Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
རིག་པའི་གནས་ཆེན་ལྔའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་པའི་གནས་ཆེན་ལྔའི་གཏམ།next

རིག་པའི་གནས་ཆེན་ལྔའི་གཏམ།


JKT017_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མསྶ་རྦཛྷཱ་ཡ། འདིར་བློ་ལྡན་གང་ཞིག་སྲིད་པའི་སྡུག་བསྔལ་མཐའ་མེད་པར་ལུས་ཅན་ཐམས་ཅད་འཁྱམས་པའི་རྩ་བ་བདག་ལྟ་དང་མཚུངས་པར་ལྡན་པའི་མ་རིག་པའི་ས་བོན་དྲུང་ནས་ཕྱུང་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དག་གིས། དེ་དང་དེའི་རིང་བ་དང་ཉེ་བའི་རྒྱུར་གྱུར་པ་ཕྱི་ནང་གི་རིག་པའི་གཞུང་ལ་རིམ་གྱིས་འཇུག་སྟེ་ཐོས་བསམ་སྒོམ་གསུམ་འགལ་མེད་དུ་སྤྱོད་པར་འོས་པ་ནི་ལུང་དང་རིག་ཤེས་ཚད་མས་རྗེས་སུ་གྲུབ་ལ། དེས་ན་དེ་ལྟ་བུའི་བསླབ་པར་འོས་པའི་ཤེས་བྱ་ལ་སྤྱིར་མཐའ་ཀླས་ཀྱང་། བསྡུ་ན་རིག་པའི་གནས་ཆེན་པོ་བཅོ་བརྒྱད་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། བརྟག་པ་བརྒྱད་ལ་སོགས་པ་ཐམས་ཅད་ཀྱང་ཕལ་ཆེར་རིག་པའི་གནས་ལྔ་ཡན་ལག་དང་བཅས་པར་འདུས་ཤིང་། དེ་ཡང་ཚར་བཅད། རྗེས་བཟུང་། ཀུན་མཁྱེན་རིག་པ་གསུམ། དེ་ཉིད་ཀྱང་ཉེ་བར་བསྡུ་ན་ཕྱི་ནང་གི་ཐུན་མོང་དང་། ཐུན་མོང་མ་ཡིན་


JKT017_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སུ་འདུ་བའི་ཚུལ་རྒྱས་པར་འཆད་དུ་ཡོད་ལ། ཐུན་མོང་གི་རིག་པ་དེའང་བསམ་པའི་ཁྱད་པར་གྱི་ངོས་ནས་བྱང་ཆུབ་ཀྱི་རྒྱུར་འགྱུར་མི་འགྱུར་ཐ་དད་པའང་ཤེས་པར་བྱའོ། །ཡང་སྔ་མའི་སྟེང་ཚིག་རྒྱན་ཤེས་ན་སྙན་དངགས་ལ་མི་རྨོངས་པ་སོགས་ལྔ་བསྣན་པས་རིག་པའི་གནས་བཅུ་ཕྲག་ཅེས་འཕགས་པ་ལ་བོད་ལྗོངས་ཀྱི་མཁས་པ་རྣམས་ལ་གྲགས་པ་བརྟན་པ་ལས། ད་ལམ་སྐབས་སུ་བབས་པ་རིག་གནས་ལྔར་བསྡུ་བའི་ཚེ་བཟོ་རིག་པའི་ནང་ཚན་ངག་བཟོར་གཙོ་བོར་གཏོགས་པ་སྙན་ཚིག་གི་རིག་པ་འདི་ལ་རྒྱ་གར་ན་གཞུང་ཆེ་ཕྲ་གྲངས་ཀྱིས་མི་ལངས་པ་ཞིག་ཡོད་པ་ལས་ཕྱིས་སུ་གཙོ་བོར་གྱུར་པ་དབྱངས་ཅན་མགུལ་རྒྱན་དང་མེ་ལོང་གཉིས་ཡིན་ལ། དེའི་ནང་ནས་ཀྱང་འཕགས་བོད་ཐམས་ཅད་དུ་ཉི་ཟླ་ལྟར་གྲགས་པ་གསལ་བ་དཔལ་ལྡན་དཎྜིས་མཛད་པའི་རྒྱན་གྱི་བསྟན་བཅོས་མེ་ལོང་འདི་ཉིད་འཆད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ་ལས། །དང་པོ་ལའང་། ཇི་སྐད་དུ། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །སུ་ཡི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་ཅི། །འདི་ཡི་དགོས་པ་ཅི་ཞིག་ཡིན། །ཞེས་རྩིས་མགོ་རྣམ་པ་ལྔར་དབྱེའོ། །གཉིས་པ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་སྒོ་དང་། བཤད་བྱ་བསྟན་བཅོས་ཀྱི་དོན་དངོས། དོན་དེ་ཤེས་པའི་འབྲས་བུ་མཚོན་པ་


