Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
སྐུ་རྟེན་ལྷ་སྐུའི་ཐིག་རྩ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་རྟེན་ལྷ་སྐུའི་ཐིག་རྩ།next

སྐུ་རྟེན་ལྷ་སྐུའི་ཐིག་རྩ།


JKT017_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མཿསརྦ་ཛྙཱ་ཡ། ཨེ་ཝཾ་གཉིས་མེད་བདེ་བ་ཆེས། །ཤེས་དང་ཤེས་བྱ་ཀུན་སྡོམ་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཁྱབ་བདག་འཇམ་མགོན་བླ་མར་འདུད། །གང་གི་ཐུགས་རྗེའི་ཉི་གཞོན་གྱིས། །བློ་གྲོས་པད་རྫི་ངས་གསོས་པ་ལས། །བྱུང་བའི་ལེགས་བཤད་སྦྲང་རྩི་ཡིས། །དོན་མཐུན་བུང་བའི་དགའ་སྟོན་བྱ། །འདི་ལྟར་གནས་སྐབས་ཐར་པ་དང་མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་ཉེ་བར་སྒྲུབ་པའི་ལམ་གྱི་གཙོ་བོ། བདག་ལྟ་དང་མཚུངས་པར་ལྡན་པའི་ཀུན་ཉོན་དྲུངས་ནས་འབྱིན་པ་


JKT017_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རྟོག་པའི་ཤེས་རབ་སྐྱེད་པར་བྱེད་པའི་ཕྱི་མོ། །གནས་སྐབས་སུའང་ཕྱོགས་དང་ཕྱོགས་བྲལ་གྱི་དཔྱོད་ལྡན་གཟུ་བོར་གནས་པ་དག་གིས་ལེགས་སོའི་ཤིས་བརྗོད་ཀྱི་དབྱངས་སྙན་པོས་མངའ་གསོལ་བའི་མཁས་པའི་རྒྱལ་ཐབས་ལ་འཇོགས་པར་འདོད་པ་དག་གིས་དོན་དུ་གཉེར་བྱ་གཅིག་པུར་གྱུར་པ་བཅུ་ཕྲག་རིག་པའི་གནས་ཀྱི་སྤྱི་དོན་ལས་འཕྲོས་པའི་འབེལ་བའི་གཏམ་ཉུང་ངུ་ཞིག་སྤྲོ་ན། དང་པོ་དོན་གཉེར་རིས་སུ་མ་ཆད་པ་རྗེས་སུ་འཛིན་པ་བཟོ་རིག་པའི་ངོ་བོ་ནི། སྒོ་གསུམ་གྱི་བྱ་བས་བསྐྲུན་པའི་རིག་གནས། དབྱེ་ན། ལུས། ངག་ཡིད་ཀྱིས་བསྡུས་པ་གསུམ་ལས། དང་པོ་ལའང་མཆོག་དམན་གཉིས། མཆོག་གམ་གཙོ་བོ་ནི། དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། རྡོ་རྗེ་ཐེག་པའི་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་ལས་བསྟན་པའི་དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་མཆོད་པའི་གར་སོགས་ལུས་ཀྱི་རྣམ་འགྱུར་ལས་བྱུང་བ་རྣམས་ཏེ། དེ་ཡང་སྐུ་རྟེན་ལའང་གཞལ་བྱ། འཇལ་བྱེད། ཇི་ལྟར་གཞལ་བའི་ཚུལ་གྱིས་གྲུབ་པའི་དོན་ཏེ་གསུམ་གྱི། དང་པོ་ནི། རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་བཅས་པ་ལ་སོགས་པའི་སྐུ་ཡི་རྣམ་འགྱུར་བྲིས་པ་བུར་ལུགས་སོགས་ཀྱིས་རྩོམ་པ་ནི་གར་ཚད་ཀྱིས་གཏན་ལ་དབབ་པར་བྱེ་བའི་ཡུལ། གཉིས་པ་ནི། འདིར་སོར་མོ་བརྒྱད་


