Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
རིག་གནས་ཕྱི་ནང་གི་གཏམ་ཉུང་ངུ་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་གནས་ཕྱི་ནང་གི་གཏམ་ཉུང་ངུ་།next

རིག་གནས་ཕྱི་ནང་གི་གཏམ་ཉུང་ངུ་།


JKT017_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལེགས་པར་སྦྱར་བའི་གཞུང་གི་བརྗོད་བྱ་སྟོན་པར་བྱེད་པའི་བསྟན་བཅོས་ལ། འཕགས་པའི་ཡུལ་དུ་སྤྱིར་རྣམ་གྲངས་མང་ནའང་། བྲམ་ཟེ་པཱ་ཎི་ནིས་མཛད་པའི་པཱ་ཎི་བྱཱ་ཀ་ར་ཎ་དང་། དེའི་དོན་གསལ་བར་བྱེད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་བློ་རབ་འཇུག་པ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་ཙཱནྡྲ་བྱཱ་ཀ་ར་ཎ། རྒྱལ་པོ་བདེ་སྤྱོད་བཟང་པོའི་དོན་དུ་དབང་ཕྱུག་གོ་ཆ་ལ་གཞོན་ནུ་ཀཱཏྟི་ཀས་མངོན་སུམ་དུ་སྩལ་བའི་གོ་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀཱ་ལཱ་


JKT017_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཆ་བསག་གི་མདོ། བྲམ་ཟེའི་སློབ་དཔོན་ཨ་ནུ་བྷ་ཏི་སྭཱ་རཱུ་པ་ལ་འཕགས་མ་དབྱངས་ཅན་མས་སྩལ་བའི་དབྱངས་ཅན་སྒྲ་མདོ་སྟེ་བཞི་ལས། ཕྱི་མ་གསུམ་པོ་བོད་འདིར་ཚང་བར་འགྱུར་ཞིང་། །སྐད་གཉིས་སྨྲ་བའི་གཙུག་གི་ནོར་བུ་ཤོང་དཔང་ཡབ་སྲས་བརྒྱུད་པར་བཅས་པ་དང་། ཐམས་ཅད་མཁྱེན་པ་ཆོས་ཀྱི་སྣང་བའི་ཞབས་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུ་འཆད་ཉན་ནུབ་པ་མེད་པར་གནས་ལ། པཱ་ཎི་པ་ནི་རྩ་འགྲེལ་གཉིས་ཀ་ལྷ་ལྡན་འབྲས་སྤུངས་སུ་འདར་པ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར་བར་མཛད་ཀྱང་འཆད་ཉན་དར་རྒྱས་ཆེ་བར་མ་བྱུང་ངོ་། །གཞན་ཡང་བསིལ་ལྗོངས་ར་བ་དཀར་པོས་བསྐོར་བའི་ལྗོངས་འདིའི་སྒྲ་ཡི་བསྟན་བཅོས་འཇམ་མགོན་ཐུ་མིའི་ཞབས་ཀྱི་རྣམ་དཔྱོད་ཀྱི་དཔལ་ལས་བྱུང་བ་མང་དག་ཞིག་ཡོད་པར་སྣང་ནའང་། དེང་སང་སུམ་རྟགས་གཉིས་ཙམ་མ་གཏོགས་མི་བཞུགས་ལ། དེའི་བརྗོད་བྱ་ཡང་མིང་གི་གཞི་དང་། རྟགས་གསུམ་གྱི་དབྱེ་བ་དང་། སྔོན་འཇུག །རྗེས་འཇུག །བྱ་བྱེད་ལས་གསུམ། དུས་གསུམ་གྱི་རྣམ་པར་དབྱེ་བས་མཚོན་པ་རྣམས་ཏེ། །འདི་ལ་རང་བོད་སྔ་རབས་པ་རྣམས་ཀྱིས་བསླབ་སྲོལ་ནན་ཏན་དུ་མ་མཛད་པ་ལྟ་བུས་འགྲེལ་པའི་རིགས་ཆེར་མ་མཐོང་ལ། ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཆེན་གྱིས་འགྲེལ་པ་མཛད་ནས་བཟུང་འཆད་ཉན་གྱིས་།