JKT017_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གསུམ། དང་པོ་ལའང་། མཆོད་པར་བརྗོད་པ། བརྩམ་བར་དམ་བཅའ་བ། དགོས་སོགས་བརྗོད་པའོ། །ཕྱི་མ་ལ་བཞི། སྡེ་བཞིའི་ཐ་སྙད་འཇུག་པ། གྲགས་པ་དུས་རིང་པོར་གནས་པ་༡། ཡོན་ཏན་དང་སྐྱོན་འབྱེད་པ་༢། དེས་ན་བསྟན་བཅོས་བརྩམས་༡པ་སྟེ་བཞིའོ། །སྐབས་འདིར་ཤུགས་བསྟན་བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་བ་བཞིའི་ཚུལ་ཡང་ཁོང་དུ་ཆུད་པར་བྱའོ། །སྤྱི་དོན་གཉིས་པ་ལ་གསུམ། ལུས་རྒྱན་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །བར་པ་ལ་གསུམ། ལུས། རྒྱན། སྐྱོན་སེལ་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། མཚན་ཉིད་དང་། མཚན་གཞིའོ། །ཕྱི་མ་ལ་གསུམ། ལུས་གཞུང་གི་དབྱེ་བས་གསུམ་དུ་བཤད། ལུས་སྐད་རིགས་ཀྱི་དབྱེ་བས་བཞིར་བཞག །སླར་ཡང་ལུས་ཀྱི་དབྱེ་བ་གཞན་སྟོན་པའོ། །དང་པོ་ལ་གཉིས། དབྱེ་བ་དང་། སོ་སོར་བཤད་པའོ། །གཉིས་པ་ལ་གསུམ། ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མ་བཤད་པའོ། །དང་པོ་ལ་གསུམ། སྡེབ་སྦྱོར་གྱི་སྒོ་ནས་གཉིས་དང་། སྦྱོར་ཚུལ་གྱི་སྒོ་ནས་བཞིར་དབྱེ། སྙན་དངགས་ཆེན་པོའི་མཚན་ཉིད་བསྟན་པའོ། །ཕྱི་མ་ལ་བཞི། སྙན་དངགས་ཆེན་པོ་ངོས་བཟུང་བ། དེའི་མཚོན་བྱེད་སྤྱིར་བཏང་། དམིགས་ཀྱིས་བསལ་བ། ཞར་ལ་སྦྱོར་ཚུལ་འགའ་ཞིག་བསྟན་པའོ། །གཉིས་