JKT017_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ནས་དང་། ནས་གཉིས་ལ་རྐང་པ། རྐང་པ་བཞི་ལ་སོར་གང་ངམ་ཆ་ཕྲན་དེ་ཕྱེད་བཅས་བཅུ་གཉིས་སམ་བཅུ་གསུམ་སྐབས་སུ་གང་བབས་ཀྱིས་གདོང་ངམ། ཞལ་ལམ། ཐལ་མོའམ། མཐོ་ཞེས་བྱ་སྟེ། གང་གིས་ཚད་གཏན་ལ་འབེབས་པར་བྱེད་པའི་བདག་པོའི་རྐྱེན་ནོ། །གསུམ་པ་ནི། ཐིག་ཆེན་དང་པོ་སྤང་རྟོགས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་རྣམས་སོར་མོ་བརྒྱ་ཉེར་ལྔ་པ་དང་། ཐིག་ཆེན་གཉིས་པ་ཡིད་ཙམ་ཁྲོ་བའམ། དྲང་སྲོང་ལྟར་ཁྲོས་པའི་རྒྱུད་སྡེའི་དཀྱིལ་འཁོར་གྱི་གཙོ་བོ་ཕལ་མོ་ཆེ་སོར་མོ་བརྒྱ་ཉེར་ལྔར་བྱ་བའི་ཚུལ་གྱིས་འཆད་པ་དང་། ཐིག་ཆེན་གསུམ་པ་དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་སོགས་ཞི་བ་ཐུན་མོང་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་རྣམས་སོར་མོ་བརྒྱ་དང་ཉི་ཤུ་པ། ཐིག་ཆེན་བཞི་པ་རྒྱལ་ཡུམ་ཡིད་འཕྲོག་མའི་གཟུགས་ཅན་རྣམས་སོར་མོ་བརྒྱ་བརྒྱད་པ་དང་། ཐིག་ཆེན་ལྔ་པར་སྦོམ་ཐུང་གཏུམ་དྲག་ཅན་རྣམས་སོར་མོ་གོ་དྲུག །ཐིག་ཆེན་དྲུག་པ་མིའུ་ཐུང་ལྟར་ཁྲོས་པ་རྣམས་སོར་མོ་དོན་གཉིས། ཐིག་ཆེན་བདུན་པ་ཉན་ཐོས་དང་རང་རྒྱལ་མི་ལ་སོགས་པ་རྣམས་སོར་དགུ་བཅུ་རྩ་དྲུག་དམིགས་བསལ་དང་བཅས་པ། ཐིག་ཆེན་བརྒྱད་པ་སྐུའི་རྣམ་འགྱུར་དང་། བཞུགས་སྟངས་དང་། རྒྱན་ལ་སོགས་པའི་ཚད་དེ། དེ་ལྟར་རྣམ་པ་བརྒྱད་ཀྱི་སྒོ་ནས་གཏན་ལ་ཕབ་ནས་ཞི་བ་དང་། སྒེག་


JKT017_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཏུམ་པ་ལ་སོགས་པའི་ཉམས་ཀྱིས་སྐབས་སུ་བབ་པར་མཛེས་ཤིང་ཡིད་འཕྲོག་པར་བྱ་བ་ཉིད་དོ། །གཉིས་པ་གསུང་རྟེན་ལའང་གསུམ། ངོ་བོ་ནི། བསླབ་པ་གསུམ་གྱི་གཞི་འཛིན་པར་བྱེད་ཅིང་རིག་བྱེད་ལ་སོགས་པ་བརྗོད་པའི་རྒྱུར་གྱུར་པ་ཡི་གེ་འདུས་པ་ལས་མིང་དང་། དེ་འདུས་པ་ལས་ཚིག་དང་། དེ་ལས་ཚིག་སུ་བཅད་པ་ནས་ལེའུ་དང་གླེགས་བམ་གྱི་བར་དུ་ཤར་བའི་རིག་གནས། ངེས་ཚིག་ནི། གང་བྲི་བར་བྱ་བ་ཡི་གེའི་དབང་དུ་བྱས་ན། བྱཉྫན་དང་། ཨཀྵ་ར་དང་། བཎྜ་ཞེས་པའི་སྒྲ་ལས། གསལ་བ་དང་། མི་འགྱུར་བ་དང་། བྱེད་པའི་ཕྱིར་ན་ཡི་གེ་ཞེས་བྱ། དེས་གྲུབ་པའི་གླེགས་བམ་ནི། པུསྟ་ཀཞེས་པའི་སྒྲ་ལས་དྲངས་ན་མིང་ཚིག་ཡི་གེའི་བདག་ཉིད་མང་པོ་ལྷན་ཅིག་ཏུ་འདུས་པའམ་ཚོགས་པའི་དོན་ལས་བཏགས་སོ། །དབྱེ་ན། རྒྱ་གར་འཕགས་པའི་ཡུལ་དུ་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་སོགས་པ་འབྱུང་མོད་ཀྱང་། གངས་ཅན་གྱི་ལྗོངས་འདིར་དེ་རྣམས་ཀྱི་ནང་ཚན་ལས་ཚངས་པའི་ཡི་གེ་སྟེ་ལཉྩན་དང་། དྷ་རི་ཀ་སྟེ་འཛིན་མའི་ཡི་གེ་དང་། ན་ག་ར་སྟེ་གྲོང་ཁྱེར་ཕལ་བའི་ཡི་གེ་དང་། ཀླུའི་ཡི་གེ་ཝརྟུ་ལ་སོགས་པ་ནང་གསེས་དང་བཅས་པ་ཁ་ཤས་ཞིག་ལས་ཡོངས་སུ་རྫོགས་པར་མ་དར་ཅིང་། བོད་ལྗོངས་རང་དུ་འཇམ་དཔལ་དབྱངས་དངོས་ཐུ་མི་སཾ་བྷོ་ཊས་སྲོལ་བཏོད་པ་ནས་རིམ་པར་དར་བའི་


