Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ།next

བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ།


JKT016_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ་བཞུགས་སོ། །


JKT016_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ༔ བར་དོའི་འགྲོ་བ་རྣམས་རྗེས་སུ་བཟུང་བའི་ཚེ་ངོ་སྤྲོད་ཀྱི་མཚམས་སྦྱོར་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་པ་ནི། འོ་ཚེ་ལས་འདས་པ་མིང་ནས་རན་པར་བོས་ལ། ཁྱོད་ཉིད་འཆི་བ་ཡིན་ནོ། །དེ་ཡང་སྤྱིར་འདིར་སྣང་ཞིང་སྲིད་པའི་ཕུན་ཚོགས་ཐམས་ཅད་མདང་སུམ་རྨི་ལམ་ལྟར་འདུས་བྱས་མི་རྟག་པའི་རང་མཚང་མཐའ་བཞིའི་བསྡུས་པ་ཅན་མ་གཏོགས་རྟག་བརྟན་གང་ཡང་མེད་ཅིང་ཁྱད་པར་དུ་སྐྱེས་བུའི་ཚེ་ནི་བར་སྣང་གི་གློག །རླུང་གསེབ་ཀྱི་མར་མེ། ཆུ་ནང་གི་སྤུ་བ་དང་འདྲ་སྟེ་ཡུན་ཐུང་ལ་སྙིང་པོ་མེད་པས། དེ་ལྟ་བུའི་མི་རྟག་པ་དེ་ད་ལྟ་ཁྱོད་ཀྱི་ཐོག་ཏུ་བབ་ནས་འཇིག་རྟེན་ཕ་རོལ་ཏུ་སོང་ཞིང་ཚེ་དུས་ལས་འདས་པ་ཡིན་ནའང་། ཁྱོད་ཉིད་གཅིག་པུ་ལ་བྱུང་བ་མ་ཡིན་


JKT016_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལན་གཅིག་སྐྱེས་ཚར་ནས་མཐར་འཆི་བ་ལས་མ་འདས་པས་ན་ཡིད་མི་བདེ་བ་དང་སྡུག་བསྔལ་བར་མ་བྱེད་པར་བློ་བླ་མ་དང་དཀོན་མཆོག་ལ་རྩེ་གཅིག་ཏུ་གཏོད། ཤུལ་དུ་ལུས་པའི་ཉེ་འབྲེལ་ནོར་རྫས་སོགས་གང་ལ་ཆགས་ཀྱང་། དེ་དག་ཁྱེད་རང་གི་རྗེས་སུ་མི་འབྲང་ཞིང་། ཕན་པ་ཅུང་ཟད་ཙམ་ཡང་མེད་པའི་ཁར། འཁོར་བ་དང་ངན་སོང་དུ་འཁྱམས་པའི་རྒྱུའི་གཙོ་བོ་བྱེད་པས་ཆགས་ཞེན་གདུང་སེམས་ཀྱི་འཁྲི་བ་རྦད་ཀྱིས་ཆོད་ལ་སྐབས་འདིར་ཤིན་ཏུ་གལ་ཆེ་བ་བར་དོའི་གདམ་ངག་ཅུང་ཟད་ཅིག་བསྟན་པ་ཡིན་པས་ཡིད་གཞན་དུ་མ་ཡེངས་པར་དྲན་པ་ཉེ་བར་བཞག་སྟེ་གསན་འཚལ། དེ་ལ་སྤྱིར་བར་དོ་ལ་


JKT016_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་དྲུག་སོགས་སུ་གསུངས་ཀྱང་འདིར་རེ་ཞིག་གསུམ་དུ་བསྡུ་ན། ཐོག་མར་ལུས་སེམས་དང་བྲལ་བའི་ཚེ་ན་འཆི་ཁའི་བར་དོ་ཞེས་བྱ་ཞིང་། དེའི་མཚན་ཉིད་ཀྱང་། ཡེ་ཤེས་རོལ་པའི་རྒྱུད་ལས། །དང་པོར་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་འདི་ཉིད་ཀྱང་། །འོད་གསལ་བར་དུ་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར། ཚེ་དང་། ལས་དང་། བསོད་ནམས་ཀྱི་འཕེན་པ་ཟད་ནས་འཆི་བའི་དུས་ལ་བབ་པ་ན། ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་དྲོད་སྡུད། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་རླུང་སེམས་འགྲོ་འོང་འགགས་ནས་ནང་དབུགས་ཆད། ནམ་མཁའ་འོད་གསལ་ལ་ཐིམ་པས་ཡེ་ཤེས་བཞི་རིམ་གྱིས་འཆར་ཏེ། སྤྱི་བོའི་དཀར་ཆ་ཐུར་དུ་བབ་པས་ཕྱི་རྟགས་སུ་སྣང་བ་ཐམས་ཅད་དཀར་ལམ་པ་གཅིག་འབྱུང་། ནང་རྟགས་སུ་སྣང་བའི་ཡེ་ཤེས་གསལ་ལ་མི་རྟོག་པར་འཆར་བས་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། དམར་ཆ་གྱེན་དུ་ལྡོག་པས་ཕྱི་རྟགས་སུ་སྣང་བ་ཐམས་ཅད་དམར་ལམ་པ་དང་། ནང་རྟགས་སུ་མཆེད་པའི་ཡེ་ཤེས་བདེ་གསལ་གཉིས་སུ་མེད་པར་