JKT017_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པའི་འགྲེལ་བྱེད་མཁན་པོ་གྲངས་ཀྱིས་མི་ལངས་པ་བྱུང་ནའང་གཞུང་དོན་ཐམས་ཅད་དཔྱིས་ཕྱིན་པ་ནི་ཤིན་ཏུ་དཀའ་བར་སྣང་མོད། ཕྱིས་སུ་ཐམས་ཅད་མཁྱེན་པ་དྷརྨ་ཀ་རས་མཛད་པའི་འགྲེལ་ཆེན་ཁོ་ན་ལེགས་པར་ཁུམས་སོ། །བཞི་པ་དོན་ལ་ལོག་པར་རྟོག་པའི་འཁྲུལ་པར་སྨྲ་བ་གཞན་དག་ཚར་བཅད་པ་ཚད་མ་རིག་པ་ལ། ངོ་བོ་ནི། ཤེས་བྱ་གང་ཞིག་གཞལ་བྱའི་ཡུལ་འཇལ་བྱེད་ཀྱི་རིག་པས་མ་། འཁྲུལ་པར་གཏན་ལ་འབེབས་ནུས་པའི་ཐབས་ཡན་ལག་དང་བཅས་པ། ངེས་ཚིག་ནི། པྲ་མཱ་ཎ་ཞེས་པའི་སྒྲ་ལས་དྲངས་ན་ཚད་མ་སྟེ། དཔེར་ན་སྐྱེས་བུ་ཕན་ཚུན་གྱིས་གཞལ་བྱ་འཇལ་བ་ལ་ཆེ་ཆུང་ལ་སོགས་པའི་སྒོ་ནས་སམ། རྒྱུ་མཚན་ནམ་གཏན་ཚིགས་ཀྱི་སྒོ་ནས་བྲེ་སྲང་ལ་སོགས་པ་ཚད་མར་འཇོག་པ་བཞིན། འདིར་ཡང་རང་རང་གི་ངོ་སྐལ་དང་མཐུན་པའི་གཞལ་བྱའི་ཡུལ་གང་ཞིག་མ་འཁྲུལ་པར་གཏན་ལ་འབེབས་པས་ལོག་པར་རྟོག་པ་སེལ་བའི་ཐབས་སུ་གྱུར་པའོ། །དབྱེ་ན། གཞལ་བྱ་མངོན་སུམ་དང་། ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གསུམ་དང་རྗེས་སུ་མཐུན་པའི་འཇལ་བྱེད་ཀྱི་བློ་གྲོས་མངོན་སུམ། རྗེས་དཔག །ལུང་གི་ཚད་མ་གསུམ་སྟེ། འོན་ཀྱང་ཕྱི་མ་ཉིད་རིགས་པས་གྲུབ་ན་ཚད་མ་ཡིན་ཅིང་། མ་གྲུབ་ན་མ་ངེས་པའི་ཕྱིར་སྔ་མ་གཉིས་ཀྱི་ཁོངས་སུ་བསྡུས་ནས་མངོན་རྗེས་གཉིས་སུ་བཤད་ལ། དང་


JKT017_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མངོན་སུམ་ལའང་དབང་མངོན། ཡིད་མངོན། རང་རིག །རྣལ་འབྱོར་མངོན་སུམ་བཞི་དང་། རྗེས་སུ་དཔག་པ་ལའང་། རང་བཞིན་གྱི། འབྲས་བུའི། མ་དམིགས་པའི་རྟགས་ཡང་དག་གསུམ་དུ་དབྱེ་བ་སོགས་མཐའ་ཀླས་ལ། དེའི་ཡན་ལག་སྒྲུབ་བྱེད་དང་། སུན་འབྱིན་ཏེ་བཞི་པོ་རེ་རེར་ཀྱང་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བས་རྟོག་གེའི་ཚིག་དོན་ཆེན་པོ་བརྒྱད་ཅེས་གྲགས་པ་རྣམས་སོ། །ཡང་སློབ་དཔོན་ཕྱུ་བ་ཆོས་ཀྱི་སེང་གེ་སོགས་ཀྱིས་ཚད་མ་རིག་པའི་སྒོ་དབྱེ་བའི་ཕྱིར་བསྡུས་གྲྭ་ཞེས་པའི་སྲོལ་གསར་དུ་བཏོད་པར་མཛད་པའི་བརྗོད་བྱ་ཡང་། ཇི་སྐད་དུ། ཁ་དོག་དཀར་དམར་རྫས་ཆོས་ལྡོག་ཆོས་གཉིས། །འགལ་དང་མི་འགལ་སྤྱི་དང་བྱེ་བྲག་གཉིས། །འབྲེལ་དང་མ་འབྲེལ་ཐ་དད་ཐ་མིན་གཉིས། །རྗེས་སུ་འགྲོ་ལྡོག་རྒྱུ་དང་འབྲས་བུ་གཉིས། །སྔ་བཙན་བར་བཙན་ཕྱི་བཙན་མཚན་མཚོན་གཉིས། །ཡོད་རྟོགས་མེད་རྟོགས་རྟགས་རྟོགས་དངོས་རྟོགས་གཉིས། །ཞེས་བསྡུས་ཚན་བཅོ་བརྒྱད་དུ་བྱེད་པ་རྣམས་སོ། །དེ་ལྟ་བུའི་ཚད་མ་རིག་པའི་རྗོད་བྱེད་ཀྱི་བསྟན་བཅོས་ནི། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་རྣམས་སུ་མངོན་རྗེས་ཀྱི་མཚན་ཉིད་སོགས་ཟུར་གྱིས་བསྟན་པ་དང་རྗེས་སུ་མཐུན་པར། འཕགས་ཡུལ་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་དང་། དཔལ་ཆོས་ཀྱི་གྲགས་པས་