JKT017_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྫབ་ཆེན་རྫ་བ་ཆུང་། འབྲུ་ཆེན་འབྲུ་ཆུང་། འབྲུ་ཆེན་ལ་ལི་ལུགས། ལྡན་ལུགས། ཤར་མ་དང་དཀྱུས་ཡིག་སོགས་ཏེ། དེ་ལའང་གདོན་ས་བཅུ། གཅེས་སོ་བརྒྱད། མ་ཆོས་ཉེར་གཅིག །བུ་ཆོས་བཅུ་དྲུག །སྤྱི་ཆོས་གསུམ་ལ་སོགས་པ་ཚང་ཞིང་ཐིག་གི་སྒོ་ནས་གཏན་ལ་ཕབ་སྟེ། རྒྱལ་བའི་ཞལ་ནས་གསུངས་པའི་བཀའ་ཡི་རིགས་ཐམས་ཅད་རྫབ་ཆེན་དང་རྫབ་ཆུང་གིས་བྲི་ཞིང་གླེགས་བམ་གྱི་ཚད་ཀྱང་སྒོ་ཚད་དང་། ༧ རྒྱ་གར་གྱི་བསྟན་བཅོས་རྣམས་འབྲུ་ཆེན་དང་མདའ་ཚད། བོད་གཞུང་རྣམས་འབྲུ་ཆུང་དང་ཁྲུ་ཚད་དུ་བྱ་བར་སྔོན་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་པར་གྲགས་པ་ལྟར་དང་། བྲི་བའི་རྫས་ཀྱང་རབ་རིན་པོ་ཆེ་གསེར། འབྲིང་མཚལ་སོགས་ཚོན་བཟང་པོ། ཐ་མ་སྣག་ཚ་ལ་སོགས་པས་ཀྱང་རུང་སྟེ་གཅིག་ཏུ་ཡིད་གཞུངས་ཞིང་ལག་གི་འདུ་བྱེད་མ་ཉམས་པས་མཛེས་ཤིང་ཚུལ་དང་མཐུན་པར་བྲི་བར་བྱ་བ་ཉིད་དོ། །གསུམ་པ་ཐུགས་རྟེན་ནི། ཐུན་མོང་གི་སྐབས་སུ་ཆོས་སྐུ་མཚོན་པར་བྱེད་པའི་མཆོད་རྟེན་ཉིད་ལ་འཇོག་སྟེ། ངོ་བོ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཉིད་མཚོན་པ་རྟགས་ཀྱི་ངོ་བོར་ཤར་བའི་རིག་གནས། ངེས་ཚིག་ནི། ཙེ་ཏུའི་སྒྲ་ལས་དྲངས་ན་བསག་པའམ། བསག་ཏུ་རུང་བ་དང་། ཡང་ན་དྲན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དབྱེ་ན། ཉན་ཐོས་ལ་ཆོས་གོས་བཞི་བལྟབས་ཀྱི་


JKT017_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ལྷུང་བཟེད་ཁ་སྦུབ་པར་མཁར་གསིལ་བཙུགས་པ་ལྟ་བུ། རང་རྒྱལ་གྱི་རྨང་གྲུ་བཞིའི་སྟེང་དུ་བང་རིམ་བཅུ་གཉིས་འཁོར་ལོ་རྩིབས་བརྒྱད་པ་ཅན། ཐེག་པ་ཆེན་པོའི་སློབ་དཔོན་ཀླུས། ལྷུང་བཟེད་ཁ་སྦུབ་པ་ལྟ་བུ། བིམྦའི་ཟླུམ་པོ་དང་། ཁང་བུ་ལྟ་བུ་དང་། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ཡོད་པར་གསུངས་པ་སོགས་ལས། འདིར་གཙོ་བོར་བདག་ཅག་གི་སྟོན་པའི་མཛད་པ་ངོ་མཚར་བ་ལས་སོ་སོའི་དུས་སྟོན་བྱ་བའི་ཕྱིར་བརྩིགས་པ། པད་སྤུངས་དབྱིབས་ཟླུམ་པོ་པདྨའི་རྣམ་པ་ཅན་བང་རིམ་བཞི་ལ་སོགས་པས་མཚན་པ། བྱང་ཆེན་དབྱིབས་གྲུ་བཞི་བང་རིམ་བཞི་པ། བཀྲ་ཤིས་སྒོ་མངས་དབྱིབས་གྲུ་བཞི་བང་རིམ་བཞི་པ། ཕྱོགས་རེར་སྒོ་བཞིའམ། བརྒྱད་དམ། བཅུ་གཉིས་དང་། བཅུ་དྲུག་སོགས་ཀྱིས་སྤྲས་པ། ཆོ་འཕྲུལ་ཆེན་པོ་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ། ལྷ་བབས་བང་རིམ་བཞིའམ་བརྒྱད་པ་ཕྱོགས་བཞིའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཀྱིས་བརྒྱན་པ། དབྱེན་བསྡུམས་བང་རིམ་བཞི་པ་གྲུ་བཞི་ཟུར་བཞི་མཉམ་པར་བཅད་པ། རྣམ་རྒྱལ་ཟླུམ་པོ་བང་རིམ་གསུམ་པ། མྱང་འདས་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་བཞུགས་པ་སྟེ་བརྒྱད་ལ་སོགས་པ་རྣམས་དང་། དེ་དག་གི་ཕྱག་ཚད་ཀྱང་དཔལ་དུས་ཀྱི་འཁོར་ལོར་ཕྱི་ནང་གཞན་གསུམ་གྱི་དག་


