Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལགnext

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག


JKT016_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག་བཞུགས་སོ། །བླ་མ་དང་རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། རྗེ་བཙུན་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཀྱི་སྒོ་ནས་རང་གཞན་གྱི་དོན་བྱ་བའི་ཆོ་གའི་ཡན་ལག་ཉེར་མཁོ་མདོར་བསྡུས་པ་ལ་གསུམ་ལས། དང་པོ་ཚོགས་ཀྱི་མཆོད་པའི་ཆོ་ག་ནི། དཀར་གསུམ་མངར་གསུམ་ཤིང་ཏོག་ཁུར་བ་སོགས་གཙང་ཞིང་གྱ་ནོམ་པའི་བཟའ་བཏུང་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་དང་། སྤྲོ་ན་མདུན་བསྐྱེད་ཀྱང་བྱ། ཚོགས་རྫས་ཆབ་ཀྱིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། པོ་ཏ་ལ་ཡི་གནས་མཆོག་ནས། །རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ། །སངས་རྒྱས་བྱང་སེམས་ཌཱ་ཀིས་བསྐོར། །ཚོགས་ཀྱི་མཆོད་པ་བཞེས་


JKT016_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཤེགས། །བཛྲ་ས་མཱ་ཛ༔ ཚོགས་ཕུད་འབུལ། ཨོཾ་ཨཱཿཧཱུཾ། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པས། །ཚོགས་མཆོད་ཡེཤེས་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་དམ་ཚིག་གིས། །འཕགས་མ་འཁོར་བཅས་མཉེས་གྱུར་ཅིག །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ག་ན་པཱུ་ཛ་ཧོ༔ སྐོང་བཤགས་ནི། སླར་ཡང་ཚོགས་ཕུད་བྲན་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོ། ཆོས་ཀུན་འོད་གསལ་སྟོང་པ་ཉིད་ཀྱི་ངང་། །ཏིང་ངེ་འཛིན་གྱི་རོལ་མོ་ལས་བྱུང་བའི། །སྣོད་བཅུད་རྣམ་དག་བདེ་ཆེན་བཀོད་པའི་ཞིང་། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱའི་དབུས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་མཆོག །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚལ། །གཏེར་ཆེན་བུམ་བཟང་འཆི་མེད་བདུད་རྩིའི་མཚོ། །ཉི་ཟླའི་སྣང་བ་ནོར་བུའི་བྲག་སྐྱིབས་སོགས། །ལྷ་དང་མི་ལས་ཁྱད་པར་འཕགས་པ་ཡི། །བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་གྲུབ་པ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང་། །ཚོགས་དང་གཏོར་མའི་ལོངས་སྤྱོད་རྨད་བྱུང་བས། །འཕགས་མ་ཡིད་བཞིན་འཁོར་ལོའི་ཐུགས་དམ་


JKT016_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །རིགས་བདག་འོད་སྣང་མཐའ་ཡས་ཐུགས་དམ༴ དུས་གསུམ་རྒྱལ་བ་སྲས་བཅས །ཡི་དམ་དཀྱིལ་འཁོར་ཡོངས་རྫོགས །གནས་གསུམ་དཔའ་བོ་མཁའ་འགྲོའི༴ ཆོས་སྲུང་ནོར་ལྷ་རྒྱ་མཚོའི༴ རང་བཞིན་བཅས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས། །གནས་སྐབས་མཐར་ཐུག་འགལ་རྐྱེན་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་སྤོར། །ཁམས་གསུམ་སྣོད་བཅུད་སྣང་སེམས་དབང་དུ་བསྡུས། །གཉིས་འཛིན་དགྲ་བགེགས་ཆོས་ཉིད་ཀློང་དུ་སྒྲོལ། །མདོར་ན་ཡིད་ལ་སྨོན་པའི་དགེ་མཚན་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བརྗོད། ཚོགས་ཀྱི་ཞལ་ཟས་དངོས་གྲུབ་ཀྱི་བདུད་རྩིའི་ཚུལ་དུ་རོལ། ལྷག་མ། ཨོཾ་ཨཱཧཱུྃ་གིས་བརླབ། རྗེ་བཙུན་སྒྲོལ་མའི་བཀའ་འཁོར་ན། །གནས་པའི་མཁའ་འགྲོ་ཤུགས་འགྲོའི་ཚོགས། །ལོངས་སྤྱོད་བདུད་རྩིའི་ལྷག་མ་བཞེས། །འཁོར་སྲུངས་རྐྱེན་ཟློག་ཕྲིན་ལས་སྤེལ། །སརྦ་ཌཱ་ཀི་ནཱི་ཨུཙྪིཥ་བ་ལིནྟ་བྷ་སི་སྭཱ་ཧཱ། ཞེས་དབུལ། འཆི་མེད་འཕགས་མའི་ལྷ་ཚོགས་ལ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། རྗེས་ཆོ་ག་མཆོད་བསྟོད་སྔོན་དུ་