JKT016_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དེ་གཉིས་སྙིང་གར་འཕྲད་པས་རྣམ་ཤེས་དྲན་མེད་དུ་བརྒྱལ་ནས་ཕྱི་རྟགས་སུ་སྟོང་སང་ནག་ལམ་པ་དང་། ནང་རྟགས་སུ་ཐོབ་པའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པའི་ངོ་བོར་འཆར་བས་རྟོག་པ་བདུན་པ་འགགས། དེ་ལྟར་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་དབྱིངས་སུ་ཐིམ་པའི་སྐད་ཅིག་དེ་ཉིད་ལ། ཉེ་བར་ཐོབ་པའི་ཀ་དག་རང་བྱུང་གི་ཡེ་ཤེས་ད་ལྟའི་ཤེས་པ་རྗེན་པ་སྐྱོན་ཡོན་བསལ་བཞག་གང་གིས་ཀྱང་མ་བསླད་པ། ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཀ་ལྷུག་པར་འཆར་བས། དེ་ཉིད་ངོ་ཤེས་ཤིང་རང་སར་བཞག་པ་ཙམ་གྱིས་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །གལ་ཏེ་དེར་མ་གྲོལ་ན། ཆོས་ཉིད་ཀྱི་བར་དོར་ལྷུན་གྲུབ་སྒོ་བརྒྱད་ཀྱི་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་ལས་ཞི་བ་དང་ཁྲོ་བོའི་སྒྱུ་འཕྲུལ་གྱི་རོལ་མོ་མཐའ་ཀླས་པའི་སྤྲིན་བཀོད་པའི་ཚེ་ནའང་། དེ་ཐམས་ཅད་རང་རིག་པའི་རྩལ་དུ་ངོ་ཤེས་པར་བྱས་ནས་མཉམ་པར་བཞག་པས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །དེར་ཡང་གཉིས་འཛིན་གྱི་དབང་གིས་བརྟན་པ་ཐོབ་པར་མ་གྱུར་ན། རྣམ་ཤེས་ཕུང་པོ་ལས་ཐོན་མ་ཐག་སྲིད་པ་བར་མ་དོའི་སྣང་བ་


JKT016_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ་ཡིན་ཏེ། མཛོད་ལས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུག་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པ་ལྟར་གྱི་ལུས་རྟེན་ལ་རྟེན་འཆའ་བའི་ཚེ་ནའང་བར་དོའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤངས་ལ་ཡུལ་ཨཱསྟོང་པ་ཉིད་དང་ཡུལ་ཅན་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རྣལ་འབྱོར་ལ་ནན་ཏན་དུ་བྱ་བ་དང་། རིགས་དྲུག་འཁོར་བའི་གནས་ན་སྡུག་བསྔལ་མ་གཏོགས་བདེ་བ་སྐད་ཅིག་ཙམ་ཡང་མེད་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བ་ཞིག་ཅི་ནས་ཀྱང་བྱའོ་སྙམ་པའི་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ཏེ། འཁོར་བའི་གནས་ལ་མངོན་པར་སྐྱོ་བས་བླ་མ་དང་དཀོན་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ནས། རང་བཞིན་སྤྲུལ་པའི་ཞིང་ཁམས་སྤྱི་དང་། ཁྱད་པར་དུ་ཐུགས་བསྐྱེད་དང་སྨོན་ལམ་ཚད་མེད་པས་མཚན་ཐོས་པ་ཙམ་གྱིས་ཀྱང་གནས་ངན་ལེན་གྱི་སྒྲིབ་པ་ཐམས་ཅད་སེལ་བར་མཛད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་དང་། བདེ་བ་ཅན་གྱི་ཞིང་གི་བཀོད་པ་མངོན་སུམ་ལྟ་


