Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་།
   
   
   
   
   
   
   
   
   


 
previousངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་།next

ངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་།


JKT016_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་ནི། །རྣམ་དག་དཀྱིལ་འཁོར་བཞི་སོགས་ནས་བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །བུདྡྷ་ཤྲཱི་ངོར་ཆེན་རྡོ་རྗེ་འཆང་། །སེམས་དཔའ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཚབ་ཀུན་དབང་ཀུན་མཁྱེན་ཡོངས་འཛིན་རྗེ། ས་སྐྱ་ལོ་ཙཱ་དཀོན་མཆོག་ལྷུན་གྲུབ་དང་། །སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའི་མཚན། །དཔལ་ལྡན་དོན་གྲུབ་རྣམས་ལ༴ དཔལ་མཆོག་རྒྱལ་མཚན་སངས་རྒྱས་ཕུན་ཚོགས་དང་། །བསོད་ནམས་དཔལ་ལྡན་དཔལ་ལྡན་ཆོས་སྐྱོང་ཞབས། །ཆོས་སྐྱོང་བཟང་པོ་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མ་རྣམས་ལ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མ་དག་སྣང་བ་ངེས་འབྱུང་བདུད་རྩི་ཡིས། །བྱང་ཆུབ་སེམས་གཉིས་པད་དཀར་བཞད་པའི་རྩེར། །སྐུ་དང་ཡེ་ཤེས་འབྲས་བུས་མཛེས་པར་ཤོག །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་པ་གནས། །འཁོར་འདས་དབྱེར་མེད་ཟབ་གསང་སྙིང་ལ་ཤར། །བསྐྱེད་དང་རྫོགས་པའི་ལམ་བཟང་ལ་བརྟེན་ནས། །སྐུ་བཞིའི་འབྲས་བུ་མྱུར་དུ་འགྲུབ་པར་ཤོག །འཇམ་དབྱངས་མཁྱེན་བརྩེས་སོ། །།ལམ་ཟབ་ཕྱི་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི། ༈ །མཁས་པའི་དབང་ཕྱུག་དཀོན་མཆོག་ལྷུན་གྲུབ་ལ། །གསོལ་བ༴ ཞེས་པ་ཡན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་གནང་བ་ལྟར་ལ། དེ་ནས། །བསྟན་པའི་སྲོག་ཤིང་སྔགས་འཆང་ཨཱ་ནནྡ། །བསྟན་འགྲོའི་གཙུག་


JKT016_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བསོད་ནམས་དབང་པོའི་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བསོད་ནམས་ལ། །གསོལ་བ༴ འཇམ་པའི་རྡོ་རྗེ་ཀུན་དགའ་བཀྲ་ཤིས་དང་། །འཇམ་མགོན་བླ་མ་བསོད་ནམས་རིན་ཆེན་ཞབས། །འཇམ་དཔལ་དབྱངས་དངོས་ཀུན་དགའ་བློ་གྲོས་ལ། །གསོལ་བ༴ ས་གསུམ་འདྲེན་མཆོག་ནམ་མཁའ་འཆི་མེད་དང་། །མཆོག་གསུམ་འདུས་ཞལ་ཀུན་དགའ་བསྟན་འཛིན་ཞབས། །སྐྱབས་གསུམ་ངོ་བོ་འཇམ་དཔལ་བཟང་པོ་ལ། །གསོལ་བ༴ དཔལ་ལྡན་མཁས་གྲུབ་རྒྱ་མཚོའི་ཐུགས་ཀྱི་སྲས། །དཔལ་ལྡན་ཁྱབ་བདག་མཁྱེན་བརྩེའི་དབང་པོ་སོགས། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ ཡང་ན། །མཁས་པའི་བརྒྱུད་འཛིན་ཤེས་རབ་འབྱུང་གནས་ལ། །གསོལ་བ༴ ཞེས་པའི་མཚམས། །འཇམ་མགོན་བླ་མ་དཔལ་མཆོག་རྒྱལ་མཚན་དང་། །འཇམ་དཔལ་དབྱངས་དངོས་སངས་རྒྱས་ཕུན་ཚོགས་ཞབས། །འཇམ་པའི་རྡོ་རྗེ་བསོད་ནམས་དཔལ་ལྡན་ལ། །གསོལ་བ༴ རྡོ་རྗེ་འཆང་དངོས་དཔལ་ལྡན་ཆོས་སྐྱོང་དང་། །རྡོ་རྗེ་ཐེག་པའི་ལམ་སྟོན་ཆོས་སྐྱོང་བཟང་། །རྡོ་རྗེ་འཛིན་དབང་ནམ་མཁའ་འཆི་མེད་ལ། །གསོལ་བ༴ རྣམ་འདྲེན་མཚུངས་མེད་ཀུན་དགའ་བསྟན་འཛིན་དང་། །རྣམ་མང་རིགས་བརྒྱའི་ཁྱབ་བདག་འཇམ་དཔལ་བཟང་། །རྣམ་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ་༴