JKT017_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྲེལ་སོགས་སྡེ་བདུན་དང་། དེའི་སློབ་མ་ཀུན་མཁྱེན་ལྷ་དབང་བློ་སོགས་ཀྱི་འགྲེལ་པ་མང་དུ་བྱུང་ལ། བོད་ཡུལ་འདིར་བརྟན་པའི་འཁོར་ལོ་ངུར་སྨྲིག་གི་ཟློས་གར་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་འཆད་ཉན་རྩལ་དུ་བཏོན། འཇམ་མགོན་ས་སྐྱ་པཎྜི་ཏས་སྡེ་བདུན་གྱི་དོན་ཕལ་ཆེར་བསྡུས་པ་ཚད་མ་རིག་པའི་གཏེར་སོགས་མཛད་ནས་དེང་སང་གི་བར་དུ་ས་དགེའི་མཁས་པ་རྣམས་ཀྱིས་འཆད་རྩོད་རྩོམ་པའི་སྒོ་ནས་དར་ཞིང་རྒྱས་པར་གནས་པ་འདི་ལགས་སོ། །ལྔ་པ་རང་ཉིད་ཀུན་ཤེས་ནས་གཞན་དག་ལའང་འདོམས་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་བྱེད་པ་ནང་རིག་པ་ལ། ངོ་བོ་ནི། ཤེས་བྱ་གང་ཞིག་ཁམས་གསུམ་གྱི་ཉོན་མོངས་སྤངས་ཤིང་ཞི་བའི་ཡོན་ཏན་བརྗོད་པར་མཛད་པའི་མཐུ་ལས་ཕན་བདེའི་གོ་འཕང་སྒྲུབ་པར་བྱེད་པ། ངེས་ཚིག་ནི། ཕྱི་རོལ་པའི་སྟོན་པ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། དྲང་སྲོང་ཆེན་པོ་བརྒྱད་པ་དང་། གྲོག་མཁར་བ་ལ་སོགས་པ་འཇིག་རྟེན་ན་ཆེན་པོར་གྲགས་པ་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཁོ་ནས་རང་གིས་ལེགས་པར་རྟོགས་ཤིང་གཞན་ལ་འདོམས་པས་ན་རང་ཅག་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པས་ན་ནང་རིག་པ་ཞེས་བྱ། དབྱེ་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་


JKT017_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེའི་བརྗོད་བྱ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་སེམས་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་གསུམ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་རྣམ་པ་བཞི་ནི་གཙོ་ཆེ་བའི་དབང་དུ་བྱས་ནས་སློབ་དཔོན་འགའ་ཞིག་གིས་མདོ་སྡེའི་སྡེ་སྣོད་དང་། ཕལ་ཆེར་གྱིས་སྡེ་སྣོད་གསུམ་ཀས་བསྡུས་པར་འཆད་ལ། ལ་ལ་དག་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་བཞི་པར་ཡང་བཞག་གོ །དེ་ལ་དང་པོ་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ཐམས་ཅད་བསྡུ་ན་གཞི་བཅུ་བདུན་དུ་འདུ་སྟེ། ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱངས་དང་། །ཀོ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་སོ། །དེ་ཉིད་ཀྱང་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་སྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་དུ་ལེགས་པར་འདུ་བ་ཡིན་ནོ། །འདི་དག་གི་བརྗོད་བྱ་སྟོན་པའི་གཞུང་ནི། བདག་ཅག་གི་སྟོན་པས་ཞལ་ནས་གསུངས་པའི་བཀའ་འདུལ་བ་ལུང་སྡེ་བཞི་ཕྲན་དང་བཅས་པ།