JKT017_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཛད་ནས་བཤད་པ་ལྟར་བསྡུས་རྒྱུད་ཀྱི་རྗེས་སུ་འབྲང་བའི་མགྲིན་པ་ཐུང་བ། དེའི་འགྲེལ་པ་དྲི་མེད་འོད་ལས་གསུངས་པའི་མགྲིན་རིང་། དེ་གཉིས་ཀ་ལས་མཛེས་ཆ་བཙལ་བའི་ཐིག་གི་རིམ་པ་ཇི་ལྟར་། རིགས་པར་ངེས་པར་བྱ་བ་ཉིད་དང་། གཞན་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་རྡོ་རྗེ་གྲི་གུག་ཕུར་པ་ལ་སོགས་པའི་ཕྱག་མཚན་གྱི་ཚད་དང་མཚན་ཉིད་བཤད་པ་རྣམས་ཀྱང་འདིར་བསྡུ་བར་འོས་པ་ཉིད་དོ། །གཉིས་པ་ལུས་བཟོ་ཕལ་པ་ནི། གྲུ་གཟིངས་ཀྱི་ཐབས་དང་ཆུའི་རྐྱལ་དང་། ཁང་ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པའི་བཀོད་པས་མཚོན་པའི་འཇིག་རྟེན་པ་རྣམས་ལ་ཉེ་བར་འོས་པ་དག་གོ །གཉིས་པ་ངག་བཟོ་ལའང་མཆོག་ནི། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དར་བའི་རྣལ་འབྱོར་གྱི་རྒྱུད་ལ་འཇུག་པ་དང་། གསང་སྔགས་གསར་རྙིང་གི་ཡི་དམ་ཆོས་སྲུང་གི་ཚོགས་རྣམས་ཐུགས་མཉེས་པའི་ཕྱིར་བསྟོད་པ་གླུའི་རིམ་པ་འགྱུར་ཁུགས་སྦོམ་ཕྲ་འདེགས་འཇོག་སྟེ་དབྱངས་ཀྱི་ཡན་ལག་དྲུག་དང་ལྡན་པས་རྣ་བའི་བཅུད་ལེན་གསར་པ་སྟེར་བར་བྱེད་པ་རྣམས་ལ་བྱ་ཞིང་། ཕལ་པ་ནི། འཇིག་རྟེན་པ་དག་འདོད་པའི་གཏམ་གྱི་བརྗོད་པ་གླུར་ལེན་པ་དང་། ཤགས་འགྱེད་པ་དང་། པི་ཝཾ་དང་གླིང་བུ་ལ་སོགས་པའི་རོལ་མོའི་སྦྱོར་བས་དྲངས་པའི་གླུ་ལ་སོགས་པ་རྣམས་སོ། །གསུམ་པ་ཡིད་བཟོ་


