Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།next

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།


JKT016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཞུགས་སོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་གིས་སྐྱེ་དང་འཇིགས་པ་དག །རིང་དུ་ཡོངས་སུ་སྤོངས་གྱུར་པ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་གྱི་དོན་འཛིན་ཅིང་། །སེམས་ཅན་ཀུན་ལ་ཕན་བརྩོན་པའི། །ཀུན་མཆོག་རྡོ་རྗེ་འཆང་དབང་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྫོགས་སངས་རྒྱས་ལས་མངོན་སུམ་དུ། །ཁྱོད་ཀྱིས་ཆོས་རྣམས་ཐུགས་ཆུད་ཅིང་། །


JKT016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འཛིན་སྤྱོད་པ་མཛད་པ་ལ། །རྟག་ཏུ༴ ཐུབ་པས་ཐུབ་པར་ལུང་བསྟན་ཅིང་། །ཆོས་རྣམས་དོན་སྟོན་ཀླུ་སྒྲུབ་མཆོག །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ༴ ཉིད་ཀྱི་དེ་ཉིད་མཆོག་བརྙེས་ནས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །རྔོན་པའི་ཆ་ལུགས་འཛིན་པ་ལ། །རྟག་ཏུ༴ ཡི་གེའི་སྦྱོར་བ་སྤངས་ནས་སུ། །བརྩོན་པས་ཉ་རྒྱུ་གསོལ་མཛད་དེ། །བརྩེ་བས་གཞན་དོན་མཛད་པ་ལ། །རྟག་ཏུ༴ རྒྱལ་པོའི་བྱ་བ་རབ་སྤངས་ནས། །སྤྲུལ་འཚོང་རྗེས་སུ་བསྒྲུབ་མཛད་དེ། །གཉྩའི་གྲོང་དུ་གྲུབ་པ་ལ། །རྟག་ཏུ༴ ཡེ་ཤེས་མཁའ་འགྲོས་རྗེས་གནང་ཞིང་། །གཞན་དོན་སྤྱོད་པ་མངོན་སུམ་མཛད། རྡོ་རྗེ་དྲིལ་བུ་འཛིན་པ་ལ། །རྟག་ཏུ༴ དམ་པའི་དེ་ཉིད་དོན་རྟོགས་ཏེ། །བརྩེ་བས་རུ་སྦལ་ཞབས་ལྡན་པ། །སེམས་ཅན་སྨིན་པར་མཛད་པ་ལ། །རྟག་ཏུ༴ ཁྱོད་ནི་བརྩེ་བས་གྲུབ་བརྙེས་ཏེ། །འབར་བས་འབར་བའི་སྤྱོད་པ་འཛིན། །ཀུན་ལ་ཕན་པར་མཛད་པ་ལ། །རྟག་ཏུ་།ནུས་པ་ལ་ནི་མངའ་བརྙེས་ཤིང་། །སྤྱོད་པ་ཀུན་གྱི་རྨད་བྱུང་བས། །འཇིག་རྟེན་འདྲེན་པ་མཛད་པ་ལ། །རྟག་ཏུ༴ རྣལ་འབྱོར་དབང་ཕྱུག་གུ་ཧྱ་པ། །བརྩེ་བས་ལོག་འདྲེན་རྣལ་འབྱོར་མ། །བཏུལ་ནས་འགྲོ་བ་སྐྱོང་བ་ལ། །རྟག་ཏུ༴ མི་མཐུན་ཕྱོགས་རྣམས་རབ་སྤངས་ཏེ། །དཀར་པོ་རྣམ་པར་འཕེལ་མཛད་པ། །རྣམ་པར་རྒྱལ་


