Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ།next

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ།


JKT016_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ་བཞུགས་སོ།། །།


JKT016_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱ་ཡུར་ཛྙཱ་ན་ནཱ་ཐཱ་ཡ། དེ་ལ་བདེ་བ་ཅན་དུ་འགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བར་རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་ལ་གཉིས། རང་དོན་དུ་བསྙེན་པ་བྱ་བ་དང་། གཞན་དོན་དུ་ཚེའི་དབང་བསྐུར་བའོ། །དང་པོ་ནི། གནས་དབེན་པར་ཚེ་དཔག་མེད་ཀྱི་སྣང་བརྙན་བཀྲམ་པའི་མདུན་དུ་སྟེགས་བུའི་དབུས་སུ་ཚེ་རྫས་དང་རྒྱུན་འབབ་ཀྱི་ཆུ་གཙང་སྦྱར་བས་བཀང་བའི་རྣམ་བུམ། གཡས་སུ་ཚེ་རིལ། གཡོན་དུ་དཀར་མངར་སྦྱར་བའི་བདུད་རྩི། རྒྱབ་ཏུ་ཚེ་མདའ། མདུན་དུ་མཆོད་པ་སྣ་ལྔ་ཇི་ལྟར་རིགས་པ་བཤམ། དཀར་གཏོར། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀཱ་རོས་བསྔོ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ་བ་དང་ཆབས་གཅིག་རྟ་མགྲིན་གྱི་སྔགས་དང་། སུམྦྷས་བགེགས་བསྐྲད། མི་ཕྱེད་གཉུག་མའི་ཡེ་ཤེས་


JKT016_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །རང་རྩལ་འགག་མེད་རྡོ་རྗེའི་གུར། །འབར་བའི་མེ་འོད་རབ་འཕྲོ་བས། །ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་སྲུང་འཁོར་བསྒོམ། སངས་རྒྱས་ཆོས་དང་ཚོགས་སོགས་ཀྱི་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྤྲོ་ན་འཇུག་སྡོམ་བླང་བདག་བསྐྱེད་ནི། ཨོཾ་སྭ་བྷ་ཝཱ་སོགས། སྟོང་པའི་ངང་ལས་རི་བོ་ཏ་ལའི་ཞིང་། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་གདན་སྟེང་། །ཧྲཱི༔ཡིག་ཡོངས་གྱུར་བདག་ཉིད་འཇིག་རྟེན་དབང་། །སྐུ་མདོག་དཀར་གསལ་སེམས་དཔའི་སྐྱིལ་ཀྲུང་བཞུགས། །གཡས་པ་མཆོག་སྦྱིན་གཡོན་པས་པད་དཀར་འཆང་། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། །རི་དྭགས་


JKT016_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲྀཥྛའི་ཤུན་པས་ནུ་མ་བཀབ། །ཀཱ་ཤིའི་ཤམ་ཐབས་སྟ་ཟུར་གཡོན་དུ་དཀྲིས། །ཞི་ཚུལ་དགུ་ལྡན་དར་དང་རིན་ཆེན་བརྒྱན། །བྱང་ཆུབ་སེམས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ། །དམ་ཚིག་ཡེ་ཤེས་དབྱེར་མེད་ཐུགས་ཀ་རུ། །ཟླ་སྟེང་ཧྲིམཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་འཕྲོ་འདུས་དོན་གཉིས་ལྷུན་གྱིས་གྲུབ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་ཅི་ནུས་བཟླ། མདུན་བསྐྱེད་ལ། ཐོག་མར་མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་དང་གཉིས་སུ་མེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མཛྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སཾམྱ་ཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲ་བཛྲ། མ་ཧཱ་བཛྲ། མ་ཧཱ་ཏེ་ཛ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛེ་སྭཱ་ཧཱ། ཞེས་ལན་གསུམ། དེ་ནས་ཤུ་ནྱ་ཏཱས། གཟུང་འཛིན་ལྟར་སྣང་བའི་ཡུལ་ལྔ་ཡིད་ཤེས་དང་བཅས་པ་འཆི་སྲིད་ཆོས་སྐུ་དང་གཉིས་སུ་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བར་དོའི་སྲིད་པ་དང་ཡིད་ཤེས་བརྫུས་སྐྱེས་ཀྱི་གནས་ངན་ལེན་ཀུན་ནས་རྣམ་པར་དག་པ་བདེ་བ་ཅན་གྱི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པས་ཡོངས་སུ་བརྒྱན་པའི་བླ་དཔག་