JKT017_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། སྙན་དངགས་ཆེན་པོ་བརྩམ་པ་ལ་འཇུག་པའི་སྒོ། །སྙན་དངགས་ཆེན་པོ་དེའི་བརྗོད་བྱ། དེའི་རྗེས་སུ་འབྲེལ་བའི་བརྗོད་བྱ་འཇུག་པའི་ཡུལ་འཕྲོས་དོན་བཅས་པའོ། །བཞི་པ་ལ་གཉིས། སྙན་དངགས་མཁན་བྷཱ་མ་ཧཱའི་འདོད་པ་དང་། རང་བཞེད་དངོས་དགོད་པའོ། །ལྷུག་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །གཉིས་པ་ལ་བཞི། དབྱེ་བ་མིང་གི་མདོར་བསྟན། དངོས་པོའི་དབྱེ་བར་རྟོག་པ་དགག །མིང་ཙམ་གྱི་དབྱེ་བར་བསྟན། དོན་གྱི་དབྱེ་བར་འཇོག་པའི་སྒྲུབ་བྱེད་གཞན་དགག་པའོ། །སྤེལ་མ་ལ་གཉིས། སྐད་རིགས་དང་། བཅད་ལྷུག་སྤེལ་བའོ། །གསུམ་པ་སྐད་རིགས་ཀྱི་དབྱེ་བའི། དེའི་དབྱེ་བ་དང་། སོ་སོར་བཤད་པ་དང་། དེ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཀྱི་མཚན་གཞི་ངོས་བཟུང་བའོ། །གསུམ་པ་དབྱེ་བ་གཞན་སྟོན་པ་ལ་གཉིས། ལྟ་བ་དང་། མཉན་པའི་དོན་ལ་སྦྱར་བའོ། །གཉིས་པ་རྒྱན་བཤད་པ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལའང་ལམ་དུ་མང་བསྟན། ལྷོ་ཤར་གྱི་ལམ་རྒྱས་པར་མཚན་ཉིད་དང་དཔེར་བརྗོད་པའི་སྒོ་ནས། འཕྲོས་དོན་སྙན་ངག་གི་རྒྱུ་བཤད་པའོ། ༈ །གཉིས་པ་ལ། དོན་རྒྱན་༣༥། སྒྲ་རྒྱན་༣། གབ་ཚིག་གི་རྒྱན་༡༣། མཚན་ཉིད་དང་དཔེར་བརྗོད་པའི་སྒོ་ནས་བཤད་པའོ། །གསུམ་པ་མཇུག་གི་


JKT017_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་གཉིས། གཞུང་མཛད་པ་པོའི་མཚན་སྨོས་པ། འཕགས་ཡུལ་ནས་གངས་ཅན་དུ་ཇི་ལྟར་བསྒྱུར་བའི་ཚུལ་བསྟན་པའོ། ༈ །ན་མཿསྭ་ར་ས་ཏྱཻ། རིག་གནས་ཆུང་བ་ལྔའི་ཡ་གྱལ་ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་གྲགས་པ་བརྟན་པའི་གཞུང་འདི་འཆད་པ་ལ་གཉིས་ཏེ། ལུས་འཆད་པ་དང་། རྒྱན་འཆད་པའོ། །དང་པོ་ནི། འདི་ལྟར་སྨྲ་བ་པོའི་བརྗོད་པར་འདོད་པའི་དོན་བསྟན་བཅོས་སུ་སྦྱར་ན། རྗོད་བྱེད་ལེགས་པར་སྦྱར་བའི་ལུགས་ཀྱི་སུ་པྲ་དང་ཏིང་འི་མཐའ་ཅན་ལ་སོགས་པའི་ཚིག་གི་ཕྲེང་བ་ཅན་ཏེ། དེ་ལ་དབྱེ་ན་གསུམ་གྱི་དང་པོ་ནི། ལུས་གང་ཞིག་རྐང་པ་བཞིར་བཅད་ཅིང་རྐང་པ་བཞིར་ཚོགས་པའི་ངག་ནི་ཚིགས་སུ་བཅད་པའི་མཚན་ཉིད་དབྱེ་ན། སྡེབ་སྦྱོར་གྱི་སྒོ་ནས་བྲིཏྟ་དང་ཛཱ་ཏི་གཉིས་སུ་གནས་ཀྱང་། བོད་སྐད་ལ་བྲིཏྟ་དང་རྗེས་མཐུན་ཡི་གེ་བགྲངས་པ་ཙམ་ལས་མི་འབྱུང་ངོ་། །སྦྱོར་ཚུལ་གྱི་སྒོ་ནས་གྲོལ་བ། རིགས། མཛོད། འདུས་པ་བཞིའོ། །གཉིས་པ་ནི། ལུས་གང་ཞིག་རྐང་པས་མ་བཅད་པའི་རྣམ་དབྱེའི་མཐའ་ཅན་གྱི་ངག་ཚིག་རྒྱུན་ཆགས་པ། དབྱེ་ན་བརྗོད་པ་དང་། གཏམ་གཉིས། འདི་དག་སྔོན་གྱི་མཁས་པ་དག་གིས་ཐ་དད་པར་འདོད་ཀྱང་། དཔལ་ལྡན་དཎྜིས་མི་འགལ་བར་བསྒྲུབས། གསུམ་པ་ནི། ལུས་གང་ཞིག །ཚིག་བཅད་ལྷུག་གམ། སྐད་རིགས་བསྲེས་པ་སྤེལ་མའི་མཚན་