JKT016_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཡིད་ལ་བྱས་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་གྱིས་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བའི་འདུན་པ་རྩེ་གཅིག་ཏུ་གཏད་པས་ཆོས་ཉིད་ཀྱི་བདེན་པ་དང་། བླ་མའི་བྱིན་རླབས་དང་། རང་ཉིད་ཀྱི་སྨོན་ལམ་གྱི་འཕེན་པས་སྐྱེ་སྲིད་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བར་འགྱུར་བ་ཡིན་ལ་བདག་གིས་ཀྱང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འམ། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་སོགས་གང་ཡིན་གྱི་མཚན་སྦྱར་ལ། དཀྱིལ་འཁོར་དུ་སྡིག་པ་སྦྱོང་ཞིང་དབང་བསྐུར་བའི་ཆོ་ག་ཟབ་མོས་རྗེས་སུ་བཟུང་ནས་ཐར་པའི་ལམ་སྟོན་པའི་སྐབས་སུ་བབ་པ་ཡིན་པས་ཕུང་པོའམ་མིང་བྱང་འདི་ཉིད་ལ་རྣམ་ཤེས་ཀྱི་རྟེན་ཆོས་ལ། ལུས་ཀྱི་ཕྱག་དང་ངག་གི་གསོལ་འདེབས། ཡིད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པ་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པའི་མི་ཕྱེད་པའི་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ་ཐོབ་མཛོད། འཕོ་བའི་མཚམས་སྦྱོར་དང་འབྲེལ། བདག་གིས་ཀྱང་ཇི་སྐད་དུ། དཔལ་རྡོ་རྗེ་གདན་བཞི་ལས། ཉེས་པ་ཀུན་གྱིས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱོར་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་གྲོལ། །ཞེས་གསུངས་པ་ལྟར་མྱུར་ལམ་ཟབ་མོ་འཕོ་བའི་མཚམས་སྦྱོར་གྱི་སྒོ་ནས་རྗེས་


JKT016_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་ཅིང་ཐར་པའི་ལམ་སྟོན་པའི་སྐབས་སུ་བབ་པ་ཡིན་པས། ཐོག་མར་རྒྱུད་སྦྱོང་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས་སྐྱབས་སེམས་སོགས་ཚིག་གི་རྗེས་སུ་དོན་དྲན་པས་ངེད་ཀྱི་རྗེས་ཟློས་རྩེ་གཅིག་ཏུ་བགྱིད་པའི་འདུན་པ་བསྐྱེད་མཛོད། ཅེས་བརྡ་སྦྱར་ལ། སྐྱབས་སེམས་སོགས་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། སངས་རྒྱས་ཀྱི་མཚན་བརྗོད་པ། གཟུངས་སྔགས་ཟབ་མོ་བཟླ་བ་སོགས་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱ། དེ་ལྟར་སྔོན་འགྲོའི་རིམ་པས་རྒྱུད་སྦྱང་ནས། དངོས་གཞི་དམིགས་པ་ལ་ནི། དེ་ལྟར་ཐུན་མོང་པའི་ལམ་གྱི་རིམ་པས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས། བཙན་ཐབས་འཕོ་བའི་གདམས་པ་དངོས་བསྟན་ཡིན་པས་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་བ་སོགས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་གི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པ་ལས། གཞི་ལུས་ཀྱི་བཀོད་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་ཅིག་ཕྱག་གཉིས་མ། རྣ་ལྟག་ན་ཕག་ཞལ་དུར་བ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མཆན་ཁུང་གཡོན་ན་ཧེ་རུ་ཀའི་ངོ་བོ་ཁ་ཊཾ་