JKT016_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། ཨོཾ། འཆི་མེད་འཕགས་མའི་ལྷ་ཚོགས་ཐུགས་རྗེའི་གཏེར། །བདག་གིས་རྩེ་གཅིག་བསྙེན་ཅིང་མཆོད་པའི་མཐུས། །ཕྲིན་ལས་བཞི་དང་དབང་བཅུའི་ཡོན་ཏན་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྩ་སྔགས་མཐར། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཞེས་དངོས་གྲུབ་གསོལ། ནོངས་པར་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། རང་དང་སྣང་བ་ཐམས་ཅད་འོད་གསལ་ངང་། །སླར་ཡང་ཡིད་བཞིན་འཁོར་ལོའི་སྐུར་གྱུར་པའི། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཅེས་གསལ་བཏབ་ལ། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བརྒལ་བ། །མགོན་པོ་ཚེ་མཐའ་ཡས པ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་བྱའོ། །གཉིས་པ་མེ་མཆོད་ཀྱི་ཆོ་ག་ནི། ལས་བཞི་སོ་སོའམ་ཡོངས་སུ་རྫོགས་པའི་ཐབ་ལྷ་མཚན་དང་བཅས་པར་བུད་ཤིང་བརྩེགས། མཆོད་བསྲེགས་ཀྱི་རྫས་སོགས་ཕྱག་ལེན་ལྟར་འདུ་བྱ། བསང་ཆུ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབས་པ་གཏོར་བས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་རྫས་དང་བསྲེག་རྫས་རྣམས་ཡེ་ཤེས་


JKT016_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་རྩིའི་རང་བཞིན་སོ་སོའི་ལས་སྒྲུབ་པའི་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། སྔགས་མཐར། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་པས་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་ཡོངས་གྱུར་པའི། །མཚན་ཉིད་ཡོངས་རྫོགས་ལས་ཀྱི་ཐབ་ཁུང་དབུས། །ཡེ་ཤེས་མེ་ཕུང་རབ་ཏུ་འབར་བའི་ཀློང་། །པད་ཟླའི་གདན་ལ་ཏཱཾ་ཡིག་ཡོངས་གྱུར་ལས། །ཞེས་སོགས་བསྟོད་པའི་བར་གཞུང་ལྟར་གཏོང་། འཕགས་མའི་ལྗགས་སྟེང་ཧཱུཾ་ཡིག་ལས། །བྱུང་བའི་འོད་ཀྱིས་སྦུ་གུ་ཡིས། །སྲེག་རྫས་བདུད་རྩིའི་རྒྱུན་དྲངས་པས། །ཟག་མེད་བདེ་བས་རབ་ཏུ་དགྱེས། །ཐུགས་ནས་ལས་མཐུན་འོད་ཟེར་འཕྲོས། །འདོད་རྒུའི་ཕྲིན་ལས་འགྲུབ་པར་གྱུར། །ཅེས་དམིགས་ལ། རྩ་སྔགས་ལ། ཨོཾ་ཨགྷ་ཡེ་སྭཱ་ཧཱ། ཞེས་དང་། སྐབས་སུ་འོག་ནས་འབྱུང་བའི་ལས་སྔགས་བཏགས་པས་མར་ཁུ། རྩ་སྔགས་ལ། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ་དང་། ལས་སྔགས་བཏགས་པས་ཡམ་ཤིང་བཅས་ཅི་ནུས་སུ་འབུལ། ཁྱད་པར་གྱི་རྫས་ཞི་བ་ལ་ཏིལ་དང་། རྩ་སྔགས་མཐར་སྤེལ་ཚིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཨོ། ཞེས་སྦྱར། རྒྱས་པ་ལ་དུརྦ་དང་རིན་ཆེན་འབྲུ་སྨན་ཟས་མཆོག་སོགས་དང་། རྩ་སྔགས་མཐར་སྤེལ་ཚིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་


