Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས།next

དཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས།


JKT016_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས་བཞུགས་སོ།། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། དཔལ་སྔགས་ཀྱི་སྲུང་མའི་གཏོར་འབུལ་ཁྱེར་བདེ་ནི། ཇི་ལྟར་འབྱོར་བའི་གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧོས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་སྣང་སྲིད་མ་མོ་བྱེ་བའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲང་། རྟེན་ཡོད་ན། ཛཧཱུྃ་བཾ་ཧོས་བསྟིམ། ས་མ་ཡ་ཏིཥྛནྟུ། ཞེས་པས་བརྟན་པར་བཞུགས་སུ་གསོལ། ༀ་ཏྲཀ་རཀཱ་ས་པ་རི་ཝཱ་ར་ཨབྷཾ་ནས། ཤབྡའི་བར་དང་། ཨ་མྲྀ་ཏ་རཀྟ་པཉྩ་ཀཱ་མ་གུ་ཎ་པྲ་ཏི་ཙྪ་སྭཱ་ཧཱས་མཆོད། ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། རྡོར་ཐལ་ཁ་གྱེན་དུ་ཕྱེ་ནས། ཨོ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀོ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ་ཛཛས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། མ་མོ་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་


JKT016_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཅེས་ཕྲིན་ལས་གསོལ། བསྟོད་ཅིང་བསྐུལ་བ་ནི། བྷྱོ༔ ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་བཟོད་དཀའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན་། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་པོ་ས་


JKT016_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ། དེ་ནས་རྟེན་ཡོད་ན། ཨོ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱས་བརྟན་བཞུགས་དང་། མེད་ན། བཛྲ་མུས་གཤེགས་སུ་གསོལ་བར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་བཀྲ་ཤིས་ཟླ་གམ་དབང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།


previousདཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས།next