JKT016_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ག་འཁྱུད་པ། ཐོད་པའི་དབུ་རྒྱན་དང་། དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་བརྐྱངས་པས་པདྨ་ཉི་མ་བ་རོའི་སྟེང་ན་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པར་གསལ་བའི་སྐུའི་ནང་སྟོང་སང་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཡར་སྣ་སྤྱི་བོའི་ཚངས་བུག་ཏུ་ཟུག་ནས་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཧད་པོར་ཡོད་པ། མར་སྣ་ལྟེ་འོག་སོར་བཞིའི་གནས་སུ་ཁ་ཟླུམ་པ་སྙིང་གའི་ཐད་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་སྟེང་དུ་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བ་དང་བཅས་པའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་རྒྱ་སྲན་ཙམ་དཀར་ལ་དམར་བའི་མདངས་ཆགས་པ་འཕར་ལ་ཁད་དུ་ཡོད་པ་གསལ་བཏབ། སྤྱི་བོའི་ཚངས་པའི་བུ་ག ། ཚངས་བུག་གི་ཡར་སྣའི་དབུ་མའི་ནང་དུ་པད་ཉི་ཟླ་བའི་གདན་ལ་ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་ལ། རྣམ་པ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་མཚན་དཔེའི་གཟི་བྱིན་འབར་བའི་འཁོར་དུ་རྩ་རྒྱུད་ཀྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་སོགས་སྐྱབས་ཡུལ་མ་ཚང་བ་མེད་པས་མངོན་སུམ་ལྟ་བུར་ཁྱེད་རང་གི་ཐར་པའི་ལམ་སྟོན་ཆེན་པོར་བཞུགས་པའི་


JKT016_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པས། བདག་གི་རྩ་རྒྱུད་ཀྱི་བླ་མ་ལ་གསོལ་བ་བཏབ་ཅིང་། ཧིཀ་བརྗོད་པའི་ཚེ། ཁྱེད་རང་ནས་ཀྱང་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོའི་གསོལ་བ་བཏབ་པས། སྙིང་གའི་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་འཕང་བ་བཞིན་དུ་དབུ་མའི་ལམ་བརྒྱུད་དེ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་གྱི་ངང་དུ་བློ་ལྷོད་ཀྱིས་གློད་ལ་མཉམ་པར་འཇོག་མཛོད། ཅེས་བརྗོད་ལ། འཕོ་བ་གསོལ་འདེབས་དང་དམིགས་པའི་རྟེན་གམ་ཡིད་ཆེས་པའི་རྟགས་མ་བྱུང་གི་བར་བསྐྱལ་ལ་བྱ། མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ངང་དེར་དར་གཅིག་མཉམ་པར་བཞག་ནས། དེ་ལས་ལྡང་བ་ན་སྙིང་རྗེ་ཆེན་པོའི་བསྔོ་སྨོན་གྱི་ས་མཚམས་སྦྱོར་རྒྱས་པ་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་འཇིགས་མེད་གྲུབ་པའི་སྡེས་སྦྱར་བའོ། །།རྟེན་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །མིང་བྱང་ནི་ཡིག་ཡོངས་གྱུར་ཚེ་འདས་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །གསོན་པོའི་རྣམ་པ་མངོན་སུམ་ལྟ་བུར་གྱུར། །བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་ཡི། །བདེན་པའི་སྟོབས་དང་ཏིང་ངེ་འཛིན་གྱི་མཐུས། །ཚེ་འདས་རྣམ་ཤེས་རིགས་དྲུག་བར་དོ་བཅས། །གང་ན་གནས་ཀྱང་རྟེན་འདིར་མཆིས་གྱུར་ཅིག །ཨོཾ་བཛྲ་ཨ་ཀཱརཱ་ཡ་ཛཧཱུྃ་བཾ་ཧོ༔ བླ་མ་མཆོག་གསུམ༔ བདེན་པའི༔ ཚེ་འདས་སྲོག་གཅོད་