JKT016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པུཊྚི་ཀུ་རུ་ཨོཾ། དབང་ལ་ཆང་གིས་སྦགས་པའི་མེ་ཏོག་དམར་པོ་དང་། རྩ་སྔགས་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ། དྲག་པོ་ལ་ཡུངས་དཀར་དང་ལན་ཚྭ་བསྲེས་པ་དང་། རྩ་སྔགས་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་སྦྱར་བ་གཙོ་བོར་འབུལ། །རྫས་རྫོགས་པ་ན་མཆོད་བསྟོད་དངོས་གྲུབ་བླངས། ནོངས་པ་བཤགས། བཛྲ་མུས་ཐབ་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། ཉེར་བསྡུ་ནས་བཀྲ་ཤིས་པར་གོང་ལྟར་བྱའོ།། ༈ །།གསུམ་པ་གཞན་རྗེས་སུ་འཛིན་པའི་ཆོ་ག་ནི། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྐུའམ་མེ་ཏོག་གི་ཚོམ་བུ་དགོད། དེའི་མདུན་དུ་རྣམ་བུམ་བཅུད་ལྡན། གཡས་སུ་འོ་མ་དང་མངར་གསུམ་སྦྱར་བའི་བདུད་རྩི། གཡོན་དུ་དཀར་མངར་དང་ཚེ་རྫས་སྦྱར་བའི་རིལ་བུ། དེའི་མདུན་དུ་མཆོད་གཏོར་སོགས་འདུ་བྱ། བདག་བསྐྱེད་བཟླས་པ་དང་བཅས་པའི་རྗེས། མདུན་རྟེན་བསངས་སྦྱང་། མདུན་རྟེན་སྟོང་ཉིད་སྐྱེ་བ་མེད་པའི་ངང་། །སྐྱེ་བའི་ཆོ་འཕྲུལ་སྒྱུ་མའི་རྣམ་རོལ་ནི། །གཡུ་ལོ་བཀོད་པའི་ཞིང་ཁམས་ཉམས་དགའ་བ། །ཞེས་སོགས་ནས་བསྟོད་པའི་བར་བྱ། གཏོར་མ་ཕུལ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་མོས་ལ་བཟླས་པ་ཅི་རིགས་པ་དང་། ཐུགས་ཀའི་འོད་ཀྱིས་ཚེ་བཅུད་བསྡུས་ནས་ཚེ་རྫས་ལ་ཐིམ་པར་དམིགས། བུམ་


