Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ།next

བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ།


JKT016_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ་ཞེས་བྱ་བ་བཞུགས་སོ།།


JKT016_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཌཱ་ཀི་བདེ་ཆེན་རྒྱལ་མོ་ལ་ཕྱག་འཚལ་ལོ། །གཟོད་ནས་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །འགག་མེད་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ནི། །གནས་ཡུལ་དུར་ཁྲོད་ཀུན་ཏུ་སྒྱུར་མཛད་མ། །སྨན་བཙུན་མཆེད་ལྔའི་དགྱེས་སྐོང་དེང་འདིར་སྤེལ། །འདི་ལ་གསུམ། སྦྱོར་བ་ནི། གནས་གཙང་མར་བྲིས་སྐུ་དང་། སྐུ་གཏོར་སོགས་གཞུང་ནས་ཇི་ལྟར་འབྱུང་བ་ལྟར་འདུ་བྱས་པའི་མཐར་སྨན་རག་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད་མ་ཚང་བ་མེད་པར་བསག །ཡི་དམ་གང་རིགས་ཀྱི་ལས་གཞུང་བསྲང་བ་སྔོན་དུ་འགྲོ་བས་སྨན་བཙུན་མཆེད་ལྔའི་ཕྲིན་ལས་ནས་བཟླས་པ་ཡན་གྲུབ་པའི་རྗེས། དངོས་གཞི་ལ། བརྗོད་མེད་ཀྱི་བཤགས་པས་རྒྱུད་སྦྱངས་ཏེ། དང་པོ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཆོས་དབྱིངས་མཐའ་བྲལ་བདེ་སྐྱོང་སྣོད་མཆོག་ཏུ། །ཟག་མེད་དགའ་བཞི་དབུ་མར་སྦར་བའི་རྩལ། །བསམ་གྱིས་མི་


JKT016_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་མཆོད་པའི་སྤྲིན་གྱི་གཏེར། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱགཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། ཀ་དག་འགྱུར་མེད་ཡེ་ཤེས་ཌཱ་ཀིའི་ཞལ། །ལྷུན་གྲུབ་རང་རྩལ་ཐིག་ལེ་ཆེན་པོའི་གཟུགས། །སྣ་ཚོགས་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བ་ཅན། །སྨན་བཙུན་མཆེད་ལྔ་འཁོར་དང་བཅས་པ་ཀུན། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཐབས་ཤེས་དབྱེར་མེད་སྤྲུལ་པའི་དཀྱིལ་འཁོར་འདིར། །ཡུལ་དང་དབང་པོར་རོལ་པའི་མཆོད་སྤྲིན་ནི། །བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ལ་སྦྱར་བས། །ཐུགས་དམ་དགྱེས་པར་བསྐང་ཕྱིར་ད་ཚུར་བྱོན། །བཛྲ་ས་མ་ཡ་ཛ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། །ཧཱུཾ། ལུགས་འབྱུང་དྷཱ་


JKT016_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཏེར་གཡོ་པའི་གར་མཁན་མ། །ལུགས་ལྡོག་འོད་གསལ་ཐིག་ལེར་བསྡམས་པ་ལས། །ཚོགས་དྲུག་རང་གྲོལ་བླ་མེད་དམ་ཚིག་རྫས། །སྨན་བཙུན་མཆེད་ལྔ་འཁོར་དང་བཅས་ལ་འབུལ། །བཛྲ་པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། །བཞི་པ་བཤགས་པ་ནི། ཧཱུྃ། ཡོངས་གྲུབ་བློ་བྲལ་ཤེས་རབ་ཕ་རོལ་ཕྱིན། །ཀུན་བརྟགས་གློ་བུར་འཁྲུལ་པས་བཅིངས་པའི་མཐུས། །གཞན་དབང་སྣ་ཚོགས་རྟོག་པའི་རང་རྩལ་གྱིས། །ཐུགས་དང་འགལ་བའི་ཚོགས་ཀུན་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་ཞིང་བསྟབ་པ་ནི། ཧཱུཾ། གཟུང་བའི་ཡུལ་ལ་བརྟེན་གྱུར་འཛིན་པའི་སེམས། །དབྱིངས་རིག་མཉམ་སྦྱོར་མཚོན་གྱིས་བསྒྲལ་ནས་ཀྱང་། །ཤ་ཁྲག་བདེ་སྟོང་ཟག་མེད་བདུད་རྩི་ཡིས། །སྨན་བཙུན་ཌཱ་ཀིའི་ཚོགས་རྣམས་མཉེས་གྱུར་ཅིག །པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ནཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀི་ཡོ ནི་རི་ཏི་བ་ལིཾ་ཏ་ཁཱ་ཧི། དྲུག་པ་ཐུགས་དམ་བསྐང་བ་ནི། ཨཱཿ ཕྱི་ནང་གཞན་གསུམ་དབུ་མར་རོ་གཅིག་པས། །སྲིད་དང་ཞི་བའི་ཁམས་ཀུན་ཡོངས་ཁྱབ་པའི། །བཞེད་རྒུའི་རོལ་མོར་འཆར་བའི་འདོད་ཡོན་གཏེར། །ཐུགས་དམ་དགྱེས་པར་སྐོང་བའི་རྫས་སུ་ཤར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཧཱུྃ། བདེ་ཆེན་ཆོས་སྐུའི་ཀློང་ཡངས་སོགས་ནས། མཐུ་རྩལ་ཅན་ལ་བདག་བསྟོད་དོ༔ བར་ལས་གཞུང་བཞིན། །