JKT016_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལམ་གེགས་བྱེད་ཀུན། །གཏོར་མ་འདི་ལོངས་རང་རང་གནས་སུ་དེང་། །ཚེ་འདས་རྐང་འོག་རླུང་གི་དཀྱིལ་འཁོར་དང་། །ལྟེ་བར་གཏུམ་མོའི་ཡེ་ཤེས་མེ་ལྕེ་འབར། །སྙིང་གར་སྡིག་སྒྲིབ་ཀུན་འདུས་ངོ་བོ་པཾ། །རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་རླུང་གཡོས་མེ་སྦར་པོ་ཡིག་ཉིད། །སྣ་བུག་ནས་ཐོན་ཏིལ་ལ་ཐིམ་མ་ཐག །སྡིག་པ་རྭ་ཅན་རྣམ་པར་གྱུར་པ་གང་། །ཡེ་ཤེས་མེས་བསྲེག་ཆུ་ཡིས་སྦྱངས་པར་གྱུར། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས། །རིགས་སྔགས་ནུས་པའི་འོད་ཟེར་དཔག་མེད་འཕྲོས། །ཚེ་ལས་འདས་པས་འཁོར་བ་ཐོག་མེད་ནས། །བསགས་པའི་སྡིག་ལྟུང་བག་ཆགས་བཅས་པ་སྦྱངས། སྔགས་དང་བཅས་བྱེ་མས་བྲབ། དྷཱི༔ ཐུགས་རྗེ་ཆེན་པོའི་གསང་གསུམ་ལས་བྱུང་བའི། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་ཆུས། །ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས། །སྡིག་སྒྲིབ་བག་ཆགས་བཅས་པ་དག་གྱུར་ཅིག །སྔགས་བརྗོད། དུས་གསུམ་རྒྱུ་དང་འབྲས་བུའི་ཚོགས་རྣམས་ཀུན། །བདག་ཏུ་ལྟ་བའི་ཉེར་ལེན་ལས་བྱུང་ཕྱིར། །བདག་མེད་གཟིགས་པའི་ཡེ་ཤེས་མངོན་གྱུར་པ། །དཀོན་མཆོག་གསུམ་གྱི་བདེན་པས་དུག་བཅོམ་མོ། །སྔགས། འབྱུང་བ་བཞི་དང་འབྱུང་བ་ལས་གྱུར་པའི། །


JKT016_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཀུན། །རྣམ་པར་བྱང་བ་ཡུམ་བཞིའི་བདེན་པའི་མཐུས། །འབྱུང་བཞིའི་ཆོས་ཉིད་ངང་དུ་ཐིམ་གྱུར་ཅིག །སྔགས། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཀུན། །མི་དམིགས་འོད་གསལ་ངང་ལས་སྐད་ཅིག་གིས། །ཟུང་འཇུག་ཐུགས་རྗེ་ཆེན་པོའི་གསང་གསུམ་དང་། །དབྱེར་མེད་ཡེ་ཤེས་སྐུ་རུ་ལམ་གྱིས་གསལ། །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་ཀུན། །སྤྱན་རས་གཟིགས་དབང་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་གྱུར་ཅིག །ཨོཾ་ཨཱརཱ་བ་ལོ་ཀི་ཏེ་རཱུ་པ་ནས། སྤངྒེ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཧཱུཾ། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་འདིར་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས། །ནམ་ཡང་འདའ་བའི་གོ་སྐབས་མ་མཆིས་ཕྱིར། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་བསྐྱེད། །བླ་མ་དཀྱིལ་འཁོར་ལྷ་ལ་སྐྱབས་གསོལ་ནས། །འོག་མིན་བདེ་ཆེན་དག་པའི་ཞིང་ཁམས་སུ། །རྩེ་གཅིག་དད་པའི་ཤུགས་ཀྱིས་འགྲོ་བར་གྱིས། །ཚེ་འདས་རྣམ་ཤེས་སྒྲིབ་བྲལ་ཨ་དཀར་པོ། །སྤྱི་བོ་བདེ་ཆེན་ཚངས་པའི་སྒོ་ནས་ཐོན། །བླ་མ་བཅོམ་ལྡན་འོད་དཔག་མེད་མགོན་གྱི། །ཐུགས་ཀར་ཐིམ་ནས་


JKT016_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་སངས་རྒྱས་གྱུར། །ཨ་ཕཊ༔ བདག་མདུན་ཐུགས་ཀའི་ས་བོན་ལས་བྱུང་བའི། །འོད་གསལ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་མེས། །གཟུང་འཛིན་མཚན་མའི་རྟོག་ཚོགས་ཀུན་བསྲེག་པས། །སྒྲིབ་གསུམ་ཆོས་ཀྱི་དབྱིངས་སུ་དག་གྱུར་ཅིག །སྔགས་བརྗོད། སླར་ཡང་བྱང་རོའི་སྟེང་དུ་ཟླ་དཀྱིལ་དབུས། །གཟུངས་སྔགས་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས། །རྒྱལ་ཀུན་གསང་གསུམ་བྱིན་རླབས་སྤྱན་དྲངས་ཐིམ། །བདུད་རྩིའི་རྒྱུན་བབ་སྡིག་སྒྲིབ་བག་ཆགས་སྦྱངས། །སྔགས་བརྗོད། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། སོགས། རྒྱལ་བའི་དཀྱིལ་འཁོར་ཨབཟང་ཞིང་དགའ་བ་དེར། །སོགས་བརྗོད། དགེའོ།།


previousབར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ།next