Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   


 
previousསོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ།next

སོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ།


JKT016_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ་ཅེས་བྱ་བ་བཞུགས་སོ།། །།


JKT016_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གང་མཚན་བདུད་རྩིའི་ཆུ་གཏེར་ལ་རེག་པས། །ཕུན་ཚོགས་དགེ་ལེགས་ཨུཏྤལ་གསར་པའི་འཛུམ། །ཐར་པའི་ཕྱོགས་སུ་གྲོལ་བའི་དཔལ་སྦྱིན་པ། །སྟོན་མཆོག་ཉི་མའི་གཉེན་ལ་གསོལ་བ་འདེབས། །རྣམ་པར་གྲོལ་བའི་ཤེས་རབ་ཕུང་པོ་ཡིས། །ཟག་མེད་ཡུལ་ལ་འདུས་སྟེ་རེག་པའི་སྤྱན། །སྒྲིབ་པ་མེད་པས་བསྔགས་པའི་མེ་ཏོག་གིས། །མཛེས་བྱས་ཤཱ་རིའི་བུ་ལ༴ ཤཱཀྱའི་རིགས་འཁྲུངས་རྒྱལ་སྲས་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་རཱ་ཧུ་ལ་གུལྟ། །ཀུན་མཁྱེན་གཉིས་པ་ནཱ་ག་རྫུ་ན་སྟེ། །འཕགས་མཆོག་དམ་པ་གསུམ་ལ༴ མཁས་པའི་གཙུག་ནོར་གུ་ཎ་པ་ཏེ་དང་། །རིག་གྲོལ་མཐར་སོན་ཆོས་ཀྱི་ཕྲེང་བའི་མཚན། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ཞི་


JKT016_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞབས། །འགྲོ་བའི་འདྲེན་པ་གསུམ་ལ༴ བསིལ་ལྗོངས་བཀའ་དྲིན་ཟླ་བྲལ་ཤཱཀྱ་ཤྲཱི༔ གང་དེས་རྗེས་བཟུང་མཁན་ཆེན་རྡོ་རྗེ་དཔལ། །བློ་ལྡན་དགྱེས་པའི་དཔྱིད་གྱུར་འོད་ཟེར་མཚན། །གངས་ཅན་སྣང་བྱེད་གསུམ་ལ༴ ཚུལ་གནས་ཐོས་བསམ་སྒོམ་མདུན་པུཎེ་བྷཱི །རྣམ་ཐར་རྨད་བྱུང་བཀྲ་ཤིས་ཚུལ་ཁྲིམས་དང་། །ཐམས་ཅད་གཟིགས་པ་ཡེ་ཤེས་རྒྱལ་མཚན་ཏེ། །མཚུངས་མེད་དམ་པ་གསུམ་ལ༴ ཀུན་མཁྱེན་གཉིས་པ་རྗེ་བཙུན་ཨེ་ཝཾ་པ། །ཡོངས་ཀྱི་བཤེས་གཉེན་དཔལ་ལྡན་རྡོ་རྗེ་དང་། །ལུང་རྟོགས་ཡོན་ཏན་དབང་འབྱོར་དཀོན་མཆོག་འཕེལ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ༴ སྡེ་སྣོད་རྒྱ་མཚོའི་མཐར་སོན་ལྷ་ཡི་མཚན། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་སེང་