JKT016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །ཧཱུཾ་ལས་རིན་ཆེན་བུམ་པ་མཚན་ཉིད་རྫོགས། །བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བའི་དབུས། །པད་དཀར་ཟླ་སྟེང་ཧཱུཾ་ཡིག་ཡོངས་གྱུར་ལས། །ཞེས་སོགས་ནས་བསྟོད་པའི་བར་བྱ། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། །གཟུངས་ཐག་ལ་འཁྲིལ་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་ལས་འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཅེས་དམིགས་ལ་བཟླས་པ་ཅི་ནུས་མཐར་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཧཱུྃ་གིས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་དྲངས་པས་བུམ་པའི་ལྷ་འོད་དུ་ཞུ་བའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ། དེ་ནས་སློབ་མ་ཁྲུས་བྱས། སྔོན་གཏོར་གཏོང་། ཆོས་བཤད་ཅི་རིགས་པ་ལས་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་ལྷག་པའི་ལྷ་ཁྱད་པར་ཅན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་བསྐོར་ལ་བཀའ་གཏེར་དག་སྣང་གི་བབས་སོ་མང་དུ་བཞུགས་པ་ལས། འདིར་རིང་བརྒྱུད་བཀའ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་ལས་བྱུང་བ་གཞིར་བཟུང་སྟེ། ཉེ་བརྒྱུད་གཏེར་མ་རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་ཨོ་རྒྱན་རོག་རྗེ་གླིང་པས་འཕྱིང་དབང་བང་སོ་དམར་པོ་ནས་སྤྱན་དྲངས་པའི་འཕགས་


JKT016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདམས་བསྐོར་གྱི་བྱིན་རླབས་ཀྱི་བརྒྱུད་པའང་དོན་གྱིས་བཞུགས་ཤིང་། །ཤིན་ཏུ་ཉེ་བརྒྱུད་ཀུན་མཁྱེན་བླ་མ་ཉིད་ལ་འཕགས་མ་ཡིད་བཞིན་འཁོར་ལོས་མངོན་སུམ་དུ་བྱིན་གྱིས་བརླབས་པས་ཁྱད་པར་དུ་བྱས་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ལ་ཐོག་མར་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སོགས་ལན་གསུམ། དངོས་གཞིར་སྐུའི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཏྭཾ་དཀར་པོ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་དང་ལྡན་པ། གཡས་མཆོག་སྦྱིན་དང་། གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤལ་ལ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ༀ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་


JKT016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་མའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། རྩ་སྔགས་མཐར། ཨཱ་བེ་ཤ་ཡ་བཏགས་པ་དང་། སྤོས་རོལ་དང་བཅས་བྱིན་དབབ། དེ་བརྟན་པར་བྱ་བའི་སླད་དུ་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །སྐུ་ཡི་རང་བཞིན་བུམ་པའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །རྩ་སྔགས་མཐར། ཀཱ་ཡ་ཨབྷི་ཥིཉྩ་ཨོ། དེས་སྐུའི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །གསུང་གི་རྗེས་སུ་གནང་བ་ལ་བཟླས་ལུང་གི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ། དེའི་མདུན་དུ་ༀ། རྒྱབ་ཏུ་ཧྭ། རྩིབས་བརྒྱད་ལ་ཡི་གེ་འབྲུ་བརྒྱད་གསལ་བཏབ་ནས་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀའི་འཁོར་ལོ་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་འདིའི་རྗེས་ཟློས་མཛོད། རྩ་སྔགས་ལན་གསུམ། དམ་བཅའ་བའི་སླད་དུ། འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་


JKT016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་ཞིང་། བཟླས་བརྗོད་ལ་བརྩོན་པར་དམ་འཆའ་ལགས་སོ། །ལན་གསུམ། བྱིན་གྱིས་བརླབ་པའི་སླད་དུ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་༧མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་དེ་ལྟར་ཕུལ་བའི་མེ་ཏོག་སྔགས་ཕྲེང་དུ་བསྒྱུར་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་བས་སྙིང་གར་ཐིམ་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ལན་གསུམ། དེ་བརྟན་པར་བྱ་བའི་སླད་དུ་འཆི་མེད་ཚེའི་བདུད་རྩི་བྱིན་པའི་མོས་པ་མཛོད། ཨཱཿ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །གསུང་གི་རང་བཞིན་བདུད་རྩིའི་རྒྱུན། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག །རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ དེས་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །ཐུགས་ཀྱི་རྗེས་གནང་གི་སླད་དུ། སློབ་དཔོན་གྱི་