JKT016_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདིའང་བླ་མ་དམ་པ་ཝཱ་གི་ཤྭ་ར་ཀི་རྟིས་གསུངས་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། །།འགྲོ་བའི་བླ་མའི་ཁ་སྐོང་ནི། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པ། །དེ་སྲས་ཐུ་བོ་དཀོན་མཆོག་རྒྱལ་མཚན་དཔལ། །སྨྲ་བའི་ཉི་མ་བསོད་ནམས་སེངྒེ་སྟེ། རིག་གྲོལ་མཐར་ཕྱིན་གསུམ་ལ༴ འཇམ་པའི་དབྱངས་དངོས་སངས་རྒྱས་རིན་ཆེན་དང་། །སེམས་དཔའ་ཆེན་པོ་ནམ་མཁའ་དབང་ཕྱུག་ཞབས། །ལུང་རིགས་མངའ་བདག་ཀུན་དགའ་ལེགས་གྲུབ་སྟེ། །བསྟན་པའི་གསལ་བྱེད་གསུམ་ལ༴ རིགས་པར་སྨྲ་བ་ཀུན་དགའ་ཆོས་གྲགས་དང་། །གྲུབ་པའི་དབང་ཕྱུག་ཀུན་དགའ་རྣམ་པར་རྒྱལ། །མཁྱེན་རབ་མཐར་ཕྱིན་བསྟན་འཛིན་བཟང་པོ་སྟེ། །རྣམ་འདྲེན་དམ་པ་གསུམ་ལ༴ མཁས་ཤིང་གྲུབ་བརྙེས་ངག་དབང་ལྷུན་གྲུབ་དང་། །ཀུན་གཟིགས་ཆོས་ཀྱི་ཉི་མ་རྨོར་ཆེན་རྗེ། །གདམས་པ་རྒྱ་མཚོའི་འབྱུང་གནས་གནས་གསར་པ། །མཚུངས་མེད་བླ་མ་གསུམ་ལ༴ སྙིགས་དུས་བསྟན་པའི་སྲོག་ཤིང་ཀུན་བློའི་ཞབས། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་ཏེ། །སྐྱེ་དགུའི་འདྲེན་མཆོག་གསུམ་ལ༴ བྱམས་པའི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དགའ་བའི་བསྟན་འཛིན་མཆོག་གི་སྐུར། །ཡོངས་ཤར་སྐྱབས་གནས་རྒྱ་མཚོའི་བདག་ཉིད་ཆེ། །མཁན་ཆེན་