JKT016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞབས་པད་ལ། །རྟག་ཏུ༴ གྲུབ་ནས་གྲུབ་པའི་ལམ་སྟོན་ཅིང་། །གྲོལ་ནས་རྣམ་པར་ཕན་མཛད་པ། །བར་མའི་སློབ་དཔོན་དམ་པ་ལ། །རྟག་ཏུ༴ ཏིལ་བརྡུངས་པས་ནི་རབ་གྲུབ་པ། །སྐལ་ལྡན་ གཞན་ལ་བརྩེ་བ་ཅན། །མུ་སྟེགས་རྣམ་པར་སུན་འབྱིན་ལ། །རྟག་ཏུ༴ བྲམ་ཟེ་ལས་ནི་རབ་བྱུང་ཞིང་། །གནས་ལྔ་ལ་ནི་རབ་སྦྱངས་པས། །དཀའ་བས་དམ་པ་བསྟེན་པ་ལ། །རྟག་ཏུ༴ ཤེས་བྱ་ལ་ནི་རབ་སྦྱངས་ཤིང་། །ནུས་པ་ཀུན་ལ་ཐོགས་མེད་ལྡན། །ཕ་ན་ཕིང་གུར་གྲགས་པ་ལ། །རྟག་ཏུ༴ སྐད་གཉིས་སྨྲ་བའི་མཆོག་གྱུར་ཅིང་། །ཤེས་རབ་ལྡན་པས་ཕན་མཛད་པ། །བརྩེགས་པའི་མཐའ་དང་ལྡན་པ་ལ། །རྟག་ཏུ༴ བརྩོན་པས་དཀའ་བ་ཆེར་མཛད་དེ། །རྒྱུད་ཀུན་འཛིན་མཛད་སྐད་གཉིས་སྨྲ། །རྗེ་བཙུན་བློ་གྲོས་གྲགས་པ་ལ། །རྟག་ཏུ༴ འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །ཁྱོད་ལ་བྱིན་གྱིས་བརླབས་པ་ཡིས། །ཤེས་བྱ་ཀུན་ལ་ཐོགས་མེད་ལྡན། །རྒྱུད་རྣམས་ཀུན་གྱི་བདག་པོར་གྱུར། །ཀུན་དགའ་སྙིང་པོར་གྲགས་པ་ཡི། །དཔལ་ལྡན་ས་སྐྱར་བཞུགས་གྱུར་ཅིང་། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ༴ གང་གི་སྲས་ཀྱི་ཐུ་བོ་པ། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །གནས་ལྔ་ལ་ནི་རབ་མཁས་ཤིང་། །བསོད་ནམས་ཡེ་ཤེས་རྩེར་གྱུར་པ། །ཉིད་ཀྱིས་གཞན་དོན་རྫོགས་མཛད་


JKT016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཇིག་རྟེན་རྣམས་ནི་གཞུག་པའི་ཕྱིར། །བདེ་བ་ཅན་དུ་མངོན་སུམ་གཤེགས། །རྟག་ཏུ༴ ཁྱོད་ཀྱི་ཐུགས་ནི་འཇམ་དབྱངས་ལྟར། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང་། །འཇིག་རྟེན་ཀུན་ལ་རྩ་ལག་ལྟར། །དགོངས་པ་ཁྱོད་ཀྱིས་གྲགས་པ་ཡི། །རྒྱལ་མཚན་དྲི་མ་མེད་པ་ཐོབ། །ངོ་མཚར་དུ་མའི་སྤྱོད་པ་འཛིན། །ཀུན་ནས་ཡོན་ཏན་ལྡན་ཁྱོད་ལ། །རྟག་ཏུ༴ བརྩེ་བས་སེམས་ཅན་ཐམས་ཅད་ལ། །དཔལ་འབྱོར་ཆེན་པོའི་འོད་ཟེར་གྱིས། །རྟག་ཏུ་སྐྱོང་བར་མཛད་ཁྱོད་ལ། །རྟག་ཏུ༴ འཇམ་པའི་དབྱངས་ཉིད་ངུར་སྨྲིག་གི །ཆོས་གོས་འཛིན་པར་ལེགས་སྤྲུལ་པའི། །ས་སྐྱ་པཎ་ཆེན་ཞབས་པད་ལ། །རྟག་ཏུ༴ འཁོར་ལོས་སྒྱུར་བའི་དཔལ་འབྱོར་དང་། །མཁས་ཤིང་གྲུབ་པའི་བློ་གྲོས་ཅན། །ཆོས་ཀྱི་རྒྱལ་པོ་འཕགས་པ་ལ། །རྟག་ཏུ༴ སྦྱངས་པའི་ཡོན་ཏན་ལྷུར་མཛད་པས། །རིམ་པ་གཉིས་ལ་ཐུགས་བརྟན་པ། །ཞང་སྟོན་དཀོན་མཆོག་དཔལ་བ་ལ། །རྟག་ཏུ༴ བླ་མའི་ཞབས་ཏོག་དཀའ་བ་སྤྱད། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན། །གྲུབ་ཆེན་བསོད་ནམས་དཔལ་བ་ལ། །རྟག་ཏུ༴ འཇམ་པའི་དབྱངས་ཀྱིས་རྗེས་བཟུང་སྟེ། །འཆད་རྩོད་རྩོམ་པའི་ཁྲིར་འཁོད་པའི། །འགྲོ་མགོན་བསོད་ནམས་རྒྱལ་མཚན་ལ། །རྟག་ཏུ༴ སྙན་བརྒྱུད་གདམས་པའི་དཔལ་ལྡན་ཞིང་། །རྣམ་དག་ཚུལ་ཁྲིམས་གོས་བཟང་ཅན། །རྒྱལ་