JKT017_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། དབྱེ་ན། ཙམ་ཞེས་ཚིག་བཅད་ལྷུག་སྤེལ་བ་དང་། ཟློས་གར་ཞེས་སྐད་རིགས་བཞི་ཀར་སྤེལ་བའོ། །དེ་འདྲའི་ཚིག་བཅད་ལྷུག་སྤེལ་གསུམ་ལ། སྐད་ལེགས་སྦྱར། རང་བཞིན། ཟུར་ཆག །འདྲེས་མ་བཞིར་གནས། ལེགས་སྦྱར་ལྷའི་སྐད་དང་། རང་བཞིན་ལ་ལེགས་སྦྱར་དེ་སྐྱེས་དང་། དེ་མཚུངས་དང་། ཡུལ་སོ་སོའི་སྐད་ཅན་གསུམ། ཟུར་ཆག་གི་སྙན་གཞན་ལ་མ་ལྟོས་པར་རང་དོན་སྟོན་པ། ངག་སྔོན་ཁྱབ་འཇུག་བ་ལང་རྫི་བོ་བྱས་པའི་ཚེ་དེའི་སྐད་ཀྱིས་རིག་བྱེད་འཆད་པ་ལ་འདོད། སྒྲའི་ལུགས་ལ་ལེགས་སྦྱར་ལས་གཞན་ཟུར་ཆག་ཏུ་འདོད་དོ། །འདྲེས་མ་ནི། སྐད་རིགས་སྔ་མ་གསུམ་བསྲེས་ནས་འཆད་པ་ལ་འདོད་དོ། །གྲོལ་བ་ནི། བློ་ཀཋགཅིག་གིས་བརྗོད་བྱའི་དོན་གཅིག་རྫོགས་པར་སྟོན་པ། རིགས་ནི་བློ་ཀ་དུ་མ་བརྗོད་བྱའི་དོན་གཅིག་གིས་རྫོགས་པར་སྟོན་པ། མཛོད་ནི། གཅོད་མཚམས་བྱ་ཚིག་སྣ་ཚོགས་པའི་སྒོ་ནས་གློ་ཀངེས་བཟུང་མེད་པར་བརྗོད་བྱ་དུ་མས་འབྱོར་ལྡན་གྱི་མཛོད་ལྟར་ཕྱུག་པ། འདུས་པ་ནི། བརྗོད་བྱའི་དོན་གཅིག་བློ་ཀདུ་མ་དང་བྱ་ཚིག་མང་པོ་འདུས་ནས་སྟོན་པ་སྟེ། དཔེར་ན་སྲོད་ལ་སོགས་པའི་བསྔགས་པ་ལྟ་བུ་གཅིག་ལ། བློ་ཀདང་བྱ་ཚིག་གཉིས་ཀ་མང་པོ་འདུས་ནས་སྟོན་པ་ཞིག་གོ །དེ་བཞི་པོ་ཚིགས་སུ་བཅད་པའི་རང་བཞིན་གྱི་སྙན་དངགས་ཆེན་པོ་སྟེ་སརྒ་འམ་ལེའུས་བཅིངས་པའི་