JKT016_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི་གཞན་ནས་འབྱུང་བ་ལྟར་བྱ། བརྒྱད་པ་ལྷག་མ་བསྔོ་བ་ནི། ཨ་ཀཱ་རོས་བརླབ། ཕོ་ཕེ། བློ་བྲལ་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །སྣ་ཚོགས་རྟོག་པའི་རྗེས་མཐུན་རོལ་པ་ཅན། །མ་མོ་ཌཱ་ཀི་ཞིང་སྐྱོང་ཁྱོ་ཤུག་ཀུན། །ལྷག་གཏོར་འདི་བཞེས་དོན་གཉིས་ཕྲིན་ལས་སྒྲུབས། །ཨུཙིཏྟ་བ་ལིཾ་ཏ་ཁཱ་ཧི། བར་འདིར་སྤྲོ་ན་མངའ་གསོལ་གྱི་རྗེས། དགུ་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། ཟུང་འཇུག་གཉུག་མའི་ཕོ་བྲང་ནས། །བདེ་སྟོང་དབྱེར་མེད་ཌཱ་ཀི་ནི། །གནས་ཡུལ་མཁའ་འགྲོའི་ཚོགས་ཀྱི་རྗེ། །ཚེ་རིང་མཆེད་ལྔ་འཁོར་བཅས་ཀྱིས། །མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ། །རྒྱལ་དབང་པདྨ་ཐོད་ཕྲེང་དང་། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །སོགས་དང་སྤྲོ་ན། དེ་མཐར། ཀྱེ། ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད། །ཅེས་སོགས་ཀྱིས་ཕྲིན་ལས་གཞོལ། །བཅུ་པ་ཆད་ཐོ་བྱ་བ་ནི། ཧཱུྃ། །བདེ་ཆེན་ཐབས་མཆོག་དཔའ་བོ་རཱ་ཧུ་ལ། །རྡུལ་བྲལ་སྟོང་པའི་རང་གཟུགས་ཨེ་ཀ་ཛ། །ཟུང་འཇུག་སྒྱུ་མར་ཤར་བའི་རྡོ་རྗེ་ལེགས། །སྣ་ཚོགས་རིག་རྩལ་དྲེགས་པའི་ཚོགས་རྣམས་ཀུན། །གདོད་ནས་ཡོངས་གྲོལ་དོན་གྱི་དཔལ་ཆེན་པོས། །དབང་བསྐུར་དམ་བཞག་བྲན་དུ་ཁས་བླངས་བཞིན། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །བཅུ་གཅིག་བརྟན་མ་བསྐྱང་བ་ནི། ཧཱུྃ། འཕོ་མེད་


JKT016_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དབུ་མའི་དཀྱིལ་འཁོར་དུ། །དུས་སྦྱོར་བཅུ་གཉིས་གནས་སུ་དག་པའི་གཟུགས། །བོད་སྐྱོང་བརྟན་མའི་ཚོགས་རྣམས་གཏོར་མ་བཞེས། །གངས་ཅན་བསྟན་དང་འགྲོ་ལ་ཕན་བདེ་སྤེལ། །མ་མ་ཧཱུཾ་ཧཱུཾ་བ་ལིཾ་ཏ་ཁཱ་ཧི། བཅུ་གཉིས་མནན་པ་བྱ་བ་ནི། ཧཱུཾ། བྱང་ཆུབ་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན། །རྣམ་ཐར་གསུམ་ལྡན་དབྱིངས་སུ་རྒྱས་བཏབ་ཅིང་། །དབང་དང་དྲག་ཤུལ་རོལ་པའི་བྲོ་བརྡུངས་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །ཧཱུཾ་བྷ་ཡ་ནན། རྗེས་ཀྱི་རིམ་པ་ལ། དང་པོ་དངོས་གྲུབ་བླང་བ་ནི། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱར་བས། །སྨན་བཙུན་ཌཱ་ཀིའི་ཚོགས་རྣམས་མཉེས་གྱུར་ཅིག །བཛྲ་པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་སོགས་ཀྱིས་མཆོད། ཧཱུྃ། །རྗེས་ཆགས་དགའ་བཞིའི་ལང་ཚོར་འབར་བའི་སྐུ། །གྲགས་སྟོང་རྡོ་རྗེ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མཁའ་འགྲོའི་ཚོགས་རྗེ་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད། ཧཱུྃ། ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕྱག་རྒྱ་ཅན། །སྨན་བཙུན་ཌཱ་ཀི་འཁོར་བཅས་དེང་འདིར་དགོངས། །འཆི་མེད་ཚེ་དང་འཛད་མེད་ནོར་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་མ་