JKT016_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བརྒྱད་སྟོང་པའི་གཞལ་མེད་ཁང་གིས་མཛེས་པའི་དབུས་སུ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས་རབ་ཏུ་མཐོ་བ་རྨ་བྱ་ཟློས་གར་རྩེན་པའི་དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དུ་བརྡལ་བ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧྲཱིདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ས་བོན་ལ་ཐིམ། །དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་བརྗོད་ཅིང་བསྔགས་པ་བརྗོད་པ་ལ་ཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་པདྨ་རཱ་གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་


JKT016_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེའི་གཡས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གཡོན་དུ་མཐུ་ཆེན་ཐོབ་གཉིས་གཙོ་བོ་ལ་ཞལ་ཕྱོགས་པས་འདུག་པ། །མཐའ་སྐོར་ཀུན་ཏུ་བྱང་ཆུབ་སེམས་དཔའ་དང་། ཉན་རང་དགྲ་བཅོམ་པའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཅེས་སྙན་བརྣན་ལ། སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཞེས་པས་སྤྱན་དྲང་། བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་ཧཱུཾ་ཞེས་གདན་འབུལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་


JKT016_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོད་པའི་མཐར་མཆོད་པའི་སྤྲིན་གྱི་གཟུངས་རོལ་མོ་དང་བཅས་པའང་བྱ། བསྙེན་པ་ནི། མདུན་བསྐྱེད་མགོན་པོ་ཚེ་དཔག་ཏུ་མེད་པའི་ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ་ཉི་སྟེང་ཧྲཱིདམར་པོ་ལས་འོད་ཟེར་ཀུན་ཏུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉི་ཟླ་ལ་སོགས་པའི་ཚེ་དང་བསོད་ནམས་གཟི་བརྗིད་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བཅུད་ལེན་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ། གཙོ་བོར་ཐུགས་སྲོག་ཧྲཱིཝཁོ་ན་ཡིད་བཟླས་བྱ་ཞིང་རླུང་བུམ་པ་ཅན་ཁ་སྦྱར་དུ་གཟུང་། ཐུན་མཐར་ཧྲཱི༔ཡིག་ངག་བཟླས་དང་། ༀ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫུ་ན། སུ་བི་ནི་ཤཱི་ཏ་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྟ་ཏེ་སཾ་མུཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎེ་པུཎེ། མ་ཧ་པུཎྱེ། ཨ་པ་རི་མི་ཏ་པུཎེ། ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐུ་ར་པ་རི་ཤུདྡྷེ། དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭཱ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་ར་སྭཱ་ཧཱ། ཞེས་ཚེ་གཟུངས་ཅི་ནུས་བཟླ། བཟླས་པ་བརྒྱ་སྐོར་རེའི་མཚམས་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་


