Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་།
   
   
   


 
previousགསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་།next

གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་།


JKT016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་བཞུགས། །གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་རྒྱས་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ཁ་སྐོང་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་ཞལ་སྐོང་ནི། །ཟིལ་གནོན་དྲག་རྩལ་རྡོ་རྗེ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། །བཤད་སྒྲུབ་འབྱུང་གནས་ཨེ་ཝཾ་ཆོས་གྲྭ་རུ། །ཚུལ་གནས་གསན་བསམ་སྒོམ་པའི་ཕ་མཐར་སོན། །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །ཡོངས་རྫོགས་ཐུབ་བསྟན་གསལ་མཛད་རིག་འཛིན་རྗེ། །ཀུན་བཟང་པདྨ་ཕྲིན་ལས་ལ་གསོལ་བ་འདེབས། །སྨོན་དགའ་བསམ་གཏན་འཕེལ་བའི་གླིང་མཆོག་ཏུ། །རབ་འབྱམ་མདོ་སྔགས་སྨྲ་བའི་སེང་གེ་ཆེ། །ཟབ་གསང་སྙན་བརྒྱུད་རྒྱ་མཚོའི་མཛོད་གཅིག་པུ། །སྙིགས་དུས་བརྟན་པའི་སྲོག་ཤིང་རྨོར་ཆེན་རྗེ། །ངག་དབང་ཀུན་དགའ་ལྷུན་གྲུབ་ལ༴ བཀྲ་ཤིས་དགེ་མཚན་འབྱུང་བའི་ཆོས་ཀྱི་སྡེར། །པདྨས་


JKT016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བཟུང་ཚར་ཆེན་རྡོ་རྗེ་འཆང་། །བསམ་བཞིན་བསྟན་འགྲོའི་མགོན་དུ་ལེགས་བྱོན་པ། །ངག་གི་དབང་ཕྱུག་ཁྱབ་བདག་གནས་གསར་པ། །ཀུན་དགའ་ལེགས་པའི་འབྱུང་གནས་ལ༴ རུ་མཚམས་ཁ་རག་གྲུབ་པའི་སྨན་ལྗོངས་སུ། །རིས་མེད་དམ་པ་དུ་མས་རྗེས་བཟུང་ཞིང་། །བསླབ་གསུམ་རྣམ་དག་རིམ་གཉིས་ཏིང་འཛིན་བརྟན། །བཤད་དང་སྒྲུབ་པའི་དཔལ་མངའ་ཆོས་ཀྱི་རྗེ། །མཚུངས་མེད་བློ་གསལ་ཕུན་ཚོགས་ལ །མཁས་པའི་འབྱུང་གནས་དཔལ་ལྡན་ན་ལནྡྲར། །ཕྱི་ནང་ཤེས་བྱ་ཀུན་གཟིགས་པཎྜིཏ། །མང་ཐོས་འདུལ་བ་འཛིན་པ་རྒྱལ་བའི་སྲས། །མཚོ་སྐྱེས་བླ་མས་རྗེས་བཟུང་རིག་པ་འཛིན། །ངག་དབང་བསྟན་འཛིན་ཕྲིན་ལས་ལ༴ རོང་སྟོན་ཆེན་པོས་བྱིན་རླབས་ཆོས་གྱི་གྲར། །ཟབ་རྒྱས་གདམས་པ་དུ་མའི་གཏེར་མཛོད་ཆེ། །འཆད་རྩོད་རྩོམ་ལ་མཚུངས་མེད་སྨྲ་བའི་དབང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་དགེ་བའི་བཤེས། །བྱམས་པ་ཕྲིན་ལས་ཡོན་ཏན་ལ༴ དམ་པས་བྱིན་བརླབས་གཟིམ་འོག་བླ་བྲང་དུ། །འོད་གསལ་ལྷ་རིགས་མཆོག་གི་སྤྲུལ་པའི་སྐུ། །བསླབ་གསུམ་རྣམ་དག་ཤེས་བྱ་ཐམས་ཅད་མཁྱེན། །བཤད་སྒྲུབ་ཕྲིན་ལས་དབང་འབྱོར་རྡོ་རྗེ་འཛིན། །ངག་དབང་བསྟན་འཛིན་སྙན་གྲགས་ལཌ །སྤྱི་གཙུག་ཉི་ཟླ་པདྨའི་གདན་


JKT016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། །སོགས་སྦྲེལ་ལོ། །བརྒྱུད་འདེབས་བསྡུས་པའི་ཁ་སྐོང་ལྔ་པ་རིན་པོ་ཆེས་མཛད་པའི་ཞལ་སྐོང་ནི། །མཚུངས་མེད་བླ་མ་རྣམས་གཉིས་ལ་གསོལ་བ་འདེབས། ཞེས་པའི་མཚམས། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་གྲྭ་རུ། །རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་དང་། །རྨོར་ཞེས་ངེས་གསང་གྲུབ་པའི་བསྟི་གནས་སུ། །འཇམ་པའི་དབྱངས་དངོས་ཀུན་དགའ་ལྷུན་གྲུབ་སྟེ། །མཁས་གྲུབ་ཆེན་པོ་རྣམ་གཉིས་ལ་གསོལ་བ་འདེབས། །དམ་པས་བྱིན་བརླབས་བཀྲ་ཤིས་ཆོས་ཀྱི་སྡེར། །བསྟན་པའི་ཉི་མ་གནས་གསར་རྡོ་རྗེ་འཆང་། གང་དེས་རྗེས་བཟུང་མཚུངས་མེད་ཆོས་ཀྱི་རྗེ། །མཁས་བཙུན་ཆེན་པོ་བློ་གསལ་ཕུན་ཚོགས་ཏེ། །རྣམ་འདྲེན་དམ་པ་རྣམ་གཉིས་ལ་གསོལ་བ་འདེབས། །དཔལ་ལྡན་རྒྱུན་གྱི་དབང་པོའི་ཆོས་གྲྭ་རུ། །པདྨས་རྗེས་བཟུང་བསྟན་འཛིན་ཕྲིན་ལས་དང་། །མགོན་དེས་བྱིན་བརླབས་གྲུབ་པའི་གཞལ་ཡས་སུ། །ངག་གི་དབང་ཕྱུག་ཕྲིན་ལས་ཡོན་ཏན་ཏེ། །འཇམ་མགོན་བླ་མ་རྣམ་གཉིས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་གཟིགས་ཆོས་ཀྱི་ཕོ་བྲང་དུ། །མཆོག་གི་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་དང་། །སྤྱི་གཙུག་ཆུ་སྐྱེས་བཞད་པའི་ཟུར་ཕུད་རྩེར། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་སྟེ། །བཀའ་དྲིན་མཚུངས་མེད་རྣམ་གཉིས་ལ་གསོལ་བ་འདེབས། །


JKT016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སྟོད་རུ་ལག་སོགས་སྦྲེལ་ལོ། །རིག་འཛིན་གཏེར་བདག་གླིང་པས་མཛད་པའི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི་ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལ་གསོལ་བ༴ ཀླུ འགྱུར་མེད་པདྨ་བསྟན་འཛིན་ལ༴ རིག་འཛིན་ཕྲིན་ལས་རྣམ་རྒྱལ༴ རྗེ་བཙུན་ཕྲིན་ལས་མཚན་ཅན་ལ༴ དྲིན་ཆེན་རྩ་བའི་བླ་མ༴ ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ལ་གསོལ་བ་འདེབས། །སོགས་སྦྲེལ་ལོ། །ཞེས་པའི་ཁ་སྐོང་ལེ་ཚན་རྣམས་ཀྱང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་འཆི་མེད་མཚོ་སྐྱེས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ༈ །བྱང་གཏེར་ཡང་ཏིག་གཅེས་པའི་སྒྲོན་མའི་ཁྲིད་ཀྱི་བརྒྱུད་འདེབས་ཁ་སྐོང་ནི། །གཏེར་སྟོན་ཡབ་སྲས་ཀྱི་རྗེས། །ལུང་ཟིན་བཤད་སྒྲུབ་ཆོས་ཀྱི་ཕོ་བྲང་ནས། །རིག་འཛིན་སངས་རྒྱས་བྱམས་བཟང་ལ་གསོལ་བ་འདེབས། །དཔལ་ལྡན་བརྒྱ་མཁར་གསང་སྔགས་གླིང་མཆོག་ཏུ། །སེ་སྟོན་ཉི་མ་བཟང་པོ་ལ་གསོལ་བ་འདེབས། །གོང་མའི་གདན་ས་ཆོས་ཀྱི་ཕོ་བྲང་དུ། །སེ་སྟོན་མགོན་པོ་བཟང་པོ་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་པའི་གནས་མཆོག་དེ་ཉིད་དུ། །སེ་སྟོན་རིན་ཆེན་རྒྱལ་མཚན་ལ་གསོལ་བ་འདེབས། །ས་དམ་ཞེས་བྱའི་དབེན་པའི་རི་ཁྲོད་དུ། །སྤྱན་ཚབ་མགོན་པོ་ཟླ་བ་ལ་གསོལ་བ་འདེབས། །ནུབ་དགོན་ཞེས་བྱ་ཆོས་ཀྱི་ཕོ་བྲང་དུ། །


JKT016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །གང་དེའི་གདན་ས་གྲུབ་པའི་བསྟི་གནས་སུ། །ཐུགས་སྲས་བློ་གྲོས་རྒྱལ་མཚན་ལ་གསོལ་བ་འདེབས། །ངམ་རིངས་དགའ་ལྡན་བྱམས་པའི་འདུན་ས་རུ། །མཁན་ཆེན་བྱམས་པ་བཟང་པོ་ལ་གསོལ་བ་འདེབས། །ཕྱོགས་མེད་རི་ཁྲོད་དབེན་པའི་སྨན་ལྗོངས་སུ། །གྲུབ་ཆེན་ཀུན་བཟང་ཉི་མ་ལ་གསོལ་བ་འདེབས། །སྲིད་གསུམ་རྣམ་པར་རྒྱལ་བའི་ཆོས་གྲྭ་རུ། །རིག་འཛིན་འབྲུག་སྒྲ་བཟང་པོ་ལ་གསོལ་བ་འདེབས། །གྲ་ནང་དར་རྒྱས་ཆོས་ཀྱི་གླིང་མཆོག་ཏུ། །གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་གསོལ་བ་འདེབས། །གུང་ཐང་བདེ་བའི་རྡོ་རྗེའི་གཞལ་ཡས་སུ། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་གསོལ་བ་འདེབས། །ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་གྲྭ་རུ། །རིག་འཛིན་པདྨ་ཕྲིན་ལས་ལ་གསོལ་བ་འདེབས། །ཁམས་ལུང་ལ་སོགས་གྲུབ་པའི་གནས་མཆོག་ཏུ། །གཉགས་སྟོན་པདྨ་དབང་རྒྱལ་ལ་གསོལ་བ་འདེབས། །ཐུབ་བསྟན་ཨེ་ཝཾ་ཆོས་ཀྱི་ཕོ་བྲང་དུ། །རིག་འཛིན་རྡོ་རྗེ་ཐོགས་མེད་ལ་གསོལ་བ་འདེབས། །ཨོ་རྒྱན་འགྲོ་འདྲེན་གླིང་གི་གནས་མཆོག་ཏུ། །གྲུབ་ཆེན་པདྨ་བཤེས་གཉེན་ལ་གསོལ་བ་འདེབས། །ཕུ་ཆུང་ཞེས་བྱ་གྲུབ་པའི་གནས་མཆོག་ཏུ། །ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་ལ་གསོལ་བ་


JKT016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །མྱང་སྟོད་ཡང་ཟབ་བླ་མའི་གདན་ས་རུ། །ཀུན་བཟང་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །སྤྱི་གཙུག་ཉི་ཟླ་སོགས། ༈ །སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་ཉེ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །སྣང་མཐའ་ཚེ་དཔག་མེད་མགོན་སྤྱན་རས་གཟིགས། །པདྨ་འབྱུང་གནས་བརྒྱུད་སྲོལ་ཀུན་འདུས་པ། །ཆོས་ཀྱི་གྲགས་པ་དཀོན་མཆོག་ལྷུན་གྲུབ་དང་། །དཀོན་མཆོག་ཕྲིན་ལས་བཟང་པོར་གསོལ་བ་འདེབས། །དོན་གྲུབ་ཆོས་རྒྱལ་དཀོན་མཆོག་བསྟན་འཛིན་དང་། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་ཉི་མའི་ཞབས། །པདྨའི་རྒྱལ་མཚན་འཆི་མེད་གྲུབ་པའི་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །གུས་པས་གསོལ་བཏབ་བསྒོམ་བཟླས་རྣལ་འབྱོར་མཐུས། །དུས་མིན་འཆི་དང་བར་ཆད་ཀུན་ཞི་ཞིང་། །དབང་བཅུའི་ཡེ་ཤེས་བརྙེས་པར་བྱིན་གྱིས་རློབས། །ཞེས་མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་བའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་བརྒྱུད་འདེབས་འདིའང་། །དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་ལས་ཆོས་ཚུལ་འདི་ཉིད་ཀྱི་བཀའ་དྲིན་ཐོབ་པའི་སྐབས་སུ་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་ར་སྟུ།


previousགསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་།next