JKT017_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་དག་གི་ཞར་ལས་ཤུགས་ཀྱིས་ཐོབ་པར་འགྱུར་པའི་ཕྱིར་དེའི་ཆ་ཤས་ཙམ་ཡིན་གྱི་ལོགས་སུ་ཤེས་བྱ་དང་སྟོན་བྱ་མ་ཡིན་པས་མེ་ལོང་གཞུང་དུ་དཔེར་བརྗོད་མ་མཛད་དོ། །ཁྱད་པར་ནི། རིགས་དང་འདུས་པར་ཚིགས་སུ་བཅད་པ་མང་པོས་སྟོན་པ་འདྲ་ཡང་། རིགས་ལ་བྱ་ཚིག་གཅིག་དང་། འདུས་པར་མང་པོས་སྟོན། མཛོད་འདུས་པ་གཉིས་བྱ་ཚིག་མང་བའི་སྒོ་ནས་འདྲ་ཡང་། མཛོད་ཤོ་ཀམང་པོ་དགོས་པ་མ་ངེས་ཤིང་། འདུས་པ་ལ་ངེས། གྲོལ་བ་བློ་ཀགཅིག་གཅོད་མཚམས་དང་བྱ་ཚིག་མི་དགོས་པ་ཞིག་གོ །སྙན་དངགས་ཆེན་པོའི་ལུས་རྩོམ་པའི་འཇུག་སྒོ་ཤིས་བརྗོད། ཕྱག་བྱ། དངོས་པོ་ངེས་བསྟན་གསུམ། རྩོམ་ཚུལ་གྲོང་ཁྱེར་རྒྱ་མཚོ་རི་དུས་སོགས་ལ་བསྔགས་པས་མཚོན་ནོ། །གཉིས་པ་རྒྱན་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ་བཅུ་སྟེ། དང་པོ་སྦྱོར་བའི་ཡོན་ཏན་ནི། མ་ཡིག་ལྟ་བུ་ལ་བསྐོར་བ་རྗེས་ཁྲིད་ཀྱི་བློས་སྲོག་ཆུང་གི་ཡི་གེ་ཁོ་ན་ཚོགས་པས་ལྷོད་པ་བཟློག་ཟླ་ཤར་ཕྱོགས་གོ་ཌ་བའི་འདོད་པ་དང་། ལྷོད་པ་སྲོག་ཆུང་གི་ཡི་གེ་གྲངས་མང་ཞིང་། སྲོག་ཆེན་ཀྱང་ཅི་རིགས་འདྲེས་ཕྱིར་ལྷོད་པས་མ་རེག་པ་སྦྱོར་བ་ལྕི་བ་དངོས་ལྷོ་ཕྱོགས་བེ་དནྟའི་ལུགས་གཉིས། གཉིས་པ་རབ་དྭངས། འཇིག་རྟེན་ན་ཡོངས་སུ་གྲགས་ཤིང་གོ་སླ་བའི་དོན་བརྗོད་པ་བེ་དནྟའི་ལུགས་དང་། འཇིག་