JKT016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་རྡོ་རྗེ་འཛིན་པ་ལ། །རྟག་ཏུ༴ གཉིས་མེད་ཡེ་ཤེས་ལེགས་གཟིགས་ཤིང་། །གཞན་ཕན་ལྷག་བསམ་ཆེར་བསྐྱེད་པའི། །ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལ། །རྟག་ཏུ༴ ཨེ་ཝཾ་རྡོ་རྗེའི་གནས་མཆོག་ཏུ། །ཟུང་འཇུག་ཆོས་ཀྱི་སྐུ་བརྙེས་པ། །ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། །རྟག་ཏུ༴ གཅིག་ཏུ་སྒྲུབ་ལ་བརྩོན་མཛད་ཅིང་། །རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པའི། །མུས་ཆེན་འཁོར་ལོ་སྡོམ་པ་ལ། །རྟག་ཏུ༴ བསོད་ནམས་གངས་རིའི་སྤོར་གནས་ཤིང་། །ལུང་དང་རིག་པའི་མཆེ་སྡེར་ཅན། །ཀུན་མཁྱེན་སྨྲ་བའི་སེང་གེ་ལ། །རྟག་ཏུ་།རིག་པའི་གནས་ཀུན་རབ་སྦྱངས་ཏེ། །གྲུབ་པའི་ས་བརྙེས་ཆོས་ཀྱི་རྗེ། །གྲགས་པའི་རྒྱལ་མཚན་འཛིན་པ་ལ། །རྟག་ཏུ༴ དཀོན་མཆོག་གསུམ་དང་དབྱེར་མེད་ཅིང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །ངེས་དོན་གདམས་པ་འཕེལ་མཛད་ལ། །རྟག་ཏུ༴ མཁྱེན་པས་ཤེས་བྱའི་དེ་ཉིད་གཟིགས། །བརྩེ་བས་ནུས་པ་རྨད་བྱུང་བ། །རྗེ་བཙུན་ལེགས་པའི་འབྱུང་གནས་ལ། །རྟག་ཏུ༴ སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དམ་ཆོས་རིན་ཆེན་ཀུན་གྱི་གཏེར། །དགེ་འདུན་འདུས་པའི་གཙུག་རྒྱན་ལ། །རྟག་ཏུ༴ རིག་པའི་གནས་ལྔ་ལ་སྦྱངས་ཤིང་། །གྲུབ་པའི་བྱིན་བརླབས་བཀའ་བབ་པ། །འཇམ་དབྱངས་ཀུན་དགའ་བསོད་ནམས་ལ། །རྟག་ཏུ་ཕྱགཟ །ཤེས་བྱ་ཐམས་ཅད་མངོན་སུམ་དུ། །


JKT016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ནས་གཞན་ལ་འདོམས་མཁས་པ། །རྗེ་བཙུན་དཀོན་མགོན་ལྷུན་གྲུབ་ལ། །རྟག་ཏུ༴ ཕྱི་ནང་རིག་གཞུང་རྒྱ་མཚོ་གཟིགས། །གྲུབ་པའི་གོ་འཕང་མཆོག་བརྙེས་པ། །པཎ་ཆེན་ནམ་མཁའ་དཔལ་བཟང་ལ། །རྟག་ཏུ༴ འཇམ་དཔལ་གཞོན་ནུར་གྱུར་པ་ཉིད། །ངུར་སྨྲིག་འཛིན་པའི་རྣམ་རོལ་ཅན། །ཀུན་དགའ་བསོད་ནམས་ལྷུན་གྲུབ་ལ། །རྟག་ཏུ༴ གསན་བསམ་བསྒོམ་པའི་མཐར་སོན་ནས། །འཆད་རྩོད་རྩོམ་པས་གཞན་དོན་མཛད། །མཁས་གྲུབ་དཔལ་མཆོག་རྒྱལ་མཚན་ལ། །རྟག་ཏུ༴ བླ་མ་རྣམས་དང་ལྷག་པའི་ལྷས། །རྗེས་བཟུང་ཕྲིན་ལས་མཐའ་ཡས་པ། །འཇམ་མགོན་སངས་རྒྱས་ཕུན་ཚོགས་ལ། །རྟག་ཏུ༴ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། །གྲུབ་པ་གཉིས་ཀྱི་མཐར་ཕྱིན་པ། །མཚུངས་མེད་བསོད་ནམས་དཔལ་ལྡན་ལ། །རྟག་ཏུ༴ རྨད་བྱུང་དམ་པའི་རིགས་འཁྲུངས་ཤིང་། །མཁྱེན་བརྩེ་ནུས་པའི་མཛོད་དུ་གྱུར། །འདྲེན་མཆོག་ནམ་མཁའ་བསམ་གྲུབ་ལ། །རྟག་ཏུ༴ སྲས་བཅས་རྒྱས་པའི་ཡེ་ཤེས་སྐུ། །སྙིགས་དུས་བསྟན་པའི་ཉི་མ་མཆོག །ས་ཆེན་ཀུན་དགའ་བློ་གྲོས་ལ། །རྟག་ཏུ༴ མཁས་ཤིང་གྲུབ་པའི་གཙུག་རྒྱན་ཆེ། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་བདག །རྗེ་བཙུན་ནམ་མཁའ་འཆི་མེད་ལ། །རྟག་ཏུ༴ རྣལ་འབྱོར་དབང་ཕྱུག་བརྩེ་བ་ཆེའི། །ཟབ་གསང་སྙན་བརྒྱུད་