JKT017_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་བམ་པོ་དགུ་པ། དེའི་འབྲེལ་པ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་རྒྱ་ཆེར་འགྲེལ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་སུམ་བརྒྱ་པ་རྩ་འགྲེལ་སོགས་འཕགས་པའི་ཡུལ་གྱི་མཁས་པས་མཛད་པའི་བསྟན་བཅོས་ཤིན་ཏུ་མང་པོ་དང་། གངས་རིའི་ཁྲོད་འདིར་འདུལ་བ་རྒྱ་མཚོའི་མངའ་བདག་རྩོད་དུས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་མདོ་རྩ་དང་། ལས་བརྒྱའི་འགྲེལ་པ། ཀུན་མཁྱེན་མཚོ་སྣ་བ་ཆེན་པོའི་འདུལ་ཊིཀྲ་སོགས་གཞུང་བརྩམས་པའང་མང་དུ་བྱུང་ཞིང་། དེ་དག་རྗེས་འབྲངས་དང་བཅས་པའི་བཤད་སྲོལ་དང་ལག་ལེན་གཉིས་ཀ་དེང་སང་གི་བར་དུ་མ་ནུབ་པར་གནས་སོ། །གཉིས་པ་མདོ་སྡེའི་སྡེ་སྣོད་ལ་ཐེག་དམན་དང་། ཐེག་ཆེན་གཉིས་ལས། འདིར་ཕྱི་མའི་དབང་དུ་བྱས་ན། འཁོར་ལོ་བར་བ་ཡུམ་སྲས་བཅུ་བདུན་སོགས་བདག་ཅག་གི་སྟོན་པས་ལེགས་པར་གསུངས་པའི་བཀའ་ལ་བརྟེན་ནས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འཕགས་པ་ཀླུས་བཀྲལ་བའི་དབུ་མ་རིགས་ཚོགས་དྲུག་སོགས་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྗེ་བཙུན་མ་ཕམ་པས་བཀྲལ་བའི་མངོན་རྟོགས་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་ཏེ། དེ་ལ་དང་པོ་དབུ་མའི་བརྗོད་བྱ་ཐམས་ཅད་བསྡུ་ན་བདེན་པ་གཉིས་སུ་འདུ་ལ། དེ་ཡང་གྲུབ་མཐའ་སྨྲ་བ་སོ་སོའི་


JKT017_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལྟར་ན། བྱེ་སྨྲ་བས། ཆོས་གང་ཞིག་བརྩམ་པའམ་གཞིག་པའི་སྒོ་ནས་དེ་དང་དེར་འཛིན་གྱི་བློ་འདོར་དུ་རུང་བ་ཐམས་ཅད་ཀུན་རྫོབ་དང་། གཅིག་ཤོས་དོན་དམ། མདོ་སྡེ་པས་སྣང་ཡུལ་སྤྱི་མཚན་ཀུན་རྫོབ་དང་། མངོན་སུམ་རང་མཚན་དོན་དམ། སེམས་ཙམ་པས་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའི་ཆོས་ཀུན་བརྟགས་གཞན་དབང་གཉིས་སུ་འདུ་ཞིང་། དོན་དམ་བདེན་པ་ཡོངས་གྲུབ་དང་དོན་གཅིག་འདོད། དབུ་མ་རང་རྒྱུད་པས་བློ་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དོན་དམ་དང་། གཉིས་སྣང་བཅས་པས་རྟོགས་པར་བྱུ་བ་ཀུན་རྫོབ། ཐལ་འགྱུར་བས་མཐོང་བ་རྫུན་པས་རྙེད་པའི་དོན་ཐམས་ཅད་ཀུན་རྫོབ་དང་། དེ་ལས་གཞན་པ་ཉིད་དོན་དམ་པའི་བདེན་པར་འདོད་དོ། །མདོར་ན་བརྗོད་བྱ་མཐར་ཐུག་པ་ནི་གཞི་དབུ་མ་བདེན་གཉིས་ཟུང་འཇུག །ལམ་དབུ་མ་ཚོགས་གཉིས་ཟུང་འཇུག ། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་རྣམས་སུ་ལེགས་པར་འདུས་པ་ཡིན་ཞིང་། དེ་སྟོན་པར་བྱེད་པའི་བསྟན་བཅོས་ཀྱི་གཙོ་བོ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་རབ་བྱེད་ཉེར་བདུན་པ། འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ། ཐལ་འགྱུར་གྱི་སྲོལ་ཁྱད་པར་དུ་ཕྱེ་བ་ཟླ་བ་གྲགས་པའི་དབུ་མ་འཇུག་པ་སོགས་རྩ་འགྲེལ་དང་བཅས་པ་རྣམས་དང་། བོད་དུའང་འགྲེལ་བྱེད་མང་དུ་བྱུང་ཞིང་། སྔ་