JKT017_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་། མཆོག་ནི་གཙུག་ལག་གི་གཞུང་མང་པོར་ཐོས་པ་དང་། བསམ་པ་དང་བསྒོམ་པའི་བགྱི་བ་ལྷུར་ལེན་པ་སྟེ། ཕལ་པ་ནི་འཇིག་རྟེན་གྱི་ནོར་དང་འདོད་པ་སྒྲུབ་པའི་སླད་ལུགས་ཀྱི་བསྟན་བཅོས་རྣམས་ལས་འགྱུར་བའི་བླང་དོར་གྱི་གནས་ལ་མཁས་ཤིང་སྒྲིན་པ་སོགས་སོ། །གཞན་ཡང་བཟོར་གཏོགས་པ་༣དང་། རོལ་མོའི་བྱེ་བྲག་དང་༡༨། གླུ་དབྱངས་ཀྱི་ངེས་པ་༤དང་། གར་གྱི་ཆ་༩བྱད་ཀྱིས་བསྡུས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་གྲགས་པ་རྣམས་ཀྱང་བཟོ་རིག་པའི་བསྟན་བཅོས་ཀྱི་བྱེ་བྲག་ཁོ་ནར་ངེས་ཤིང་། མདོ་སྡེ་འགའ་ཞིག་ལས་བཟོ་སྦྱོང་བཅོ་བརྒྱད་དང་། བརྟག་པ་བརྒྱད་སོགས་བཤད་པ་རྣམས་ཀྱང་ངོ་། །དེ་ལྟ་བུའི་བཟོ་རིག་པ་ཐམས་ཅད་ཕྱོགས་གཅིག་ཏུ་སྟོན་པའི་བསྟན་བཅོས་ནི་ཡོད་པར་མ་མཐོང་ཡང་། བྱེ་བྲག་པ་དྲང་སྲོང་ཨེ་ཏྲེའི་བུས་བྱས་པའི་སྐུ་གཟུགས་ཀྱི་ཆ་ཚད་སོགས་དང་། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་སྐུ་གསུང་ཐུགས་རྟེན་གྱི་མཚན་ཉིད། སློབ་དཔོན་དཎྜིས་མཛད་པའི་སྒྱུ་རྩལ་ཡོངས་སུ་དཔྱད་པ་ཞེས་ལེའུ་བཞི་པའི་བདག་ཉིད་ཅན་སོགས་འཕགས་ཡུལ་དུའང་མང་ལ། བོད་དུ་ནི་ཉེ་བར་མཁོ་བ་སྐུ་གཟུགས་ཀྱི་ཕྱག་ཚད་ལྷོ་བྲག་སྨན་ཐང་བས་མཛད་པ་ཡིད་བཞིན་ནོར་བུ་དང་། སྤྲུལ་སྐུ་འཕྲང་ཁ་པས་མཛད་པ་དང་། ཀུན་མཁྱེན་བུ་དང་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རིན་པས་མཆོད་རྟེན་གྱི་


JKT017_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཚད་སོགས་མང་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་རོལ་མོའི་བསྟན་བཅོས་དང་། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལྟ་བུའི་ངག་དང་ཡིད་ཀྱི་བཟོ་རྣམ་པར་བཤད་པ་དག་ཀྱང་ངོ་། །དུ་སྣང་ངོ་། །གཉིས་པ་དོན་གཉེར་བྱེ་བྲག་པ་རྣམ་འགྱུར་གྱི་གདུང་བས་ཉེན་པའི་ལུས་ཅན་ཐམས་ཅད་རྗེས་སུ་འཛིན་པ་གསོ་བ་རིག་པ་ལ། ངོ་བོ་ནི་ཤེས་པར་བྱ་བའི་གནས་གང་ཞིག །མི་ན་བར་གནས་པ་དང་། ན་བ་གསོ་བར་བྱེད་པའི་ཐབས་ཡན་ལག་དང་བཅས་པ། ངེས་ཚིག་ནི། ཙི་ཀིཏྠ་བིརྱ་ཞེས་པའི་སྒྲ་ལས་དྲངས་ན་ཁམས་སམ་འདུ་བ་མི་སྙོམ་པ་རྣམས་སྙོམ་པར་བྱེད་པའི་རིག་གནས་ཡིན་པས་དེ་གསོ་བ་རིག་པ་ཞེས་བྱ། དབྱེ་ན། ཇི་སྐད་དུ། ལུས་དང་བྱིས་པ་གདོན་མོ་ནད། །མཚོན་དང་དུག་དང་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་གྱུར་པ། །ཡན་ལག་བརྒྱད་ཅེས་དེ་ལ་བརྗོད། །ཅེས་པའམ། ཡང་ན་བརྗོད་པར་བྱ་བའི་དོན་ཐམས་ཅད་གནས་རྣམ་པ་བཞིར་འདུས་ཏེ། བཤད་པའི་རྒྱུད་ལས། ཚེ་རིང་ཆོས་ནོར་བདེ་བ་བསྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །ཅེས་གསུངས་པའི། དང་པོ་ནི་གསོ་བར་བྱ་བའི་ཡུལ་གང་ལས་བྱུང་བའི་ལུས་ཆགས་གནས་འཇིག་པའི་གནས་སྐབས་ལ་སོགས་པ་དང་། གང་གསོ་བར་བྱ་བ་དེ་ལས་བྱུང་བའི་ནང་རྒྱུ་རྐྱེན་