JKT016_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པར༴ ཅེས་པའང་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་དཔལ་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་བྲིས་པ་ཤུ་བྷཾ། ༈ །སྨྱུང་ཆོག་ནས། ཤེས་རབ་འབྱུང་གནས་མཁས་བཙུན་ཀུན་དགའ་ལེགས། །ཞེས་པའི་མཚམས་སུ། །ཁ་སྐོང་ནི། །སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་དང་། །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་རྣམས་ལ༴ སྐྱབས་གནས་ཀུན་འདུས་ཕྱག་ན་པདྨོ་དང་། །དབྱེར་མེད་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞབས། འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ༔ ཞེས་པའང་མཉྫ་གྷོ་ཥས་བྲིས་པའོ། །།དཔལ་ཨེ་ཝཾ་པའི་གདན་རབས་གཙོ་བོར་གྱུར་པའི་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བྱིན་རླབས་སྣང་བ་བཞུགས་སོ། །རྡོ་རྗེ་འཆང་དང་བདག་མེད་མ། །བིརླ་པ་དང་ནག་པོ་པ། །ཌ་མ་རུ་བ་གཉིས་སྤངས་ཞབས། །ག་ཡ་དྷ་ར་ལ་ཕྱག་འཚལ། །ཤཱཀྱ་ཡེ་ཤེས་སོ་སྟོན་དང་། །ཞང་སྟོན་ཆོས་རྗེ་ས་ཆེན་ཞབས། །བསོད་ནམས་རྩེ་མོ་གྲགས་པའི་མཚན། །ས་སྐྱ་པཎ་ཆེན་ལ་ཕྱག་འཚལ། །ཆོས་རྒྱལ་འཕགས་པ་ཞང་སྟོན་རྗེ། །བྲག་ཕུག་པ་དང་བསོད་ནམས་མཚན། །དཔལ་ལྡན་ཚུལ་ཁྲིམས་བུདྡྷ་ཤྲཱི། །ཀུན་དགའ་བཟང་པོ་ལ་ཕྱག་འཚལ། །དཀོན་མཆོག་རྒྱལ་མཚན་ཤེས་རབ་མཚན། །ཀུན་དགའ་དབང་ཕྱུག་དཔལ་


JKT016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞབས། །བསོད་ནམས་སེངྒེ་དཀོན་མཆོག་འཕེལ། །སངས་རྒྱས་རིན་ཆེན་ལ་ཕྱག་འཚལ། །བསོད་ནམས་ལྷུན་གྲུབ་ལྷ་མཆོག་སེང་། །དཀོན་མཆོག་ལྷུན་གྲུབ་སངས་རྒྱས་སེང་། །ཤེས་རབ་རྒྱལ་མཚན་དཀོན་མཆོག་དཔལ། །ནམ་མཁའ་དཔལ་བཟང་ལ་ཕྱག་འཚལ། །ཀུན་དགའ་བཀྲ་ཤིས་བསོད་ནམས་ལྷུན། །དཔལ་ལྡན་དོན་གྲུབ་ནམ་མཁའི་མཚན། །ཤེར་འབྱུང་ནམ་མཁའ་རིན་ཆེན་དང་། །ངག་དབང་བསོད་ནམས་ལ་ཕྱག་འཚལ། །བསོད་ནམས་རྒྱ་མཚོ་དཔལ་མཆོག་མཚན། །ནམ་མཁའ་དཔལ་བཟང་ལྷུན་གྲུབ་དཔལ། །སངས་རྒྱས་ཕུན་ཚོགས་སངས་རྒྱས་བསྟན། །ཤེས་བྱ་བཟང་པོ་ལ་ཕྱག་འཚལ། །ཚུལ་ཁྲིམས་དཔལ་བཟང་བསོད་ནམས་དཔལ། །བསོད་ནམས་བཟང་པོ་བཀྲ་ཤིས་ལྷུན། །འཇམ་མགོན་ཚུལ་ཁྲིམས་ལྷུན་འགྲུབ་དང་། །ནམ་མཁའ་བསམ་འགྲུབ་ལ་ཕྱག་འཚལ། །དཔལ་ལྡན་ཆོས་སྐྱོང་སངས་རྒྱས་དཔལ། །བསོད་ནམས་ལྷུན་གྲུབ་མི་འགྱུར་རྒྱལ། །སངས་རྒྱས་ཡེ་ཤེས་དཀོན་མཆོག་གྲགས། །ཆོས་སྐྱོང་བཟང་པོ་ལ་ཕྱག་འཚལ། །སངས་རྒྱས་གྲགས་པ་ཕུན་ཚོགས་དོན། །ཀུན་འ་བསོད་ནམས་ཡེ་ཤེས་དབང་། །རྟགས་ཅན་འདི་རྣམས་ཁྲི་རབས་དངོས་མིན་ཀྱང་ཨེ་ཝཾ་པའི་བསྟན་པ་ལ་བཀའ་དྲིན་ཆེ་བ་དང་དབང་ལུང་མན་ངག་ཕལ་ཆེར་གྱི་བརྒྱུད་པ་ལ་བཞུགས་པ་སོགས་ཀྱིས་སྔོན་ནས་གྲགས་ཆེ་བའི་དབང་གིས་བྲིས་པའོ། །ནམ་