JKT017_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རབས་པ་རྣམས་དབུ་མ་རང་རྒྱུད་པ། པ་ཚབ་ལོ་ཙཱ་བས་ཐལ་འགྱུར་གྱི་སྲོལ་དབྱེ་བ་སོགས་ནས་དེང་སང་གི་བར་དུ་འཆད་ཉན་རྒྱ་ཆེར་དར་ལ། དེའི་ནང་ནས་ཀྱང་ཟླ་གྲགས་ཀྱི་འཇུག་པ་སེམས་བསྐྱེད་བཅུའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་ས་བཅུའི་རྣམ་པར་བཞག་པས་བསྙད་ཅིང་། བྱེ་བྲག་སེམས་བསྐྱེད་དྲུག་པར་དབུ་མའི་ལྟ་བའི་གནད་མཐར་ཐུག་པ་རྣམས་ཕྱེ་བ་ཡིན་ཞིང་། ཚུལ་འདི་ཉུང་ངུ་རྣམ་གསལ་སློབ་དཔོན་གྱི་དགོངས་པ་ཇི་བཞིན་དུ་བཀྲལ་བ་ཡིན་པའི་ཕྱིར་ཐམས་ཅད་ཀྱིས་ལྷག་པར་གཅེས་སྤྲས་སུ་མཛད་དོ། །གཉིས་པ་ཕར་ཕྱིན་གྱི་བརྗོད་བྱ་ཐམས་ཅད་མངོན་པར་རྟོགས་པ་རྒྱན་དུ་སྐབས་བརྒྱད་དུ་བསྡུས་ནས་འཆད་དེ། ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་པ་ཀུན་མཁྱེན་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་རྫོགས་མངོན་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་ཤེས་བྱའི་ཡུལ་དུ་རྣམ་༡༠མཁྱེན། ལམ་༡༡ཤེས། གཞི་ཤེས་ཏེ་མཁྱེན་གསུམ། ཉམས་ལེན་གྱི་ཡུལ། རྣམ་རྫོགས་༡༢། རྩེ་སྦྱོར། མཐར་༡༣གྱིས་པ། སྐད་ཅིག་མ་བཅས་ལམ་སྦྱོར་བ་བཞི། འབྲས་བུའི་མངོན་རྟོགས་ཆོས་ཀྱི་སྐུ་མཛད་པ་བཅས་པ་དང་། དེ་ལའང་


