས་ཕྱག་རྒྱ་འཛིན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྒྱལ་བ་རིགས་དྲུག་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་པུཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨ་བྷི་ཥིཉྩམི། ཆོས་བཤད་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྒོ་ལྔའི་རྣམ་ཤེས་ཡུལ་ལྔའི་རྗེས་འབྲང་བས། །ཚོགས་དྲུག་ཡུལ་ལ་ཆགས་སྡང་བྱས་འབྲས་ཀྱིས། །རིགས་དྲུག་གནས་སྐྱེས་སྡུག་བསྔལ་རྣམ་གསུམ་ལ། །རྟག་ཏུ་སྤྱོད་པ་བཟོད་དཀའི་གནས་ཡིན་ཀྱང་། །རང་གྲིབ་མཐོང་ཚེ་དེ་ཉིད་དགྲར་བཟུང་བ། །ཇི་བཞིན་རྟོགས་པས་ངར་འཛིན་སྤོང་མཛོད་ལ། །ཕྱག་ན་པདྨོའི་གོ་སར་སླེབས་པར་མཛོད། །ཅེས་གདམས། ཚོགས་གསག་པའི་སླད། ན་མོ། མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ལ། །ཕྱག་འཚལ་སྐྱབས་


JKT016_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་ཉེས་ཚོགས་བཤགས། །མཆོད་ཚོགས་ཀུན་འབུལ་ཆོས་འཁོར་བསྐོར། །དགེ་ལ་ཡི་རང་རྟག་བརྟན་བཞུགས། །བསོད་ནམས་འགྲོ་ལ་ཕན་ཕྱིར་བསྔོ། །ཞེས་རྒྱུད་སྦྱང་། ཡེ་ཤེས་པ་དབབ་པ་ནི། ཚེ་ལས་འདས་པ་སྐད་ཅིག་གིས། །འཕགས་པའི་སྐུར་གསལ་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགས། །སྤྱན་དྲངས་བྱོན་ནས་ལྷར་གསལ་ཐིམ། །དབྱེར་མེད་དུ་མ་རོ་གཅིག་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱརྱ་ལོ་ཀེ་ཤྭ་ར་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་ཅིང་། ཏིཥྛ་བཛྲས་བརྟན་པར་བྱ། དབང་བསྐུར་བ་ནི། བུམ་པ་ཐོགས་ལ། ཧཱུྃ། ཕྱི་ལྟར་བུམ་པ་སྣོད་བཅུད་ལྡན། །ནང་ལྟར་ཕྱག་ན་པདྨོ་ཡི། །ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། །ཚེ་འདས་ལུས་ལ་དབང་བསྐུར་བས། །སྤྲུལ་པའི་སྐུ་རུ་སྨིན་པར་ཤོག །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། སྔགས་བྱང་ཐོགས་ལ། ཨཱཿ ཕྱི་ལྟར་ས་ཆུ་མེ་རླུང་སྒྲ། །ནང་ལྟར་འགྲོ་བ་རིགས་དྲུག་སྐད། །གསང་བ་རྒྱལ་ཀུན་གསུང་དབང་དོན། །ཡི་གེ་བདུན་པར་འདུས་པའི་དབང་། །ཚེ་འདས་ངག་ལ་དབང་བསྐུར་བས། །ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། མཚན་མ་རྫས་ཀྱི་རྡོ་རྗེ་འདི། །རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ། །ཚེ་འདས་སེམས་ལ་


JKT016_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །ཆོས་ཀྱི་སྐ་རུ་སྨིན་པར་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར། འདོད་ཡོན། ཨོཾ་ཨཱཿཧཱུྃ་གིས་བརླབས་པས། ཧཱུྃ། ཁ་ཟས་རོ་མཆོག་བརྒྱ་ལྡན་པའི། །བཟའ་བའི་ཟས་དང་བཏུང་བའི་སྐོམ། །མི་ཟད་གཏེར་དུ་བྱིན་བརླབས་ནས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །དབང་པོ་དྲུག་དང་རབ་མཐུན་པའི། །སོ་སོའི་ལོངས་སྤྱོད་ཕུན་ཚོགས་གཏེར། །བསྔོས་པ་ཇི་བཞིན་ཐོབ་གྱུར་ནས། །འཕྲལ་དུ་དགའ་བདེའི་རོས་ཚིམ་ཞིང་། །མཐར་ཐུག་རྣམ་དག་སར་སྤྱོད་ཤོག །ཅེས་བསྔོའོ།། །།


previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས།next