JKT016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འཆི་མེད་ངག་དབང་ཞབས། །བསོད་ནམས་དཔལ་འབྱོར་ལ་ཕྱག་འཚལ། །ཀུན་དགའ་བསྟན་འཛིན་བློ་གྲོས་བཟང་། །དཔལ་ལྡན་དོན་གྲུབ་དཔལ་ལྡན་བཟང་། །འཇམ་དཔལ་བཟང་པོ་བློ་གྲོས་བརྟན། །བརྟན་པའི་བློ་གྲོས་ལ་ཕྱག་འཚལ། །ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས། །གསུང་ངག་ཚོགས་སློབ་སྨྲ་བ་ཡི། །རྩ་བརྒྱུད་བླ་མ་ཐམས་ཅད་དང་། །འབྱོན་འགྱུར་བཅས་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་གསོལ་བཏབ་མཐུས། །ངེས་འབྱུང་སྙིང་རྗེ་བྱང་སེམས་འབྱོངས། །དབང་ཐོབ་དམ་ཚིག་རྣམ་པར་དག །ལམ་བཞིའི་འབྲས་བུ་མྱུར་འགྲུབ་ཤོག །ཅེས་རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྡོ་རྗེ་འཛིན་དབང་ཀུན་། དགའ་དཔལ་ལྡན་པས་མཛད་པ་ལ། །སླད་ནས་ཞུས་དག་དང་མཇུག་གི་སྨོན་ལམ་ཤུ་ལོ་ཀ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བགྱིས་པ་སྟེ། །དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་རྩ་བརྒྱུད་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་འི པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །།དཔལ་གསང་བ་སྙིང་པོའི་བཤད་རྒྱུན་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །གདོད་མའི་མགོན་པོ་གསང་བདག་རིགས་ཅན་ལྔ། །ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ་ཛ་དང་། །ཨིནྡྲ་བྷུ་ཏི་སིདྷ་ཨུ་པའི་ཞབས། །གོ་མ་དེ་བཱི་རྣམས་ལ་གསོལ་བ་འདེབས། །སྒེག་པའི་རྡོ་རྗེ་སངས་རྒྱས་གསང་བ་དང་། །བི་མ་མི་ཏྲ་ལོ་ཆེན་རྨ་གཉགས་ཟུང་། རིན་ཆེན་གཞོན་ནུ་གྱེ་རེ་མཆོག་སྐྱོང་དང་། །


