Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས།
   
   
   
   
   
   
   


 
previousརྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས།next

རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས།


JKT016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སཾ་ཧཱ་ཡ། །སྐུ་གསུམ་ལྷུན་གྲུབ་རྒྱལ་བ་རྡོ་རྗེ་འཆང་། །གནས་གསུམ་ཡེ་ཤེས་གར་མཛད་མཁའ་འགྲོ་མ། །གསང་གསུམ་མཁས་གྲུབ་སློབ་དཔོན་ཨ་བྷ་ཡ། །མཆོག་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །ཟག་མེད་རྡོ་རྗེའི་སྐུ་བརྙེས་དཔེ་མེད་མཚོ། །དཔག་མེད་རྫུ་འཕྲུལ་མངའ་བ་བིཀ་དེ། །གྲངས་མེད་འགྲོ་ལ་ཕན་མཛད་ཤཱཀྱ་ཤྲཱི། །རྩོད་མེད་གྲུབ་ཆེན་གསུམ་ལ༴ རབ་འབྱམས་ཤེས་བྱ་ཀུན་མཁྱེན་བྷཱུ་མི་ཤྲཱི །རབ་མཆོག་མཁས་བཙུན་དྲི་མེད་དཔལ་བཟང་པོ། །རབ་གསལ་


JKT016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མངའ་མང་མཁར་ལོ་ཆེན་བྱང་ཆུབ་སེང་གེ་པ། །རབ་དཀར་ནུས་ལྡན་གསུམ་ལ༴ ཆོས་ཉིད་མཐའ་བྲལ་གཟིགས་པའི་སྐྱི་སྟོན་གྲགས་པ་རྒྱལ་མཚན་པ། །ཆོས་རྒྱལ་འགྲོ་བའི་བླ་མ་ཀུན་མཁྱེན་དོལ་བུ་པ། །ཤེས་རབ་རྒྱལ་མཚན། །ཆོས་བརྒྱད་སྤངས་པ་པཎ་ཆེན་མ་ཏི་དྷུ་ཛའི་ཞབས། །ཆོས་ཀྱི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་འཛིན་པའི་གཙུག་རྒྱན་ས་བཟང་པ། གཞོན་ནུ་བློ་གྲོས། །རྡོ་རྗེ་ཐེག་པའི་གནད་རིག་ཨེ་ཝཾ་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། །རྡོ་རྗེའི་ལུས་ཉིད་མཁར་གཤེགས་བློ་གྲོས་རིན་ཆེན་པ། །རྡོ་རྗེ་འཆང་དངོས་གསུམ་ལ༴ འཇམ་དཔལ་མི་ཡི་གཟུགས་འཛིན་མུས་ཆེན་རྗེ། །འཇམ་པའི་རྡོ་རྗེས་རྗེས་བཟུང་ལྷ་ཡི་མཚན། འཇམ་མགོན་གཉིས་པ་དཀོན་མཆོག་ལྷུན་གྲུབ་པ། །འཇམ་དབྱངས་རྣམ་འཕྲུལ་གསུམ་ལ༔ སངས་རྒྱས་རིན་ཆེན་འཁོར་ལོའི་མགོན་པོ་བུདྨ་སིདྷའི་ཞབས། །འཁོར་ལོ་བཞི་ལྡན་ཤེས་རབ་རྒྱལ་མཚན་དང་། །འཁོར་ལོའི་དབང་ཕྱུག་ནམ་མཁའ་དཔལ་བཟང་པོ། །འཁོར་ལོའི་དབང་བསྒྱུར་གསུམ་ལ༴ དེ་ལྟར་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་། །དབྱེར་མེད་རྡོ་རྗེ་ཕྲེང་བའི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་གསོལ་འདེབས་ཀྱིས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཕྲེང་བའི་ལམ་སྟོན་པའི། །སྐྱོན་མེད་འདྲེན་པ་མཆོག་གིས་རྗེས་བཟུང་ནས། །སྒོ་གསུམ་རླུང་ལ་