JKT017_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཚུལ་མཚན་ཉིད་ལ་སོགས་པའི་སྒོ་ནས་སྟོན་པ་དང་། གཉིས་པ། དེ་ཉིད་གསོ་བར་བྱེད་པའི་གཉེན་པོ་སྤྱོད་ལམ་དང་། ཟས་དང་། སྨན་དང་། དཔྱད་ཀྱི་གནས་རྣམས་སྟོན། གསུམ་པ་ནི། མི་ན་རིང་དུ་གནས་པར་བྱ་བ་དང་། གལ་ཏེ་རྣམ་པར་གྱུར་པ་ན་བརྟག་ཚུལ་གསུམ་གྱིས་བརྟག་སྟེ་གསོ་ཚུལ་སྤྱི་དང་བྱེ་བྲག་གི་སྒོ་ནས་གསོ་བའི་ཐབས། བཞི་པ། དེ་ལྟར་གསོ་བར་བྱེད་པ་ལ་ཉེ་བར་སྦྱོར་བའི་སྨན་པའི་མཚན་ཉིད་རྒྱུ་དང་། ངོ་བོ། ངེས་ཚིག །དབྱེ་བ། ལས་འབྲས་བུ་སྟེ་རྣམ་པ་དྲུག་གི་སྒོ་ནས་ལེགས་པར་གཏན་ལ་འབེབས་པའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱ་བའོ། །དེ་ལྟ་བུའི་གསོ་བ་རིག་པའི་བརྗོད་བྱ་སྟོན་པའི་གཞུང་ནི་བདག་ཅག་གི་སྟོན་པས་ཀྱང་ཐེག་པ་ཆེ་ཆུང་སྣ་ཚོགས་སུ་ཐོར་བུ་ཐོར་བུར་བཀའ་སྩལ་པ་དང་། ཕྱི་རོལ་པའི་འདོད་པ་ལྟར་ན་ཚངས་པས་ཚེའི་རིག་བྱེད་འབུམ་པ་སོགས་དྲན་ནས་བཤད་པར་འདོད་པ་སོགས་དང་། རྒྱ་གར་འཕགས་པའི་ཡུལ་དུ་འཕགས་པ་ཀླུས་སྦྱོར་བ་བརྒྱ་པ། སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པའི་སྐོར། ཁ་ཆེ་ཟླ་བ་མངོན་དགས་དེའི་འགྲེལ་པ་སོགས་བསྟན་བཅོས་མཐའ་ཡས་ཤིང་། བོད་དུ་ཁྲི་སྲོང་གི་དུས་སུ་བླ་སྨན་མཁས་པ་མི་དགུ་ལ་སོགས་པས་མཛད་པའི་གཞུང་དང་མན་ངག་སྣ་ཚོགས་པ་དང་། བསྟན་པ་ཕྱི་དར་ལོ་ཆེན་རིན་ཆེན་བཟང་པོས་བརྒྱད་པ་རྩ་


JKT017_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་སོགས་སྨན་གྱི་བསྟན་བཅོས་མང་དུ་བསྒྱུར་པ་སོགས་ལས་རིམ་པར་དར་ཞིང་། ཁྱད་པར་སྨན་པའི་རྒྱལ་པོ་མིའི་ཤ་ཚུགས་ལ་བརྟེན་པ་གཡུ་ཐོག་ཡོན་ཏན་མགོན་པོས་དཔལ་ལྡན་རྒྱུད་བཞི་ལ་སོགས་པ་སྤེལ་ནས་གསོ་དཔྱད་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་མཐུ་ལས། ཕྱིས་སུའང་བྱང་པ་རྣམ་རྒྱལ་གྲགས་བཟང་དང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས་ཆེས་མཁས་ཤིང་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བ་མང་པོ་ཞིག་བྱོན་པས་དེང་སང་བར་དུའང་ཉམས་པ་མེད་པར་གནས་པ་འདི་ལགས་སོ། །གསུམ་པ་ཚིག་ལ་རྣམ་པར་འཁྲུལ་བའི་ཕས་རྒོལ་གཞན་དག་ཚར་བཅད་པ་སྒྲ་རིག་པ་ལ། ངོ་བོ་ནི། ཤེས་བྱ་གང་ཞིག་ལུང་དུ་སྟོན་པའི་སྒྲ་ཡི་སྒྲུབ་ཚུལ་འཁོར་དང་བཅས་པ། ངེས་ཚིག་ནི། ཤརྡ་ཞེས་པའི་སྒྲ་ལས་དྲངས་ན་སྤྱིར་སྐྱེས་བུའི་མཉན་པར་བྱ་བ་ཐོས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། བྱཱ་ཀ་ར་ཎ་ཞེས་པ་བརྡ་སྤྲོད་པ་སྐད་ཀྱི་བྱིངས་ལས་སྒྲུབ་པའི་ཚུལ་གྱིས་ངེས་པའི་ཚིག་གསལ་བར་བྱེད་པའོ། །དབྱེ་ན། རིག་པར་སྨྲ་བ་སྤྱི་དང་ཐུན་མོང་གི་བརྗོད་བྱ་ཡི་གེ་མིང་ཚིག་སྟེ་ཚོགས་པ་གསུམ་དང་། བརྡ་སྤྱོད་པ་རང་གི་བརྗོད་བྱ་ཐུན་མོང་མ་ཡིན་པ་རང་བཞིན། རྐྱེན་དང་། རྣམ་འགྱུར་གསུམ་མོ། །དང་པོ་ནི། དོན་གྱི་ཁྱད་པར་གང་ཡང་མི་སྟོན་པ་དབྱངས་དང་གསལ་བྱེད་རྐྱང་པ་ནི་ཡི་གེ །དོན་གྱི་ངོ་བོ་ཙམ་