JKT016_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་ནས་བྱ། ཚེ་འགུགས་བྱེད་པར་སྤྲོ་ན། ཚེ་མདའ་གཡོབ་ཅིང་། ཧཱུྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང་། །མ་ལུས་འདིར་སྡུས་འདིར་ཁུག་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཚེ་གཟུངས་བརྗོད་ཅིང་རྒྱས་གདབ་པ་ནི། ཧཱུྃ༔ ལུས་ལ་རྡོ་རྗེས་རྒྱས་བཏབ་པས། །གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག །ངག་ལ་སྔགས་ཀྱིས་རྒྱས་བཏབ་པས། །རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཤོག །ཡིད་ལ་ཡེ་ཤེས་རྒྱས་བཏབ་པས། །མི་ཤེས་འཁྲུལ་རྟོག་མུན་སངས་ཤོག །སྲིད་པར་ཞི་བས་རྒྱས་བཏབ་པས། །སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག ཅེས་བརྗོད། ཐུན་བསྡུ་བ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བའི་དྭངས་མ་སྙིང་གའི་ཧྲཱི༔ཡིག་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པར་གྱུར་པའི་མོས་པས་གནས་ལུགས་མ་བཅོས་པའི་ངང་དུ་གཞག །སླར་ཡང་མདུན་བསྐྱེད་སྔར་བཞིན་གསལ་བ་ལ་གཏང་རག་གི་སླད་དུ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་འབུལ། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་པས་ནོངས་པ་བཤགས། ཨོ། འདིར་ནི་རྟེན་དང་སོགས་ཀྱིས་མདུན་བསྐྱེད་རྟེན་


JKT016_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟན་པར་བཞུགས་ཤིང་། སངས་རྒྱས་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་འདི་ཉིད་བྱང་ཆུབ་སེམས་དཔའི་ཚུལ་གྱིས་ཞབས་འབྲིང་བྱེད་པར་བསམས་ལ་ཞིང་སྦྱོང་གི་དམིགས་པ་ཡི་དམ་བྱ། འཇམ་དཔལ་དཔའ་བོས་སོགས་བློ་ཀ་གཉིས་ཀྱིས་དགེ་རྩ་བསྔོ་ཞིང་། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བ། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། ཕུན་སུམ་ཚོགས་པ་སོགས་ཀྱི་བཀྲ་ཤིས་བརྗོད་དོ། །དེ་ལྟ་བུའི་རིམ་པས་ཐུགས་སྲོག་ཧཱུྃ༔ཁོ་ན་འབུམ་ཕྲག་བཞི་དང་། ཚེ་གཟུངས་འབུམ་ཕྲག་སོགས་བཟླ། མཐར་དངོས་གྲུབ་བླང་བའི་སླད་དུ་བདག་འཇུག་གི་དབང་ལེན་པ་དང་བཅས་པ་ནི་བསྙེན་པའོ། །གཉིས་པ་ནི། བདག་མདུན་བཟླས་པ་བཅས་གོང་ལྟར་ལ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས་སུ་རིན་པོ་ཆེ་སྣ་བདུན་སོགས་ནས། ཡན་ལག་བདུན་པའི་བར་མདུན་བསྐྱེད་ལྟར། བདག་གི་ཐུགསཾ་ནས་འཕྲོས་པའི་འོད་ཟེར་གྱིས། །གཟུངས་ཐག་ལ་བརྟེན་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་ལས་འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ལ། ཧྲཱིསྟོང་ཕྲག་སོགས་དང་། ཚེ་གཟུངས་ཅི་ནུས་བཟླ། ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་


JKT016_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་དབྱུག་ཏོ་དང་སྡིགས་མཛུབ་མཛད་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དང་། ཨོ་ཧྲཱིཔདྨནྟ་ཀྲྀ་ཏ་ཧ་ཡ་ཤྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་མཐར་ཡན་ལག་བདུན་པ་སྨོན་ལམ་བཅས། ལས་བུམ་གྱི་ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཚེ་འགུགས་བསྐུལ། སྤྲོ་ན་བདག་འཇུག་བླང་། དེ་ནས་སློབ་མ་རྣམས་ཁྲུས་བྱ། སྔོན་གཏོར་གཏང་། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པ་ལས། དེ་ལ་འདིར་སྐབས་སུ་བབ་པ་ནི། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡུམ་བཀའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་དང་རྗེས་སུ་འབྲེལ་བར་རིགས་བདག་སྣང་མཐའ་ཚེ་དཔག་མེད་ལ་བརྟེན་ནས་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། རྒྱུད་སྦྱང་པའི་སླད་དུ། མདུན་