JKT017_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསེས་སུ་མཚོན་བྱེད་ཀྱི་ཆོས་དོན་བདུན་ཅུར་ཕྱེ་བ་སྟེ། དེའི་འགྲེལ་པ་འཕགས་ཡུལ་སློབ་དཔོན་སེང་གེ་བཟང་པོ་སོགས་ཀྱིས་མཛད་པ། བོད་ལྗོངས་སུའང་རྔོག་ལོ་ཆེན་པོ་སོགས་ཀྱིས་བསྒྱུར་བཤད་འགྲེལ་གསུམ་གྱིས་གཏན་ལ་ཕབ་ནས་དར་ཞིང་རྒྱས་པར་མཛད་དོ། །གསུམ་པ་མངོན་པའི་སྡེ་སྣོད་ལ་ཐེག་དམན་དང་། ཐེག་ཆེན་གཉིས་ལས། དང་པོ་ནི། བྱེ་སྨྲ་བས་བཀའ་དང་། མདོ་སྡེ་པས་བསྟན་བཅོས་སུ་འདོད་པའི་ཡེ་ཤེས་འཇུག་པ་ལ་སོགས་པའི་མངོན་པ་སྡེ་བདུན་དུ་གྲགས་པ་ལ་བརྟེན་ནས་དགྲ་བཅོམ་པ་ལྔ་བརྒྱས་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་མཛད། དེ་ནས་སློབ་དཔོན་དབྱིག་གཉེན་གྱིས་དེ་དག་གི་བརྗོད་བྱའི་དོན་ཐམས་ཅད་བསྡུས་པ་མངོན་པ་མཛོད་ཅེས་གནས་བརྒྱད་ཀྱི་བདག་ཉིད་ཅན་འདི་མཛད་པ་སྟེ། དེ་ཡིས་ཉེ་བར་བསྟན་པའི་དོན་ཀྱང་ཇི་སྐད་དུ། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལས། །ཟག་རྣམས་ཀུན་ཏུ་རྒྱས་པར་གྱུར། །ཞེས་དང་། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ཞེས་གཙོ་བོར་ཤེས་བྱའི་ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་སུ་བསྡུས་ཏེ་བསྟན་པར་མཛད་པའི་དང་པོ་ལའང་། རྒྱས་པར་ཕྱེ་ན་ཕུང་ཁམས་སྐྱེ་མཆེད་གསུམ་དང་། བསྡུ་ན་སྣང་བ་གཟུགས་ཀྱི། གཙོ་བོ་


JKT017_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི། འཁོར་སེམས་བྱུང་གི །འདུས་མ་བྱས་ཀྱི། མི་ལྡན་པའི་འདུ་བྱེད་དེ་གཞི་ལྔར་བསྟན། ཕྱི་མ་ལའང་བདེན་པ་རྣམ་བཞིའི་དབྱེ་བ་དང་། དེའི་མངོན་པར་རྟོགས་པ་སྐྱེ་ཚུལ་དང་། གང་ཟག་གི་།དབྱེ་བ། དེའི་ཤེས་པའི་དབྱེ་བ། ཏིང་ངེ་འཛིན་གྱི་ཁྱད་པར་དང་བཅས་པ་རྣམས་ཏེ། དེ་ཡང་གནས་དང་པོས་ཆོས་ཀུན་ཟག་བཅས་ཟག་མེད་གཉིས་སུ་མདོར་བསྟན། འདུས་བྱས་དང་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་སྤྱིར་བསྟན། ཁམས་ཀྱི་རབ་དབྱེ་རྒྱས་པར་འཆད་པས་ཁམས་བསྟན་པའི་མཛོད། གཉིས་པས་དབང་པོའི་རང་བཞིན་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱུ་རྐྱེན་འབྲས་བུ་དང་བཅས་དབང་པོ་བཤད་པའི་མཛོད་དེ། དེ་གཉིས་ཀྱིས་ཟག་བཅས་ཟག་མེད་སྤྱིར་བསྟན། གསུམ་པས་འགྲོ་བའི་དབྱེ་བ། སྐྱེ་ཚུལ། གནས་པའི་རྐྱེན། འཕོ་བའི་སེམས། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་རྣམས་ཀྱིས་རྟེན་དང་བརྟེན་པའི་འཇིག་རྟེན་གནས་པའི་མཛོད། །བཞི་པས་འཇིག་རྟེན་སྣ་ཚོགས་སུ་སྐྱེ་བ་ལས་འབྱུང་ཚུལ། དེ་གཏན་ལ་དབབ་པ་སོགས་ལས་བསྟན་པའི་མཛོད། ལྔ་པ་ལས་དེ་རྣམས་ཀྱི་རྣམ་སྨིན་འབྱིན་པ་ཉོན་མོངས་པ་ཁོ་ནར་ངེས་པའི་ཕྱིར། ཕྲ་རྒྱས་ཀྱི་རང་བཞིན། དེ་གང་གིས་སྤངས་པའི་འབྲས་བུ་དང་བཅས་པ་བསྟན་པ་ཕྲ་རྒྱས་ཀྱི་མཛོད། དེ་གསུམ་གྱིས་ཟག་བཅས་བྱེ་བྲག་ཏུ་བཤད། དྲུག་པ་དེ་ལྟ་བུའི་ཕྲ་རྒྱས་