JKT017_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་བུམ་པ་དང་ཀ་བ་ལྟ་བུ་མིང་། དོན་གྱི་ཁྱད་པར་དང་བཅས་ཏེ་སྟོན་པ། གསེར་གྱི་བུམ་པ་དང་། ཙནྡན་གྱི་ཀ་བ་ལྟ་བུ་ནི་ཚིག་གོ །ཕྱི་མ་ལ། རང་བཞིན་ནི་གང་ཞིག་བསྒྲུབ་པར་བྱ་བ་བྱིངས་ཏེ། མདོ་ལས་བྱུང་བ་མནྡྲལ་སོགས་པ་དང་། གླེགས་བམ་ལས་བྱུང་བ་བྷ་ལ་སོགས་པ་གཉིས་སམ། སྒེག་པ་གསལ་བ་ལས་རྣམ་པ་དྲུག་ཏུ་ཕྱེ་ཞིང་། ཀྲྀཏྲ་རྐྱེན་གྱིས་བཅོས་པའི་མིང་རྐྱང་སི་སོགས་ལ་ལྟོས་ན་རང་བཞིན་དུ་རུང་ངོ་། །རྐྱེན་ནི། གང་གིས་སྒྲུབ་པར་བྱེད་པ་སྟེ། དབྱེ་ན། བྱིངས་རྟགས་སུ་སྒྲུབ་པར་བྱེད་པ་ཀྲྀཏྲ་དང་ཨུཎྜ་ལ་སོགས་པ། བྱིངས་ཚིག་ཏུ་སྒྲུབ་པར་བྱེད་པ་ཏི་ལ་སོགས་པ་སྟེ་ཀུན་བཤད། བྱིངས་བྱིངས་སུ་སྒྲུབ་པར་ཡང་ལ་སོགས་པའི་བར་གྱི་རྐྱེན། རྟགས་རྟགས་སུ་སྒྲུབ་པར་བྱེད་པ་བུད་མེད་ཀྱི་རྐྱེན་དང་ཚིག་སྡུད། མིང་མིང་དུ་སྒྲུབ་པར་བྱེད་པ་དེ་ཕན། རྟགས་བྱིངས་སུ་སྒྲུབ་པར་བྱེད་པ་ཀུན་བཤད་ཀྱི་རྐྱེན་འགའ་ཞིག །རྟགས་ཚིག་ཏུ་སྒྲུབ་པར་བྱེད་པ་སི་སོགས་ཏེ་བདུན་ནོ། །རྣམ་འགྱུར་ནི། དེ་ལྟར་སྒྲུབ་པའི་ཚེ་ཡི་གེ་སྔ་ཕྱིའི་མཚམས་སྦྱོར་དང་། འཕེལ་བ་དང་། ཡོན་ཏན་ལ་སོགས་པའི་གནས་རྣམས་སོ།། མཛད་འཕྲོ་ལུས། །།ན་མ་སརྦ་ཛྙཱ་ཡ། གང་གི་མཁྱེན་རབ་བདུད་རྩིའི་དོགས་པ་ཡིས། །བརླན་ཆགས་ཚེ་ན་དགོད་པའི་ཨུཏྤལ་ལར། །ཕུན་ཚོགས་ཤིས་དགུའི་ཟིལ་མངར་རྟག་འབབས་པ། །ཡོངས་འཛིན་


