Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ།next

སྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ།


JKT016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་མཎྜལ་བཞི་པའི་ཆོ་ག་བྱ་བར་འདོད་ན། གནས་དབེན་པར་དཀོན་མཆོག་གི་རྟེན་སྤྱི་དང་སྟེགས་བུའི་དབུས་སུ་རྗེ་བཙུན་མའི་སྣང་བརྙན་བྲིས་འབུར་སྐུ་མེད་ན་མེ་ཏོག་གི་ཚོམ་བུ་དགོད་ཅིང་། རྗེས་ཆོག་གི་སྐབས་སུ་གཤེགས་སུ་གསོལ་བས་ཀྱང་རུང་། གང་རིགས་བཞུགས་པའི་ཟུར་བཞིར་མཎྜལ་ཚོམ་བུ་བདུན་མ་བཞི་དང་། ལོགས་བཞིར་མཆོད་པ་སྣ་ལྔ་ཅི་འབྱོར་པས་བསྐོར། གཏོར་མ་འབུལ་ན་དཀར་ཟླུམ་རྒྱན་ལྡན་བཤམ། གཞན་ཡང་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱ། ཆོ་ག་དངོས་ལ་གཉིས། དཀོན་མཆོག་སྤྱི་དང་། རྗེ་བཙུན་མ་ལ་བརྟེན་ནས་ཚོགས་གསོག་པའོ། །དང་པོ་ནི། བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་ལྕི། པ་ནས། མཆོད་པའི་སྤྲིན་གྱི་གཟུངས་བཟླ་བ་ཡན་མཎྜལ་གཅིག་པ་ལྟར་ལ། ཡན་ལག་བདུན་པའི་རྗེས་སུ་སྤྲོ་ན་བྱང་སྡོམ་སྤྱི་ལྟར་བླང་། དེ་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སོགས་སྔོན་དུ་འགྲོ་བས། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་སཱ་མ་ཛ ཞེས་སྤྱན་དྲངས་པས་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པར་གྱུར་པའི་མོས་པས། པདྨ་ཀ་མ་ལཱ་ཡེ་ཧཱུཾ་གྱིས་


JKT016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གདན་འབུལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཨཱཋཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝས་ཨཱ་ལཾ་ཀཱ་རཱ་ཡཱ་སྭཱ་ཧཱ། ཞེས་ཁྲུས་གསོལ་ན་བཟའ་དང་རྒྱན་དབུལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ཡན་ལག་བདུན་པ་དབུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་བློ་ཀ་གསུམ་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། མཎྜལ་རྒྱས་པའམ། ས་གཞི་སྤོས་ཆུས་སོགས་ཀྱི་འབུལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ། སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐུགས་རྗེ་ཅན། །ཞེས་སོགས་


JKT016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གཉིས་པ་ནི། མདུན་རྟེན་བསང་སྦྱང་། ཨཱཿ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། །ཞེས་སོགས་ནས། ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །ཞེས་པའི་བར་གཞུང་ལྟར་ལ། དེ་མཐར་པད་འདབ་ཉེར་གཅིག་རྒྱས་པའི་དབུས། །དྲན་པས་སྲིད་ཞིའི་འཇིགས་པ་ཀུན་སེལ་ཞིང་། །འདོད་རྒུའི་དངོས་གྲུབ་ཡིད་བཞིན་སྩོལ་མཛད་པའི། །རྗེ་བཙུན་སྒྲོལ་མ་ཉི་ཤུ་རྩ་གཅིག་ནི། །གང་འདུལ་མཚན་དང་སྐུ་ཡི་བཀོད་པ་དང་། །ཕྱག་མཚན་གསལ་རྫོགས་འོད་ཟེར་རབ་འཕྲོ་བ། །ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་འགྱུར་ཅན། །བདག་ལ་དགྱེས་ཤིང་བརྩེ་བས་རབ་བཞུགས་པའི། །མཐའ་སྐོར་སངས་རྒྱས་བྱང་སེམས་རིག་པ་འཛིན། །ཞེས་སོགས་ནས། ན་མོ་ན་མ་ཧཱུྃ། ཞེས་པའི་བར་གཞུང་ལྟར་དང་། ལྷ་དང་ལྷ་མིན་ཅོད་པན་སོགས་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་ཀྱི་ཡན་ལག་བདུན་པ་དབུལ། ཁྲུས་གསོལ་རྒྱན་འབུལ་གོང་ལྟར་བྱ། མེ་ཏོག་དམ་པ་སོགས་བློ་ཀ་གསུམ་གྱི་མཐར་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་མཆོད། མཎྜལ་རྒྱས་བསྡུས་གང་རིགས་བརྒྱ་རྩ་སོགས་ཅི་ནུས་ཕུལ། ༀ། ཆུ་སྐྱེས་ཞལ་གྱི་གེ་སར་ལས། སོགས་ནས། བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །ཅེས་པའི་བར་གཞུང་ལྟར་བྱ། ཕན་ཡོན་དྲན་