JKT017_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་གྲགས་མི་ཆེ་བས་མི་དྭངས་པ་ལྟ་བུར་བརྗོད་པ་གོ་ཌ་བའི་ལུགས་གཉིས། མཉམ་པ་ལ། རྐང་པ་ཕྱེད་སྔ་ཕྱིའི་ཡི་གེ་སྦྱོར་བ་མཉམ་པ་བེ་དནྟའི་ལུགས་དང་། རྐང་པ་གསུམ་པ་ལྟ་བུའི་ཡི་གེའི་སྦྱོར་བ་རྩུབ་ཅིང་། གཞན་འཇམ་པ་ལྟ་བུ་གོ་ཌ་བའི་འདོད་ལུགས་གཉིས། སྙན་པ་ལ་ལར་རིང་པོ། ལ་ལར་བརྩེགས་པ། ལ་ལར་འཕུལ་མཐའ་རྟེན་སོགས་མཚུངས་པར་བྱས་པ་བེ་དནྟའི་ལུགས་དང་། དེ་གཉིས་ཀས་འདོད་པ་རྐང་པ། ཚིག་ཡི་གེ་རིང་པོར་བསྐོར་བའི་རྗེས་ཁྲིད་གསུམ། རྐང་པ་སྔ་ཕྱི་སྦྱོར་བ་འཇམ་རྩུབ་མཉམ་པ་གོ་ཌཱ་བ་ཁོ་ནས་འདོད་པའི་རྗེས་ཁྲིད་རྣམས་སོ། །ཤིན་ཏུ་གཞོན་པ་ནི། ཕལ་ཆེར་ཤིན་ཏུ་འཇམ་པ་ལ། རྩུབ་པའི་ཡི་གེའང་རེ་རེ་ཙམ་འདྲེས་པ་བེ་དནྟ་བ་དང་། ཐམས་ཅད་རྩུབ་པ་ཤ་སྟག་བསྒྲིགས་པ་གོ་ཌ་བའི་ལུགས་གཉིས། དོན་གསལ། བརྗོད་བྱའི་དོན་དེ་བརྟགས་མི་དགོས་པར་གོ་བ་ལྷོ་ཤར་འདོད་མཐུན་དང་། བརྟགས་དགོས་པས་གོ་དཀའ་བ་ཤར་བ་སྐབས་འགའ་རེར་འདོད་པ། རྒྱ་ཆེ་བ། ཆོས་གང་ཞིག་དངོས་སུ་བརྗོད་པའི་ཡུལ་དེ་ཁྱད་འཕགས་མཚོན་པར་ནུས་པ་བེ་དནྟུ་དང་། བསྔགས་པར་འོས་པའི་ཁྱད་ཆོས་བརྗོད་པ་ཙམ་ན་དེ་དང་ལྡན་པའི་ཁྱད་གཞི་དེ་ཁྱད་འཕགས་སུ་མཚོན་ནུས་པ་གོ་ཌ་བའི་འདོད་པ་གཉིས། བརྗོད་པ་ནི། ལྕི་ཡང་འཁྲུགས་པ་དང་། ཚིག་སྡུད་ཀྱི་རྣམ་པ་མང་


JKT017_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྗོད་པ་གོ་ཌཱ་པ་དང་། ཚིག་སྡུད་སྔ་མ་དང་འདྲ་ཞིང་ལྕི་ཡང་མ་འཁྲུགས་པ་བེ་དནྟའི་ལུགས། མཛེས་པ་ནི། འཇིག་རྟེན་གྱི་མཚམས་ལས་མ་འདས་པར་བརྗོད་པས་ཀུན་ཡིད་འཕྲོག་པར་བྱེད་པ་བེ་དནྟུ་དང་། འཇིག་རྟེན་གྱི་བློ་ཡུལ་ལས་འདས་པར་བསྔགས་པ་གོ་ཌ་བའི་ལུགས་གཉིས་སོ། །ཏིང་ངེ་འཛིན་ནི། སེམས་ལྡན་གྱི་ཆོས་གཞན་མིག་འབྱེད་འཛུམ་ལ་སོགས་པ། ཆོས་ཅན་སེམས་མེད་པདྨ་ལ་སོགས་པ་གཞན་གྱི་སྟེང་དུ་མཉམས་པར་རབ་བཏགས་ཀྱི་ཚུལ་དུ་བཀོད་པའོ། །ཚིག་སྦྱོར་ཕན་ཚུན་ཕན་པར་བྱེད་པའི་འབྲེལ་བ་ཅན། དགོས་དོན་དང་བྲལ་བའི་ཚིག་སྤངས་པ། བསྟོད་པའི་གནས་ཁོ་ནར་བསྟོད་པ། བརྗོད་པའི་ཤུགས་ལས་བརྗོད་དོན་ཟབ་མོ་དག་ཀྱང་གསལ་བ་སྟེ། །དེ་རྣམས་ཚོགས་པས་རྒྱན་དེ་འབྱུང་ངོ་།། །།


previousརིག་པའི་གནས་ཆེན་ལྔའི་གཏམ།next