JKT017_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྤོང་བའི་ལམ་དང་། གང་ཟག་གི་རྣམ་གཞག །ལམ་ཁྱད་པར་བའི་ཡོན་ཏན་བྱང་ཆུབ་ཕྱོགས་མཐུན་གྱི་རྣམ་བཞག །རྣམ་གྲོལ་ལམ་རྣམས་སྟོན་པས་ལམ་དང་གང་ཟག་བསྟན་པའི་མཛོད། །བདུན་པ་ཤེས་པ་རྣམ་པ་བཅུ་ཤེས་པ་དང་ལྡན་པ་དང་། འཐོབ་པ་དང་། ཡོན་ཏན་གྱི་སྒོ་ནས་སངས་རྒྱས་ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱ་ཆེར་བཤད་པ་ཡེ་ཤེས་བསྟན་པའི་མཛོད། བརྒྱད་པ་ལམ་བདེན་བསྐྱེད་པའི་རྒྱུ་བསམ་གཟུགས་ཀྱི་ཏིང་འཛིན་དང་། དེའི་ཡོན་ཏན་བཅས་བསྟན་པ་སྙོམས་འཇུག་བསྟན་པའི་མཛོད་དེ། དེ་གསུམ་གྱིས་ཟག་མེད་བྱེ་བྲག་ཏུ་བཤད་དོ། །གཞུང་འདི་ལ་འཕགས་ཡུལ་དུའང་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བློ་གྲོས་བརྟན་པ་ལ་སོགས་པའི་འགྲེལ་པ་ཤིན་ཏུ་མང་པོ་ཞིག་བྱུང་ལ། བོད་དུ་བསྟན་པ་སྔ་དར་གྱི་ཚེ་བཤད་སྲོལ་བྱུང་བ་བར་སྐབས་སུ་ཆད་ཅིང་། ཕྱིས་པཎྜི་ཏ་སྨྲི་ཏིས་ཁམས་སུ་འཆད་ཉན་གྱིས་གཏན་ལ་ཕབ་པའི་རྒྱུན་ལས་རིམ་པར་འཕེལ་བ་ནས་བཟུང་། མཆིམས་ཐམས་ཅད་མཁྱེན་པའི་དངོས་སློབ་སྣར་ཐང་འཇམ་དབྱངས་པས་མཛོད་འགྲེལ་མངོན་པའི་རྒྱན་སོགས་མཛད་པ་ནས་དར་རྒྱས་སུ་གྱུར་ཏོ། །གཉིས་པ་ནི། སློབ་དཔོན་ཐོགས་མེད་ཀྱིས་ཐེགས་ཆེན་གྱི་མངོན་པའི་སྡེ་སྣོད་རྣམས་ལ་བརྟེན་ནས་སེམས་ཙམ་པའི་ལུགས་སུ་བཀྲལ་བའི་མངོན་པ་ཀུན་བཏུས་མཛད་ཅིང་།


JKT017_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་དུ་དར་ཞིང་རྒྱས་པར་བྱུང་མོད་ཀྱང་དེང་སང་བཤད་སྲོལ་ཡོད་པར་མི་སྣང་ངོ་། །དེ་ལྟར་རྒྱུ་ལམ་དུ་བྱེད་པའི་ཐེག་པ་དེའང་བསྡུ་ན་དམན་མཆོག་གཉིས་སུ་འདུ་ཞིང་། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ལ་བྱེ་མདོ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ལ་དབུ་སེམས་གཉིས་ཏེ་བཞིར་ངེས་པའི། དང་པོ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལའང་གསུམ་ལས། དང་པོ་མཚན་ཉིད་ནི། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་གང་ཞིག །རང་རིག་ཐ་སྙད་ཙམ་དུའང་ཁས་མི་ལེན་པའོ། །ངེས་ཚིག་ནི། ཤེས་བྱའི་གཞི་ལྔ་པོ་ཐམས་ཅད་རྫས་སུ་ཡོད་དེ། བྱེ་བྲག་སོ་སོར་ཕྱེ་ནས་སྨྲ་བས་ན་དེ་སྐད་དོ། །དབྱེ་ན། རྩ་བའི་སྡེ་པ་བཞི་དང་། དེ་ལས་གྱེས་པ་བཅོ་བརྒྱད་རྣམས་སོ། །གྲུབ་པའི་མཐའི་འདོད་ཚུལ་ལ། གཞི། ལམ། འབྲས་བུ་གསུམ་ལས། དང་པོ་ནི། ཤེས་བྱ་ཐམས་ཅད་རྒྱས་པར་ཕྱེ་ན་ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་སུ་ཡོད་པར་འདོད་ཅིང་དེ་ཐམས་ཅད་ཀྱང་ལེགས་པར་བསྡུ་ན། བཅོམ་གཞིག་གང་རུང་གི་སྒོ་ནས་ངར་འཛིན་གྱི་བློ་འདོར་དུ་རུང་བ་རྫ་བུམ་ལྟ་བུ་བཏགས་ཡོད་ཀུན་རྫོབ་ཀྱི་བདེན་པ་དང་། དེ་གཉིས་གང་ཡང་རུང་བས་ངར་འཛིན་གྱི་བློ་འདོར་དུ་མི་རུང་བ་རྡུལ་ཕྲན་ཆ་མེད་ལྟ་བུ་རྫས་ཡོད་དོན་དམ་པའི་བདེན་པ་གཉིས་སུ་འདུས་པར་བཞེད་དོ། །གཉིས་པ་ནི། བདེན་བཞི་