JKT016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་བདག །མཁན་ཆེན་འཇམ་དཔལ་བཟང་པོ་ལ། །རྟག་ཏུ༴ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་དངོས། །དྲན་པས་སྲིད་ཞིའི་གདུང་སེལ་བ། །དཔལ་ལྡན་རྩ་བའི་བླ་མ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དངོས་ཀུན་ཁྱབ་བདག་བདེ་བའི་མཆོག །གསང་གསུམ་འཁོར་ལོའི་ཧེ་རུ་ཀ །ཤེས་རབ་སྒྱུ་མའི་བཙུན་མོ་དང་། །རོལ་མཛད་བདེ་བ་ཆེན་པོར་འདུད། །ཟུང་འཇུག་དེ་ཉིད་མ་ཐོབ་བར། །རྗེ་བཙུན་བླ་མས་རྗེས་བཟུང་སྟེ། །མངལ་སྒོང་རྫུས་སྐྱེས་དཀྱིལ་འཁོར་དུ། །སྨིན་བྱ་དབང་བཞིས་སྨིན་པར་ཤོག །ཟབ་མོའི་ལམ་གྱི་རྩ་བ་མཆོག ། ཐུན་མོང་ཐུན་མོང་མ་ཡིན་པའི། །འཁོར་ལོ་སྡོམ་པའི་དམ་ཚིག་རྣམས། །མ་ཉམས་ཚུལ་བཞིན་སྲུང་པར་ཤོག །མ་དག་སྐྱེ་གནས་བཞི་སྦྱངས་པའི། །གསལ་དག་བསྐྱེད་རིམ་ལེགས་བསྒོམས་ཏེ། །སྣང་བ་ལྷ་རུ་འཆར་བ་དང་། །ཞི་སོགས་ཕྲིན་ལས་དབང་སྒྱུར་ཤོག །བརྒྱུད་རིམ་གནས་ལུགས་ཤེས་བྱས་ནས། །སྔགས་རིམ་གཏུམ་མོའི་རྣལ་འབྱོར་གྱིས། །ཡེ་ཤེས་དགའ་བཞིའི་རིམ་པ་བསྐྱེད། །གསང་བའི་རིམ་པ་འགྲུབ་པར་ཤོག །དེ་ལྟར་རིམ་གཉིས་ལ་བརྩོན་པས། །དྲོད་ཐོབ་སྤྱོད་པས་མཚམས་སྦྱར་ཏེ། །རབ་དགའ་ལ་སོགས་ས་བགྲོད་ནས། །རྩེ་གཅིག་ཕྱག་ཆེན་འགྲུབ་པར་ཤོག །ཁྱད་པར་སྐྱེ་བ་འདི་ཉིད་ལ། །མཚན་འཛིན་ཀུན་རྟོག་རབ་སྤངས་ནས། །ཌེཾ་གི་དྷ་རི་ཀ་པ་


JKT016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །གསང་ཆེན་སྤྱོད་པ་མཐར་ཕྱིན་ཤོག །འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་། །ནམ་ཡང་མི་འབྲལ་གནས་གསུམ་གྱི། །མཁའ་འགྲོའི་ཚོགས་དང་ལྷན་ཅིག་གནས། །རིག་འཛིན་དབང་པོ་ཉིད་གྱུར་ཅིག །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་མཁའ་འགྲོའི་ནུས་མཐུ་ཡིས། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །ཟུང་འཇུག་རྡོ་རྗེའི་ས་ཐོབ་ཤོག །ཅེས་པའང་རྗེ་བཙུན་ས་སྐྱ་པཎྜི་ཏས་མཛད་པའི་འཁོར་ལོ་བདེ་མཆོག་གི་བླ་བརྒྱུད་གསོལ་འདེབས་ཀྱི་བརྒྱུད་པ་ཕྱི་མ་རྣམས་རིམ་པར་བསྣན་པ་འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་དཀྱིལ་ཆོག་ལས་བྱུང་བ་ལྟར། དཀོན་མཆོག་ལྷུན་གྲུབ་མན་ཆད་ཀྱི་ཁ་སྐོང་རྣམས་ངོར་ཨེ་ཝཾ་པ་ཆེན་པོ་ནས་བརྒྱུད་པའི་རྣལ་འབྱོར་མའི་བྱིན་རླབས་ཀྱི་བརྒྱུད་རིམ་དང་མཐུན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།


previousརྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།next