JKT016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་ལེགས་བསྐུར་ཏེ། །སྤྱི་དང་ཁྱད་པར་དམ་ཚིག་དག་པར་ཤོག །བསྐྱེད་རིམ་བསྒོམས་པས་ཐ་མལ་རྣམ་རྟོག་དང་། རྫོགས་རིམ་ཟབ་མོས་གྱ་ནོམས་ལྷར་ཞེན་སྤངས། །ཕྱི་དང་ནང་གི་ས་ལམ་ཀུན་བགྲོད་དེ། །སྐུ་གཉིས་ཟུང་འཇུག་མྱུར་དུ་ཐོབ་པར་ཤོག །རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པའི་གསོལ་འདེབས་དད་པའི་ཆར་འབེབས་ཞེས་བྱ་བ་འདི་ནི། མི་ཉག་བླ་མ་བསོད་ནམས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཆོས་འདི་ལ་ངེས་པ་ཅུང་ཟད་ཡོད་པའི་བྲང་ཏི་པའི་བཙུན་པ་ག་ག་ན་ཤྲཱི་བྷ་དྲས། ས་སྐྱོང་ཞེས་པ་མེ་བྱ་ལོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གཅིག་ལ་ཤྲཱི་ཨེ་ཝཾ་དྷརྨ་མོཉཥ་གྲའི་གནས་སུ་སུག་བྲིས་སུ་བགྱིས་པའོ། །བརྒྱུད་པའི་ཁ་སྐོང་ནི། མཁྱེན་པའི་གཏེར་ཆེན་རྩེ་གདོང་ཁྲི་ཆེན་བསོད་ནམས་གྲུབ་པ་དང་། །མཁྱེན་རབ་ཕུལ་བྱུང་བསྟན་འཛིན་བཟང་པོའི་ཞབས། །མཁྱེན་གཉིས་རྒྱ་མཚོའི་མཐར་སོན་ངག་གི་དབང་། །མཁྱེན་པའི་མངའ་བདག་གསུམ་ལ༴ ཟབ་ཅིང་རྒྱ་ཆེའི་ལམ་སྟོན་རྨོར་ཆེན་རྗེ། །ཟབ་གསང་རྒྱུད་སྡེའི་གན་མཛོད་ཡར་ཀླུངས་པ། །ཟབ་དོན་སྨྲ་མཁས་སངས་རྒྱས་ཡེ་ཤེས་ཏེ། །ཟབ་མོའི་སྲོལ་འཛིན་གསུམ་ལ །མཁས་ཤིང་གྲུབ་བརྙེས་ནམ་མཁའ་བསམ་འགྲུབ་དང་། །མཁས་ཚུལ་གསུམ་ལྡན་བསྟན་འཛིན་ཕུན་ཚོགས་ཞབས། །མཁས་མང་འདུས་པའི་རྒྱན་གྱུར་རཏྣའི་མཚན། །མཁས་གྲུབ་དམ་པ་གསུམ་ལ༔ རྣམ་གྲོལ་མཆོག་བརྙེས་འཕགས་པ་ཀུན་བཟང་དང་། །རྣམ་ཐར་རྨད་བྱུང་པུཎྱེ་ཛྙཱ་


JKT016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་ཞབས། །རྣམ་དག་ལམ་སྟོན་ཀུན་དགའ་ཡེ་ཤེས་ཏེ། །རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །དེ་ལྟར་རྩ་བརྒྱུད་བླ་མ་སོགས་སྦྲེལ་ལོ། །ཞེས་པའང་རྗེ་བླ་མ་དམ་པ་ཀརྨ་པྲ་བརྙའི་གསུང་གིས་བསྐུལ་ནས་གཞོན་ནུ་མཁྱེན་བརྩེའི་དབང་པོས་ཨེ་ཝཾ་ཐར་པ་རྩེར་བྲིས་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །།


previousརྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས།next