JKT016_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་སྣང་མཐའ་ཚེ་དཔག་མེད་སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། །དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། །ལས་བུམ་གྱི་ཆུས་སྦྱང་། ཤུ་ནྱ་ཏཱས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་བདེ་བ་ཅན་གྱི་ཞིང་ཁམས་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྟེགས་རབ་ཏུ་མཐོ་བར། པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་མདངས་ཡི་གེ་ཧྲཱི༔དམར་པོ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་པདྨ་རཱ་


JKT016_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའི་དཔྲལ་བས་ཨོ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཐུགས་སྲོག་ཧྲཱིཝཡིག་དམར་པོས་མཚན་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྣང་མཐའ་ཚེ་དཔག་མེད་འཁོར་དང་བཅས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་། མ་ལུས་སེམས་ཅན་སོགས་ཀྱི་མཐར་གཟུངས་སྔགས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲ་ཞེས་བརྗོད་ཅིང་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱ། ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འཁོར་འདས་ཀྱི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། རང་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་


JKT016_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང་། །མ་ལུས་འདིར་སྡུས་འདིར་ཁུག་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཅེས་དང་ཚེ་གཟུངས་བཟླ་ཞིང་མདའ་དར་གཡབ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུ་བ་སྔོན་དུ་སོང་ནས་དངོས་གཞིའི་དབང་བསྐུར་བའི་སླད་དུ། རྣམ་པར་རྒྱལ་བའི་བུམ་པའི་དབུས་སུ་བཞུགས་པའི་སྣང་མཐའ་ཚེ་དཔག་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། དེ་ཉིད་འཆི་མེད་ཚེའི་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་པ་བུམ་ཆུ་དང་དབྱེར་མེད་དུ་འདྲེས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧྲི༔ བཀྲ་ཤིས་རྣམ་


JKT016_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བའི་བུམ་པ་རུ། །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས། །དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚེ་དང་ཡེ་ཤེས་དངོས་གྲུབ་ཐོབ་པར་ཤོག །ཧྲཱི་དང་ཚེ་གཟུངས་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེ་ནས་ལག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་པ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། །ཧྲཱིཿ བདེ་མཆོག་འགྱུར་མེད་ཚེ་རིལ་ཐབས་ཀྱི་རྫས། །ཁྱོད་ལ་སྦྱིན་པས་འཁོར་འདས་སྣང་བའི་གཟུགས། །ཀུན་གྱི་བཅུད་བསྡུས་ཚེ་དཔལ་བསོད་ནམས་དབྱིག །ལོངས་སུ་སྤྱོད་པའི་མཐུ་ནུས་སྟོབས་ལྡན་ཤོག །གཟུངས་སྔགས་བརྗོད་ཅིང་རིལ་བུ་སྦྱིན། ལག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་བྱིན་པ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱིཿ རྣམ་ཀུན་མཆོག་ལྡན་ཤེས་རབ་འོ་མའི་ཆབ། །ཁྱོད་ལ་སྦྱིན་པས་རྟེན་ཅིང་འབྲེལ་འབྱུང་དབྱིངས། །མི་འགྱུར་མི་ཤིགས་རྟག་བརྟན་གཞོམ་གཞིག་བྲལ། །གཟུང་འཛིན་མཚན་མའི་ཆོས་ཀྱིས་གཡོ་མེད་ཤོག །གཟུངས་སྔགས་བརྗོད་ཅིང་བདུད་རྩི་སྦྱིན། དེ་ནས་ཚེའི་དངོས་གྲུབ་ཐོབ་པ་དེ་ཉིད་བརྟན་ཅིང་ནུས་ལྡན་དུ་བྱ་བའི་ཕྱིར་རྒྱས་གདབ་པ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བའི་དྭངས་མ་སྙིང་གའི་ཧྲཱིཿལ་