JKT016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་ཨུཏྤ་ལའི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ། དེའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གར་ཐིམ་པའི་མོས་པ་དང་བཅས་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། དེ་བརྟན་པར་བྱ་བའི་སླད་དུ་ཚེའི་རིལ་བུ་བྱིན་པའི་མོས་པ་མཛོད། ཧཱུཾ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །ཐུགས་ཀྱི་རང་བཞིན་ཚེའི་རིལ་བུ། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །རྗེས་སུ་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་དང་། རྗེས་ཆོག་མཆོད་བསྟོད་དངོས་གྲུབ་བླངས་བ་སོགས་ཚོགས་མཆོད་ཀྱི་སྐབས་ལྟར་བྱའོ། །ཞེས་པའང་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་ལགས་ཀྱི་གསུང་གིས་བསྐུལ་བ་དང་། རྗེ་བཙུན་རིན་པོ་ཆེ་ཛྙཱ་ནའི་མཚན་ཅན་གྱི་ཞལ་སྔ་ནས་ཀྱང་ལེགས་སོ་དབུགས་དབྱུང་བས་འདྲི་བའི་སྤོབས་པ་སྐྱེས་ཏེ། སྔགས་བཙུན་ཤཱ་ས་ན་དྷ་ར་བཛྲ་གྱིས་ལྷ་དང་མཁའ་འགྲོ་འདུ་བའི་དབེན་རིའི་ངོགས་བསམ་གཏན་བསྒོམ་པའི་ཁང་བུར་ཐུན་མཚམས་འགའ་ཞིག་ཏུ་བྲིས་པའི་དགེ་བའི་བསྟན་འཛིན་གྱི་


JKT016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་རྣམས་ཞབས་པད་བརྟན་ཅིང་། སེམས་ཅན་ཐམས་ཅད་ཚེ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །འདིའི་བརྒྱུད་པ་ནི། ཀུན་མཁྱེན་རིན་པོ་ཆེ་ནས། རྗེ་བཙུན་ཡེ་ཤེས་ཆོས་སྒྲོན། ངག་དབང་བསྟན་འཛིན་རྡོ་རྗེ། དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་རིན་པོ་ཆེ་མཁྱེན་རབ་མཐུ་སྟོབས། དེས་བདག་ལའོ། ༈ །ཚེ་དབང་གྲངས་གསོག་ན། རྒྱས་པ་ཚར་གཅིག་བཀྲ་ཤིས་ཡན་གྲུབ་པའི་མཐར། སླར་ཡང་བླ་མ་དང་བདུན་བསྐྱེད་རྗེ་བཙུན་སྒྲོལ་མ་དཀར་མོ་ཐ་མི་དད་པས་སྐུ་གསུང་ཐུགས་རྡོ་རྗེའི་འཆི་མེད་ཚེའི་དབང་དང་དངོས་གྲུབ་མ་ལུས་པ་སྩལ་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན་ལ། ཨོ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །སྐུ་ཡི་རང་བཞིན་བུམ་པའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། བདུད་རྩི་སྦྱིན་ལ། ཨཱཿ རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །གསུང་གི་རང་བཞིན་བདུད་རྩིའི་རྒྱུན། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག །རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱུ རིལ་བུ་སྦྱིན་ལ། ཧཱུྃ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །ཐུགས་ཀྱི་རང་བཞིན་ཚེའི་རིལ་བུ། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཤིས་བརྗོད་བློ་ཀ་གང་རུང་རེ་བྱ། གྲངས་རྫོགས་ནས་དམ་ཚིག་ཁས་བླང་མན་དཀྱུས་ལྟར་རོ། །


previousསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལགnext