Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
སྨིན་གླིང་ལོ་ཆེན་སྒྲ་སྐོར་དྲིས་ལན་ལས་ཁོལ་ཕྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨིན་གླིང་ལོ་ཆེན་སྒྲ་སྐོར་དྲིས་ལན་ལས་ཁོལ་ཕྱུང་།next

སྨིན་གླིང་ལོ་ཆེན་སྒྲ་སྐོར་དྲིས་ལན་ལས་ཁོལ་ཕྱུང་།


JKT017_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཞབས་པད་རིན་པོ་ཆེར། གུས་པས་ཞུ་བ། བཀའ་ཤོག་རིན་པོ་ཆེ་གནང་སྐྱེས་བཟང་པོ་བཅས་རྫོང་སྐྱེལ་རིམ་པ་རྒྱུད་ཀྱིས་ཚེས་བརྒྱད་ཀྱི་གུང་ལ་ཕེབས་པ་བཀའ་དྲིན་ཆེ། ཇི་ལྟར་སྩལ་ཕེབས་ལྟར་སྙན་ངག་མེ་ལོང་གི་གནས་གཅིག་ཏུ་ངེས་པའི་དཔེར་བརྗོད་འདི། ཨ་ཀུ་ཧ་བྷ་མགྲིན་ལས་སྐྱེས། །ཞེས་པ་ལྟར། ས་ལས་བྱུང་བའི་ཡི་གེ་ཁོ་ན་སྡེབས་པར་སྣང་བས། སྒྲའི་སྦྱོར་བའང་ཁྱད་འཕགས་ཡོད་པ་གཞིར་བཅས་ལགས་པར་མ་ཟད། ཁྲི་ཀ་རྣམས་སུའང་མ་བཀྲོལ་བས་བདག་ལྟའི་བློ་དམན་གྱིས་ཇི་བཞིན་པ་ཅི་ལ་རྟོགས་ལགས་རུང་། མའི་མདུན་དུ་བྱིས་པས་ཅི་དགར་སྨྲ་བ་ལྟར།་འདི་དང་འདི་ཡིན་པ་འདྲ་སྙམ་པ་རྣམས་སྤྱི་བརྟོལ་བསྐྱེད་ནས་གསོལ་རྒྱུར། རྒྱ་དཔེ་རྐང་པ་གསུམ་པའི་ཨ་དགག་སྒྲ། ཧཱ་ཧཱ་ན་མཚན་བརྗོད། གད་རྒྱང་ཧཱ་ཧཱ་ཞེས་པ་ལྟར། བཞད་སྒྲ་མུ་ཅོར་སྒྲོགས་པའོ། །དབང་ཊིཀ་ཏུ། མྱ་ངན་གྱི་བརྗོད་པ་ཞེས་འབྱུང་བ་ལྟར་ན། ཀྱེ་མ་ཀྱི་ཧུད། ག་ནི་གརྫ་སྒྲའི་བྱིངས་ལ། པཉྩ་མིའི་ཧི་བྱིན་ནས་བསྒྲུབས་པས་གརྫ་ཡ་ཞེས་པའི་ཐོག་མར་བརྗོད་པ་སྟེ་སྒྲོགས་པ། ཁ་ནི་ཡི་གེ་


