Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ།
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ།next

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ།


JKT016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །དཔལ་ལྡན་དུས་འཁོར་ཟླ་བཟང་ལྷ་དབང་ཞབས། །གཟི་བརྗིད་ཟླས་བྱིན་ལྷ་དབང་སྣ་ཚོགས་གཟུགས། །ལྷ་ཡི་དབང་ལྡན་རིགས་ལྡན་འཇམ་དཔལ་གྲགས། །པདྨ་དཀར་པོ་རྣམས་ལ་གསོལ་བ་འདེབས། །འཇམ་དབྱངས་སྤྲུལ་པས་རྗེས་


JKT016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཙི་ལུ་པ། །པིཎྜོ་པ་དང་དུས་ཞབས་རྣམ་པ་གཉིས། །འཇམ་དཔལ་གྲགས་པ་ས་མནྟ་བྷི། །ལོ་ཆེན་ཆོས་རབ་རྣམས་ལ༴ ཡེ་ཤེས་སེང་གེ་འབུམ་སེང་སྒ་ལོ་ཆེ། །ཤེས་རབ་སེང་གེ་རྡོ་རྗེ་རྒྱལ་མཚན་དཔལ། །རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །ཆོས་ཀྱི་དཔལ་བ་རྣམས་ལ༴ རིན་ཆེན་དཔལ་དང་མཁས་གྲུབ་ཙནྡྲ་ཤཱི། །ཚུལ་ཁྲིམས་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །རིན་ཆེན་རྒྱལ་པོ་དོན་གྲུབ་རྒྱལ་མཚན་དང་། །བཀྲ་ཤིས་རྒྱལ་མཚན་རྣམས་ལ༴ དཀོན་མཆོག་རྒྱལ་མཚན་བསོད་ནམས་མཆོག་གྲུབ་དཔལ། །རིན་ཆེན་ཆོས་ལེགས་བསོད་ནམས་རྒྱ་མཚོའི་སྡེ། །འཇམ་དཔལ་མཁྱེན་རབ་རིན་ཆེན་བསྟན་དར་དང་། །བསྟན་འཛིན་ཕྲིན་ལས་རྣམས་ལ༴ རྡོ་རྗེ་འཛིན་དབང་ཡེ་ཤེས་དཔལ་འབྱོར་དང་། །ཁྱབ་བདག་དང་པོའི་མགོན་པོ་བློ་གསལ་ཞབས། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱི་རོལ་འཇིག་རྟེན་ཁམས་ཀྱི་མཚན་ཉིད་དང་། །ནང་ལྟར་རྡོ་རྗེའི་ལུས་ཀྱི་ངེས་གསང་རྟོགས། །གཞན་དུ་སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ། །བརྟེན་ནས་དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག །མཐའ་ཡས་རྒྱུད་སྡེ་ཀུན་གྱི་རྡོ་རྗེའི་ཚིག །ཡོངས་སུ་འབྱེད་ལ་མཚུངས་པ་གཞན་མེད་པའི། །དཔལ་ལྡན་དུས་འཁོར་བཤད་སྒྲུབ་སྣང་བ་ཡིས། །འཇིག་


JKT016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་ན་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་པའང་མ་ཧཱ་བྷོ་ཊའི་ལྗོངས་ཀྱི་ཐིག་ལེ་དཔལ་ལྡན་ཤམ་བྷ་ལ་གཉིས་པ་ཐུབ་བསྟན་ཆོས་ཀྱི་འཁོར་ལོའི་གླིང་ཆེན་པོར། །ཁྱབ་བདག་འཇམ་པའི་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དང་། །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྣམ་འདྲེན་བླ་མ་ཀུན་དགའ་དཔལ་ལྡན་སོགས་དམ་པའི་སྐྱེས་བུ་རྣམས་ལ་ཤྲཱི་ཀཱ་ལ་ཙཀྲའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་ལུང་རྫོགས་པར་ཕུལ་བའི་སྐབས། །སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའི་ལེགས་བྱས་ཀྱི་སྣང་བས་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་བཤད་སྲོལ་པདྨ་དཀར་པོའི་དགའ་བའི་ཚལ་ཕྱོགས་དང་དུས་དང་། གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


previousདཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ།next