Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་།
   
   
   
   
   
   
   
   
   
   
   
   


 
previousསྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་།next

སྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་།


JKT016_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་བཞུགས་སོ། །ཨོཾ་སྭ་སྟི། །རྡོ་རྗེ་འཆང་དབང་ཀུན་དགའ་བཟང་པོའི་གསུང་རབ་ལ་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་གནང་བ། །སྡོམ་པ་གསུམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཞལ་སྐོང་ལ། དང་པོ་སོ་ཐར་སྡོམ་རྒྱུན་གྱི་གསོལ་འདེབས། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་དང་། །ཞེས་པའི་མཚམས། །བསོད་ནམས་ལྷུན་གྲུབ་ཤེས་རབ་འབྱུང་གནས་ཞབས། །ཡེ་ཤེས་བཟང་པོ་ཚུལ་ཁྲིམས་དཔལ་བཟང་པོ། །བསོད་ནམས་བཟང་པོ་ངག་དབང་ཆོས་སྐྱོང་བཟང་། །ཀུན་དགའ་བསོད་ནམས་བསོད་ནམས་དཔལ་འབྱོར་དང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ཐུགས་རྗེའི་གཏེར། །འཇམ་དཔལ་བཟང་པོ་རྣམས་ལ་གསོལ་བ་འདེབས། །ཞེས་སམ། འཇམ་མགོན་ས་སྐྱ་པཎྜི་ཏའི་སྡོམ་རྒྱུན་གྱིས་དཔལ་ས་སྐྱའི་ཐུབ་བསྟན་ལྷ་ཁང་ཆེན་མོའི་


JKT016_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་རབས་བརྒྱུད་པ་ལྟར་ན། །འབྱུང་གནས་སྦས་པ་པཎ་ཆེན་ཤཱཀྱ་ཤྲཱི། །ཞེས་པའི་མཚམས། འཇམ་མགོན་ས་པཎ་འོད་ཟེར་རྒྱལ་མཚན་དང་། །མཉམ་མེད་གྲགས་རྒྱལ་མཁས་གྲུབ་གཟུངས་ཀྱི་དཔལ། །དགེ་ལེགས་བཟང་པོ་ཆོས་རྗེ་ཨཱ་ནནྡ། །བྱམས་པ་ཆོས་རིན་བརྩོན་འགྲུས་རྒྱ་མཚོའི་ཞབས། །ཆོས་རྒྱལ་དཔལ་འབྱོར་ནམ་མཁའ་རྒྱལ་མཚན་པ། །ནམ་མཁའ་དབང་ཕྱུག་སངས་རྒྱས་འོད་ཟེར་དང་། །ཀླུ་སྒྲུབ་རྒྱ་མཚོ་འཇམ་དབྱངས་དགའ་བའི་བཤེས། །གྲགས་པ་རྣམ་རྒྱལ་བསོད་ནམས་བཀྲ་ཤིས་ཞབས། །དབང་ཕྱུག་ཕུན་ཚོགས་བརྩོན་འགྲུས་ཡེ་ཤེས་མཚན། །སྦྱིན་པ་བཀྲ་ཤིས་ནམ་མཁའ་འཆི་མེད་དང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ཐུགས་རྗེའི་གཏེར། །ཀུན་དགའ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །ཞེས་སྦྱར། དབུ་མ་ལུགས་ཀྱི་བྱང་སྡོམ་བརྒྱུད་པའི་གསོལ་འདེབས། །སོ ངག་དབང་ཆོས་གྲགས་མཁན་ཆེན་བསོད་བཀྲ་པ། །ཞེས་པའི་མཚམས། །སངས་རྒྱས་རྒྱ་མཚོ་སངས་རྒྱས་ཕུན་ཚོགས་དང་། །བཀྲ་ཤིས་བཟང་པོ་ཚུལ་ཁྲིམས་རིན་ཆེན་དཔལ། །དགེ་ལེགས་ལྷུན་གྲུབ་ཕྲིན་ལས་ཡོན་ཏན་ཞབས། །སེམས་དཔའ་ཆེན་པོ་བསྟན་འཛིན་སྙན་གྲགས་ཏེ། །བྱང་སེམས་སྡོམ་པའི་བརྒྱུད་པར་གསོལ་བ་འདེབས། །ཡང་ན། ངག་དབང་ཆོས་གྲགས་སྤྱན་སྔ་ཀུན་དགའི་མཚན། །


JKT016_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བསོད་ནམས་མཁན་ཆེན་བློ་གྲོས་བརྟན། །ཕྱོགས་ལས་རྣམ་རྒྱལ་ཀུན་དགའ་ལྷུན་གྲུབ་དཔལ། །ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་ཞབས། །བསྟན་པའི་ཉི་མ་རྡོ་རྗེ་རིན་ཆེན་སྟེ། །བྱང་སེམས་སྡོམ་པའི་བརྒྱུད་པར་གསོལ་བ་འདེབས། ཞེས་སྦྱར། སྔགས་སྡོམ་བརྒྱུད་པའི་གསོལ་འདེབས། དཔལ་ལྡན་དོན་གྲུབ་དཔལ་མཆོག་རྒྱལ་མཚན་དང་། །ཞེས་པའི་མཚམས། སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་ཞབས། །དཔལ་ལྡན་ཆོས་སྐྱོང་ཆོས་སྐྱོང་བཟང་པོ་དང་། །ནམ་མཁའ་འཆི་མེད་རིགས་ཀུན་ཁྱབ་བདག་ཆེ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །ཡང་ན། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་དང་། །ཞེས་པའི་མཚམས། །ཀུན་དགའ་རིན་ཆེན་བསོད་ནམས་དབང་པོའི་ཞབས། །ཀུན་དགའ་བསོད་ནམས་ཀུན་དགའ་བཀྲ་ཤིས་དཔལ། །བསོད་ནམས་རིན་ཆེན་ཀུན་དགའ་བློ་གྲོས་དང་། །ནམ་མཁའ་འཆི་མེད་རིགས་ཀུན་ཁྱབ་བདག་ཆེ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །ཞེས་གང་མོས་སྦྱར་ལ། །དེ་ལྟར་དཔལ་ལྡན་བླ་མའི་སོགས་དང་སྤེལ་ལོ། །ཞེས་པའང་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾ། །


previousསྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་།next