JKT017_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུ་དྲུག་ལ་དམིགས་ནས་ལམ་ལྔའི་མངོན་པར་རྟོགས་པའི་སྒོ་ནས་ཉམས་སུ་བླངས་པས་ཉོན་མོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་གཉིས་སྤངས་པས་དམན་ལམ་དགྲ་བཅོམ་པ་དང་། སངས་རྒྱས་ཀྱི་འབྲས་བུ་རིམ་བཞིན་དུ་ཐོབ་པར་འཆད་དོ། །གསུམ་པ་ནི། མི་རྟག་པ་སོགས་བཅུ་དྲུག་པོ་བསྒོམས་པས་ཉོན་མོངས་པ་ཅན་གྱི་མི་ཤེས་པ་ཙམ་སྤངས་པས་དམན་པའི་དགྲ་བཅོམ་གྱི་གོ་འཕང་ཐོབ་ཀྱང་དེ་ཉིད་ཉམས་པའི་ཆོས་ཅན་གྱི་ཕྱིར། སླར་རྒྱུན་ཞུགས་སུ་འགྱུར་བར་སྲིད་པར་ཁས་ལེན་ལ་གང་གི་དམིགས་པ་དེ་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀ་སྤངས་ཏེ་སངས་རྒྱས་ཀྱི་གོ་འཕང་དེའི་ཐུགས་རྒྱུད་ནི་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་རང་གཟུགས་སངས་རྒྱས་ཡིན་གྱི། ཕྱིའི་གཟུགས་ཕུང་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ལས་སངས་རྒྱས་སུ་མི་འདོད་ལ། མྱ་ངན་ལས་མ་འདས་ཚུན་ཆད་ལྷག་བཅས་དང་། དེ་ཕན་ཆད་ལྷག་མེད་དགྲ་བཅོམ་དུ་འདོད་པ་ལས་སྤྲུལ་པ་ལ་སོགས་ཁས་མི་ལེན་ཅིང་། རྒྱུ་དེས་སྐུ་གསུམ་ལ་སོགས་པའི་རྣམ་པར་བཞག་པའང་མི་བྱེད་དོ། །གཉིས་པ་མདོ་སྡེ་པའི་ལུགས་བཤད་པ་ལ་བཞི། མཚན་ཉིད་ནི། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་གང་ཞིག་ཕྱི་དོན་དང་རང་རིག་གཉིས་ཀ་བདེན་


JKT017_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་གྱིས་ཁས་ལེན་པའོ། །ངེས་ཚིག་ནི། ཐེག་དམན་གྱི་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་དེ་ལ་ཚད་མར་བྱེད་པས་དེ་སྐད་ཅེས་བྱ། དབྱེ་ན་ལུང་གི་རྗེས་འབྲང་དང་། རིག་པའི་རྗེས་འབྲངས་གཉིས་ལས། སྔ་མ་ནི་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མངོན་པ་སྡེ་བདུན་དང་། ཕྱི་མ་ནི་ཚད་མ་སྡེ་བདུན་ལ་སོགས་པ་ནས་བཤད་པའི་མདོ་སྡེ་བ་དག་གོ། །མཛད་འཕྲོ་ལུས།། །།


previousརིག་གནས་ཕྱི་ནང་གི་གཏམ་ཉུང་ངུ་།next