JKT016_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དང་། །བརྟན་པའི་འཁོར་ལོ་ནམ་མཁའ་དཔལ་བཟང་སྟེ། །མཁས་བཙུན་དམ་པ་གསུམ་ལ༴ མཁྱེན་བརྩེའི་བདག་ཉིད་བསོད་ནམས་ལྷུན་གྲུབ་དང་། །རྒྱལ་བ་དགྱེས་པའི་བཤེས་གཉེན་དཔལ་གྲུབ་པ། །དམ་པའི་རིགས་འཁྲུངས་ཤེས་རབ་འབྱུང་གནས་སྟེ། །བསྟན་པའི་སྒྲོན་མེ་གསུམ་ལ༴ དྲི་མེད་བསླབ་པས་རྒྱུད་སྡོམ་ཡེ་ཤེས་བཟང་། །བྱམས་དང་བརྩེ་བའི་བདག་ཉིད་ཚུལ་ཁྲིམས་དཔལ། །ཕན་བདེའི་མཆོག་སྦྱིན་པུཎྱེ་བྷ་དྲཱ་སྟེ། །ཟླ་བྲལ་བཤེས་གཉེན་གསུམ༴ ངག་གི་དབང་ཕྱུག་ཆོས་སྐྱོང་བཟང་པོ་དང་། །སྨྲ་བའི་ཉི་མ་ཀུན་དགའ་བསོད་ནམས་ཞབས། །ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་འབྱོར་ཏེ། །འདྲེན་མཆོག་མཚུངས་མེད་གསུམ་ལ༴ བྱམས་པའི་ཐུགས་རྗེས་འཇམ་དཔལ་གཞོན་ནུ་ཉིད། །རིག་གྲོལ་ངུར་སྨྲིག་འཛིན་པའི་སྐུར་བསྟན་པ། །མཁས་བཙུན་བཟང་པོའི་དཔལ་མངའ་ཆོས་ཀྱི་རྗེ། །བཀའ་དྲིན་འགྲན་ཟླ་མེད་དེར་གསོལ་བ་འདེབས། །དེ་ལྟར་ལེགས་གསུང་འདུལ་བའི་སྡེ་སྣོད་ཀྱི། །མཁན་རྒྱུད་དམ་པ་རྣམས་ལ་གསོལ་བཏབ་མཐུས། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྙེད་དཀའི་དལ་འབྱོར་རྟེན་བཟང་ཐོབ་པར་ཤོག །དེར་ཡང་བཅོས་མིན་ངེས་འབྱུང་དྲག་པོ་དང་། །དྭངས་འདོད་ཡིད་ཆེས་དད་པས་རྒྱུད་བསྐུལ་ཏེ། །བརྟན་མཁས་མཚན་ཉིད་རྫོགས་པའི་བཤེས་གཉེན་གྱི། །


JKT016_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་རྡུལ་གཙུག་གི་པདྨོས་བསྙེན་པར་ཤོག །འགལ་རྐྱེན་ངེས་པ་ལྔ་བྲལ་མཐུན་པའི་རྐྱེན། །མཐའ་དག་ཚང་ཤིང་བསླབ་ཚིགས་སྔ་མ་གཉིས། །རིམ་པ་ནོད་ནས་མངོན་གྱུར་རྣམ་པ་བཅུས། །བག་མེད་འགོག་པའི་བདུད་རྩི་བཏུང་བར་ཤོག །ཕམ་ལྷག་སྤང་དང་ལྟུང་བྱེད་སོར་བཤགས་དང་། །ཉེས་བྱས་ཕྱོགས་མཐུན་བཅས་པ་ཀུན་སྤངས་ཤིང་། །བསླབ་ཚུལ་ཆོས་རྣམ་དག་པར་བྱེད་པ་ཡིས། །གཞི་གསུམ་ཆོ་གའི་དཔལ་ལ་སྤྱོད་པར་ཤོག །གོས་དང་སྨན་དང་གནས་མལ་ལ་སོགས་པ། །བདེ་བར་གནས་པའི་རྐྱེན་རྣམས་ཕུན་ཚོགས་ཤིང་། །གསོལ་དང་གསོལ་བ་གཉིས་དང་གཞི་ཡི་ལས། །བརྒྱ་རྩ་གཅིག་པའི་ཚུལ་ལ་མཁས་པར་ཤོག །ལྟུང་དང་རྩོད་པའི་མུན་སྟག་ཕྲ་མོ་ཡང་། །ཕྱིར་བཅོས་བདུན་གྱི་ཟླ་ཤེལ་གིས་རེག་པས། །ཡོངས་སུ་སྦྱངས་ཏེ་འགྱོད་པ་མེད་པ་ཡི། །ཚུལ་ཁྲིམས་ཕུང་པོ་ཕ་མཐར་ཕྱིན་ལ པར་ཤོག །དེ་མཐུས་ལུས་སེམས་ཤིན་སྦྱངས་ཏིང་འཛིན་དང་། །རྣམ་པར་མི་རྟོག་ཤེས་རབ་ལ་བརྟེན་ནས། །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོ་ཐར་འདུལ་སྡོམ་གྱི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་ཉུང་ངུར་བསྡུས་པ་འདིའང་བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེ་སྐྱེ་རྒུ་དོན་གྲུབ་གླིང་གི་ཆོས་གྲྭ་ནས་རིགས་པར་སྨྲ་བའི་བཤེས་གཉེན་དམ་


JKT016_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཉྫཤི་མ་ཏིས་ཡུན་རིང་དུ་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་འཇིགས་མེད་མཁྱེན་བརྩེའི་ཟློས་གར་དཔལ་བཟང་པོའམ་གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་དཱ་རི་དྲས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ལྡན་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་ཚུལ་ཁྲིམས་རྒྱ་མཚོས་བགྱིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བནྟུ། །


previousསོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ།next