JKT016_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པ་དང་ལྷན་ཅིག །ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་ཅིང་། སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་བཏབ་པའི་མོས་པ་མཛོད། ཧྲཱི༔ ལུས་ལ་རྡོ་རྗེའི་རྒྱས་བཏབ་པས། །གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག །ངག་ལ་སྔགས་ཀྱིས་རྒྱས་བཏབ་པས། །རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཤོག །ཡིད་ལ་ཡེ་ཤེས་རྒྱས་བཏབ་པས། །མི་ཤེས་འཁྲུལ་རྟོག་མུན་སངས་ཤོག །སྲིད་པར་ཞི་བས་རྒྱས་བཏབ་པས། །སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག །ཅེས་དང་ཚེ་གཟུངས་བཟླ་ཞིང་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་རེག །མེ་ཏོག་འཐོར། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པ་སྔར་བཞིན་གསལ་བས་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་དང་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་བརྗོད། དེ་ད་དེ་དག་གི་གནས་སྐབས་སུ་ཐོབ་པའི་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་ལ་སྲང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་མཛོད། སླར་ཡང་ལུས་དང་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི་དམ་ཚིག་གི་ཐ་ཚིག་ཡིན་པས་


JKT016_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་ཏུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཅིས་ཀྱང་སྤྱད་དུ་གསོལ། །དེ་རྣམས་ཀྱི་སྒོ་ནས་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དགེ་རྩ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། གྲངས་གསོག་བྱེད་ན་རྒྱས་པར་མཎྜལ། བྱིན་འབེབས་མདོར་བསྡུས། ཚེ་འགུགས། བུམ་པ། ཚེ་རིལ། བདུད་རྩི་རྣམས་བསྐྱར་བའི་མཐར་བཀྲ་ཤིས་བློ་ཀ་རེ་བརྗོད། བསྡུ་ན་རྒྱས་པ་བདུད་རྩི་སྦྱིན་པ་ཡིན་ཚར་གཅིག་གི་མཐར་བཀྲ་ཤིས་བརྗོད། སླར་ཡང་རྣམ་པར་རྒྱལ་བའི་བུམ་པའི་དབུས་སུ་བཞུགས་པའི་སོགས་མཚམས་སྦྱར་ལ་བུམ་པ། ཚེ་རིལ། ཚེ་ཆང་བཅས། མཐར་བཀྲ་ཤིས་བརྗོད། གྲངས་རྫོགས་པ་ན་རྒྱས་གདབ་མན་གོང་ལྟར་བྱའོ། །རྗེས་ཆོག་ནི། མདུན་བུམ་ཐུན་མོངས་སུ་གཏང་རག་གི་སླད་དུ་ཡན་ལག་བདུན་པ་ཕུལ། ནོངས་པ་བཤགས། མདུན་བསྐྱེད་བརྟན་བཞུགས་དང་། བཛྲ་མུས་བུམ་པའི་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་ཐིམ་པར་གྱུར་པའི་མོས་པ་བྱ། བསྔོ་སྨོན་བཀྲ་ཤིས་རྣམས་གོང་བསྙེན་པའི་སྐབས་ལྟར་བྱའོ། །ཞེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་རྡོ་རྗེའི་གསུང་སྙིང་པོར་དྲིལ་ཞིང་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པའི་དབང་ཆོག་ལས་འཆི་མེད་ཚེའི་དབང་བསྐུར་ཟུར་དུ་ཕྱུང་སྟེ་བཀླགས་པས་གྲུབ་པར་སྡེབ་པ་པོ་ནི་ཀུན་མཁྱེན་བླ་མ་དགྱེས་


JKT016_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབངས་ཨ་བྷ་ཡ་སྟེ། བཀྲ་ཤིས་པའི་རྟགས་མཚན་དགེ་བ་དང་བཅས་གྲུབ་པར་སྦྱར་བའི་ལེགས་བྱས་ཀྱིས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་རྣམས་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ་བྷ་བ་ཏུ།། །།


previousབདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ།next