JKT016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཡོན་ཏན་རྣམས་ལ་གསོལ༴ གནུབས་ཆེན་ཡབ་སྲས་ཡེ་ཤེས་རྒྱ་མཚོ་དང་། །ཤེར་མཆོག་ཡེ་འབྱུང་བདེར་གཤེགས་ཟུར་པོ་ཆེ། །ཤེས་རབ་གྲགས་པ་ཐུགས་སྲས་རྣམ་བཞི་དང་། །ཤཱཀྱ་སེང་གེ་རྣམས་ལ༴ ཆོས་ཀྱི་སེང་གེ་གཙང་ནག་འོད་འབར་བ། །མེས་སྟོན་མགོན་པོ་ཤེས་རབ་ཚུལ་ཁྲིམས་དང་། །རྟ་ནག་བདུད་འདུལ་མདའ་སྟོན་ཤཱཀྱ་འཕེལ། །བྱམས་པ་སེང་གེ་རྣམས་ལ །བསམ་འགྲུབ་རྡོ་རྗེ་སྒྲོལ་ཆེན་སངས་རིན་ཞབས། །ཐམས་ཅད་མཁྱེན་པ་འགོས་ལོ་གཞོན་ནུ་དཔལ། །ཡེ་ཤེས་དཔལ་བཟང་རིན་ཆེན་ཕུན་ཚོགས་དང་། །ཉི་ཟླ་སངས་རྒྱས་རྣམས་ལ །འཁོན་སྟོན་ཚེ་དབང་དཔལ་འབྱོར་ལྷུན་གྲུབ་དང་། །བཀྲ་ཤིས་ཀུན་དགའ་གསང་བདག་ཕྲིན་ལས་ཞབས། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་བདག་གླིང་། །དྷརྨ་ཤྲཱི་རྣམས་ལ༴ ཆོས་ཀྱི་གྲགས་པ་མདོ་རྒྱུད་རྒྱ་མཚོའི་སྡེ། །ཆོས་ཀྱི་རྡོ་རྗེ་ཕྲིན་ལས་རྣམ་པར་རྒྱལ། །ངེས་དོན་བསྟན་འཕེལ་ཀུན་མཁྱེན་བླ་མ་མཆོག །མཐུ་སྟོབས་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བརྒྱུད་པ་གསུམ་ལྡན་རིག་འཛིན་རྒྱ་མཚོ་ཡི། །ཐུགས་རྗེའི་བདུད་རྩིས་རྟག་ཏུ་དགེ་བྱས་པས། །ཟབ་དོན་རྟོགས་པའི་བློ་གྲོས་རྒྱས་པར་ཤོག །མཚན་ཙམ་གྱིས་ཀྱང་རྒྱུད་དོན་ཡོངས་རྫོགས་ཤིང་། །དོན་སྤྱིའི་ཐོས་བསམ་སྒྲོ་


JKT016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ལེགས་ཆོད་ནས། །རྡོ་རྗེའི་ཚིག་ཀུན་གསལ་བར་མཐོང་བ་ཡི། །སྐལ་བཟང་སྲིད་ན་མཚུངས་པ་མེད་གྱུར་ཅིག །གཞི་ལམ་འབྲས་བུའི་ངེས་གསང་ཁོང་དུ་ཆུད། །རྒྱུད་ཀྱི་དངོས་པོ་རྣམ་བཅུར་དབང་འབྱོར་ཞིང་། །རྩེ་གཅིག་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དེ་མཐུས་སྐུ་གསུམ་སྟོན་པའི་ཐུགས་ཀྱི་བཅུད། །གྲུབ་པའི་དབང་ཕྱུག་བྱེ་བ་གཤེགས་པའི་ཤུལ། །དཔལ་ལྡན་སྙིང་པོའི་བཤད་སྒྲུབ་སེང་གེའི་སྒྲས། །ཕྱོགས་དུས་ཀུན་ཏུ་ཡོངས་སུ་ཁྱབ་གྱུར་ཅིག །ཆོས་དབྱིངས་བཟོད་ནས་ཞི་བའི་ཡེ་ཤེས་དང་། །ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པ་ཡིས། །ཇི་ལྟར་གསོལ་བ་བཏབ་པའི་དགེ་མཚན་གྱིས། །སྲིད་ཞིའི་ཕུན་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་བདེར་གཤེགས་ཟུར་པོ་ཆེས་བྱིན་གྱིས་བརླབས་པའི་གནས་དཔལ་འུག་པ་ལུང་གི་ཉེ་འདབས་སུ་བརྒྱུད་གསུམ་སྨྲ་བ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་གུས་པས་གསོལ་བ་བཏབ་པ་ཇི་ལྟར་སྨོན་པའི་གནས་ཀུན་སིདྡྷི་རསྟུ། །


previousངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་།next