JKT017_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ཨ་བྷི་དྷ་ན་ལས། ནམ་མཁའ་ལ་ཡང་ཁ་ཞེས་མངོན་གསུངས་ཏེ། །ཞེས་པས་མཁའ་དང་། ག་ནི་འགྲོ་བ་སྟེ། མཁའ་འགྲོ། ཨངྐ་ནི་མངོན་བརྗོད་མུ་ཏིག་ཕྲེང་བར་རྟགས་མཚན་གྱི་མིང་བརྒྱད་ཀྱི་ནང་དུ་མཚན་མ་ཞེས་པའི་མིང་དུ་བཤད་ཅིང་། ཨ་ཀཱ་ནི་འགྲོ་མང་དེ་ཉི་མའི་མིང་ཡིན་ཡང་། མཁའ་འགྲོ་དང་འདིར་ཉི་མ་ཡིན་པར་ཟློས་པར་དགོངས་ནས་མ་བསྒྱུར་བ་འདྲ་སྟེ། དེ་རྣམས་འདྲ་འདུས་རིང་པོ་བྱས་པས། གཱདྨ་ཀཱ་ཧཱ་ཧཱ། ཧཱ་ཧཱ་མི་སྒྲོགས་མཁའ་འགྲོས་མཚན། །ཞེས་པ་སྟེ། ཧ་འ་ཕྱི་མར་ང་རོ་སྦྱར་བ་ནོར་རམ་སྒྲའི་སྦྱོར་བ་ཁྱད་པར་བས་བསྒྲུབས་པ་གང་ཡིན་མ་ངེས་ལགས། རྐང་པ་བཞི་པའི། ཀཾ་ནི་མགོ་དང་། ཆུ་དང་། སྡིག་པ་རྣམས་ལ་འཇུག་པས་འདིར་སྡིག་པ། ཀཱ་ཀཱ་ཞེས་པ། འདོད་འཇོར། ཀཱ་ཞེས་པའི་སྒྲ་སྒྲོགས་པའི་དོན་གྱིས་བྱ་རོག་ཏུ་བཤད། ཁ་ནི། ཡི་གེ་གཅིག་པར། མཐོ་རིས་འཇ ག་རྟེན་ལ་ཡང་ཁ་རབ་བརྗོད། །ཅེས་པས་མཐོ་རིས། ག་ཞེས་པ་འགྲོ། ཀ་ཀ་བྱ་རོག་སོགས་མང་པོར་འཇུག་པར་སྒྲའི་སྙེ་མ་སོགས་སུ་བཤད་པས་འདིར་དེས་འཇོམས་པར་བྱེད་པའི་དོན་དང་། ཀ་ནི་བདག་སྒྲ་ཡིན་པས་འཇོམས་པ་པོ་ཞེས་པ་སྟེ། སྡིག །བྱ་རོག་འཇོམས་པ་མཐོ་རིས་འགྲོ། །ཞེས་པའོ། །རྐང་པ་དང་པོའི་ཨ་གྲྭ་ཞེས་པ་འགྲོ་མེད་དེ། འབྲེང་པོའམ་འཁྱོགས་པོ། གཾ་ཞེས་པ་སྒྲའི་སྙེ་མར། ཀླུ་དང་


JKT017_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ལ་འཇུག་པར་བཤད་པས་སྒྲ་སྒྲོགས་པའི་དོན། གངྒཱ་ཡོངས་གྲགས་ཏེ། གྲྭ་སྔ་མར་རིང་ཆ་བྱུང་བ་ཡིག་ནོར་རམ་སྙམ་སྟེ། །གངྒཱ་ཞེས་མོ་རྟགས་མཐའ་ཅན་དུ་རྒྱ་དཔེ་དག་པ་ཐམས་ཅད་མཐུན་པར་འབྱུང་མོད། འོན་ཀྱང་སྡེབས་སྦྱོར་གྱི་ལྕི་ཡང་ཁྱད་སྒྲའི་སྦྱོར་བ་གཞན་གྱི་བསྒྲུབས་པའང་མཐའ་མ་བཀག་གམ་སྙམ་ལགས། ཀཱ་ཀཱ་ཆུ་ཀླུང་སྟེ་མོ་རྟགས་མཐའ་ཅན་དུ་བྱས། ཨ་ཀ་ཞེས་དགག་སྒྲ་ཅན་འགྲོ་མེད་དུ་མུ་ཏིག་ཕྲེང་བར་བཤད་པས། ཀ་ཞེས་པ་འགྲོ་བའི་དོན་ཅན་འཇུག་པར་བསྒྱུར་བའམ། ཡང་ན་ཀ་བདེ་པའམ་ཆགས་པ་སོགས་ལའང་འཇུག་པས། གངྒའི་ཆུར་བཀྲུས་པས་ཚངས་པ་སྟེ་དག་པའི་དོན་ཡིན་ཡང་འཇོམས་པའི་སྒྲ་དང་ཟློས་པས་འཁྲུ་བའི་དོན་གྱིས་ཁྲུས་ལ་འཇུག་པར་འགྱུར་རམ་སྙམ་སྟེ། །འཁྱོགས་སྒྲོགས་གངྒཱའི་ཆུར་འཇུག་ཞེས་པའོ། །ཆད་པ་གཉིས་པའི་གོ་ཞེས་པ་མིག་སྟེ། དཔེ་མཚོན་དབང་པོ་རྣམས་བསྡུ་བས་མང་ཚིག་ཛས་སྦྱར་བས། གཱ༔ ཧ་ཞེས་པ་རྡུལ་ཁྲོས་པ། འཁྲུགས་པ་སོགས་ལ་འཇུག་པས་མ་དུལ་བའི་དོན་གྱིས་འཁྱོགས་པོར་བསྒྱུར་རམ་སྙམ། སྒྲ་ལྡན་ཕ་རོལ་ལགཱའི་རྣམ་བཅད་ཕྱིས་པས། གཱཧ། ཀཱཞེས་པ་བདག་ཉིད་དང་རབ་གསལ་སོགས་ལ་འཇུག་པས་གང་ལ་ལྡན་པའམ་མངའ་བའི་བདག་ཉིད་ཅེས་པའོ། །བོད་སྐད་དུ་མ་བསྒྱུར་ནའང་། དབང་པོ་མ་དུལ་བ་རྣམས་


JKT017_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆགས་པའི་དོན་གྱིས་ཚོགས་པའི་སྒྲ། ཨོ་གྷའམ། སཾ་གྷའི་མིང་། མཐའ་བརྗོད་དེགྷ་སྦྱར་ནས། ཨཱ་ལས་ཕ་རོལ་སྒྲ་ལྡན་ལ་རྣམ་བཅད་ཕྱིས་ཏེ། འཇིག་རྟེན་ཉེར་སྤྱོད་ཀྱིས་སླུ་ཏཀ་ཀ་ཞེས་པ་རི་མོ་དང་། ལྷ་ཆེན་ནམ། འགྲོ་བ་ལ་འཇུག་པས། བུདྡྷའི་སྒྲ་ལྟར་རི་འགྲོ་ཞེས་བསྒྱུར། ཨ་དགག་སྒྲ། ཀ་འདོད་ཆགས་ལ་འཇུག་པས་ཆགས་མེད་དེ་མཚམས་སྦྱར་བས། ཀཱ་ཀཱ་ཀ །ཧཱ་ཞེས་པ་ཁ་བསྐངས་སུ་སྦྱར་རམ་སྙམ་ཏེ། རི་འགྲོ་དབང་འཁྱོགས་ལྡན་མ་ཆགས། ཞེས་པའམ། འདིར་སྣར་ཐང་པའི་ཊི་ཀར། རིང་འགྲོ་ཞེས་དུས་ཡུན་རིང་པོའི་དོན་ལ་བཤད་པ་མཛད་ཀྱང་། ཊཱི་ཀ་ཕལ་ཆེར་མཐུན་ཞིང་། གཞུང་གི་དཔེ་རྣམས་སུའང་རི་འགྲོ་ཞེས་པ་མང་བས་དབང་བཙན་པར་ཞུས་ལགས། ཞེས་པའང་སྨིན་གླིང་ལོ་ཙཱ་བ་དྷརྨཱ་ཤྲཱིའི་དྲིས་ལན་ལས་སོ། །སརྦ་མངྒ་ལཾ།། །།


previousསྨིན་གླིང་ལོ་ཆེན་སྒྲ་སྐོར་དྲིས་ལན་ལས་ཁོལ་ཕྱུང་།next