JKT016_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྩོལ། །པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་པ་བཤགས་པ་ནི། ཧཱུྃ། རྟག་ཏུ་གཟུང་འཛིན་སྤྲོས་པ་ལས་འདས་ཕྱིར། །རང་བཞིན་དབྱིངས་ལ་ཉེས་པའི་སྐྱོན་བྲལ་ཡང་། །གློ་བུར་འཁྲུལ་པའི་མཚན་མས་བཅིངས་པའི་མཐུས། །ནོངས་པ་གང་མཆིས་སྙིང་ནས་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། །གསུམ་པ་གཤེགས་སུ་གསོལ་བ་ནི། ཧཱུཾ། བསྐྱེད་ཅིང་སྤྱན་དྲངས་ཡེ་ཤེས་མཁའ་འགྲོའི་ཚོགས། །གནས་ཡུལ་ལྷན་སྐྱེས་གྲུབ་པའི་གྲོང་དུ་གཤེགས། །སྣང་ཆར་ཤར་བའི་ལྷ་སྐུའི་རོལ་པ་ཀུན། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཡལ། །བཞི་པ་བསྔོ་སྨོན་བྱ་བ་ད ནི། ཧཱུཾ། དགེ་བའི་རྩ་བ་འདིས་མཚོན་ལེགས་བྱས་ཀུན། །རྣམ་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ནས། །མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ལྔ་པ་ཤིས་པ་བརྗོད་པ་ནི། ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ངེས་དོན་ཤེས་རབ་ཕ་རོལ་ཕྱིན་མའི་དབྱིངས། །དྲང་དོན་འཇིག་རྟེན་སྐྱོང་བའི་རོལ་པ་ཅན། །གྲུབ་གཉིས་ལག་རྩེར་སྦྱིན་པའི་བདག་ཉིད་


JKT016_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི། །དགྱེས་སྐོང་མཆོད་སྤྲིན་གསར་པ་ཅི་ཡང་སྤྲོས། །འདི་ན་རབ་མཛེས་ཞི་བའི་ནགས་ཀླུང་དུ། །ཁུ་བྱུག་ལང་ཚོས་རྒྱགས་པའི་མགྲིན་གླུ་ཡིས། །མཚོན་མེད་ཕན་བདེའི་ལམ་བཟང་སྟེར་བྱེད་གང་། །དོན་གཉེར་དཔྱོད་ལྡན་ཚོགས་ཀྱི་རྣ་ཆར་འོས། །དེ་ལས་བྱུང་བའི་དགེ་བས་བདག་གཞན་འགྲོ། །གནས་སྐབས་རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་ཅིང་། །མཐར་ཐུག་ཁ་སྦྱོར་ཡན་ལག་བདུན་གྱི་གྲོང་། །རྣམ་ཀུན་མཆོག་ལྡན་རྩེ་དགས་རོལ་པར་ཤོག །ཅེས་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བཀའ་སྲུང་སྨན་བཙུན་མཆེད་ལྔའི་དགྱེས་སྐོང་ཚོགས་ཀྱི་མཆོད་པ་ཕན་བདེའི་རྣ་ཆ་ཞེས་པ་འདིའང་དོན་གཉེར་དག་གིས་ཉེ་བར་བསྐུལ་པ་དང་། རང་ཉིད་ཀྱང་ཚུལ་འདིར་མི་ཕྱེད་པའི་འདུན་པ་ཐོབ་པས་རྐྱེན་བྱས་ཏེ། །ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལུགས་ལ་རྒྱུ་མཚན་ཤེས་ནས་དད་པ་བརྟན་པ་གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་ལོ་བཅུ་བདུན་པར་གང་ཤར་མྱུར་དུ་སྦྱར་བའོ།། །།སརྦ་ཤུ་བྷ་སྦ་དྷརྦདུ་ཡེ་ཏ།།


previousབཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ།next