JKT016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་ཕྱག་དང་བཅས་པས། ཨོ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ཀྱང་ཕྱག་འཚལ་ཉེར་གཅིག་ཚར་གཉིས་དང་། ལྷ་མོ་ལ་གུས་སོགས་ཕན་ཡོན་དྲན་པ་ཚར་གཅིག་བརྗོད། མདུན་བསྐྱེད་ཀྱི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མཐའ་དག་ཞི་བ་དང་། ཕན་པ་དང་བདེ་བའི་འདོད་རྒུ་མ་ལུས་པ་ཡིད་བཞིན་དུ་སྩལ་བར་གྱུར་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྟོང་རྩ་སོགས་ཅི་ནུས་བཟླས་མཐར་ཏཱ་རེ་ཞེས་མཚན་སྔགས་བརྒྱ་ཕྲག་གསུམ་གྱིས་བོས་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་ནས། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་པའི་བར་སྤྱི་ལྟར་ལ། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །ཅེས་འདོད་དོན་གསོལ་བ་མཎྜལ་དང་པོའོ། །དེ་བཞིན་མཎྜལ་གཉིས་པ་ལ། ལྷ་དང་ལྷ་མིན་སོགས་ཡན་ལག་བདུན་པ་ནས་འདོད་གསོལ་བར་གོང་ལྟར་ལ། ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང་། མཎྜལ་གསུམ་པ་ལ་ཡང་དེ་བཞིན་གྱིས་ཕྱག་འཚལ་ཉེར་གཅིག་ཚར་བདུན་


JKT016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་བ་ཁྱད་པར་རོ། །རྗེས་ནི། གཏོར་མ་འབུལ་བར་སྤྲོ་ན་འདས་གཏོར་གཞུང་ལྟར་དང་། འཇིག་རྟེན་པ་རྣམས་ལ་གཏོར་མ་ཟུར་དུ་བཤམ་པའམ། འདས་གཏོར་གྱི་ལྷག་མ་ཨོཾ་ཨཱཿཧཱུྃ་གིས་སླར་ཡང་བརླབ། ཨ་ཀཱ་རོས་བསྔོ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་པས་ནོངས་པ་བཤགས། ཨོ། འདིར་ནི་སོགས་རྟེན་ལ་བརྟན་བཞུགས་དང་། བཛྲ་མུས་རྟེན་ལ་མ་བརྟེན་པའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་པའི་མོས་པ་བྱ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། སོགས་བསྔོ་སྨོན་དང་། ཕུན་སུམ་ཚོགས་པ་སོགས་ཤིས་བརྗོད་རྒྱས་བསྡུས་གང་རིགས་བྱའོ། །དེ་ལྟར་བརྩོན་པས་འཇིགས་པ་ཐམས་ཅད་ཞི་བ་དང་། དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །ཞེས་པའང་ཚུལ་འདི་ལྟར་སྦྱར་བའི་ཕྱག་ལེན་གྱི་ཡི་གེ་མཐོང་བ་ལས་དོན་གྱི་སྙིང་པོ་ཤིན་ཏུ་བསྡུས་ཏེ། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཨ་བྷ་ཡས་ཟིན་བྲིས་སུ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།


previousསྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ།next