JKT017_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་ཉི་མས་དེང་འདིར་སྲུངས། །ཞེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་ཅུང་ཟད་སྔོན་དུ་གཏོར་ནས། འདིར་ལས་སུ་བྱ་བ་ནི། ལུས་ཅན་གང་ཞིག་སྲིད་ལས་ངེས་པར་འབྱུང་བའི་བློས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་ལ་ཕྱོགས་པ་དེས་ནི། གདོན་མི་ཟ་བར་ཐོག་མ་ཁོ་ན་ཉིད་དུ་རིག་པའི་གནས་རྣམས་ལ་འཇུག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཉེ་བའི་རྒྱུ་ཉིད་དུ་གྲུབ་པའི་ཕྱིར་རོ། །དེས་ན་གང་ལ་འཇུག་པའི་ཡུལ་རིག་པའི་གནས་དེའི་རྣམ་པར་དབྱེ་བ་ནི། རེ་ཞིག་བཅུ་ཕྲག་ཏུ་བསྡུས་ཏེ་འཆད་པའི་ཚུལ་གྱི་རྗེས་སུ་འབྲང་ཏེ་སྤྱི་དོན་ཅུང་ཟད་ཙམ་ཞིག་འབེལ་བའི་གཏམ་གྱི་སྒོ་ནས་གཏན་ལ་ཕབ་པ་ལ། ཐོག་མར་བཟོ་རིག་པ་ལའང་གཙོ་བོ་དང་ཕལ་པ་གཉིས། སྔ་མར་ལུས་ངག་ཡིད་གསུམ་གྱི་བསྡུས་པའི་དང་པོ་ནི། མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སྟེ། དེས་ན་སྐུ་རྟེན་བཞེངས་ཚུལ་ལའང་། སྔ་ཕྱིར་བྱུང་ཚུལ་གྱི་ལོ་རྒྱུས། ལོ་རྒྱུས་དེ་ལྡན་གྱི་ཆ་ཚད། དེ་ལྟར་བཞེངས་པའི་ཕན་ཡོན་ནོ། །དང་པོ་ནི། བྲིས་འབུར་གཉིས་ལས་བྲིས་སྐུ་སྔ་བར་བྱུང་སྟེ། དེ་ཡང་དྲང་སྲོང་ཨ་སྟའི་བུས་སྦྱར་བའི་ཚངས་པའི་ཚད་ཡིག་ཅེས་པར། སྔོན་མི་རྣམས་ཚེ་ལོ་འབུམ་ལས་མར་བྲི་བའི་ཚེ་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་བྱུང་བའི་དུས་སུ་བྲམ་ཟེའི་བུ་དུས་མིན་གྱིས་འཆི་བ་བྱུང་བ་ལ། རྒྱལ་པོ་


JKT017_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཤིན་རྗེ་འཐབས་པས་ཚངས་པས་ཞལ་ལྕེ་བཅད་དེ། བྲམ་ཟེའི་བུ་རི་མོར་བྲིས་པ་མངོན་སུམ་དུ་བྱིན་གྱིས་བརླབས་ནས་སྩལ་བས་རྒྱལ་པོ་ལ་དང་པོར་བྲི་བ་པོ་ཞེས་མིང་བཏགས་ཅིང་། སླར་རྒྱལ་པོས་ཚངས་པ་ལ་རི་མོ་བྲི་ཚུལ་རྒྱས་པར་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་སོགས་སྩལ་བའི་ཚུལ་དང་། ཤཱཀྱའི་རྒྱལ་པོའི་བསྟན་པ་འདིར་ཡང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་པོ་ཨ་དྭ་ཡ་ཎས་ནོར་བུའི་གོ་ཁྲབ་ཡན་ལག་ལྔ་ལྡན་རིན་ཐང་བྲལ་བ་སྐྱེས་བསྐུར་བའི་སྐྱེས་ལན་དུ། སྟོན་པ་ཆུ་འགྲམ་ལ་བཞུགས་པའི་གཟུགས་བརྙན་ཆུ་ནང་དུ་འཆར་བ་དཔེར་བྱས་ནས་འོག་ཏུ་རྟེན་འབྲེལ་བཅས་བྲིས་པ་དེ་བསྐུར་བས་དད་དེ་བདེན་པ་མཐོང་བར་བྲིས་སྐུ་ཆུ་ལོན་མ་ཞེས་གྲགས་པ་དང་། སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་གིས་སྟོན་པར་དད་དེ་ཡི་གེ་གསོལ་བར། རས་ཀྱི་གཞིར་སྐུའི་འོད་ཟེར་བཀྱེ་བ་ལ་རི་མོས་མནན་པ་སྤྲིངས་ཡིག་བཅས་བསྩལ་བས་བདེན་པ་མཐོང་བ་སོགས་རིམ་པར་སྲོལ་བྱུང་བ་དང་། འབུར་སྐུའི་ཐོག་མ་སྟོན་པ་ཡུམ་གྱི་དོན་དུ་ལྷ་ཡུལ་ལ་གཤེགས་པའི་ཤུལ། གྲོང་ཁྱེར་གསལ་ལྡན་གྱི་རྒྱལ་བློན་འཁོར་བཅས་ཀྱི་མཆོད་པའི་རྟེན་དུ་ཙནྡན་ལས་གྲུབ་པའི་


JKT017_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དངོས་དང་འདྲ་བའི་སྐུ་བཞེངས་པ་ཉིད། སྟོན་པ་ཕྱིར་ཕེབས་ཚེ་གོམ་བདུན་བསུས་པར་གྲགས་པ་ད་ལྟ་རྒྱ་ནག་གི་ཙནྡན་ཇོ་བོ་སྟེ། ཇི་སྐད་དུ། བཅོམ་ལྡན་ལྷ་ཡུལ་གཤེགས་ཤུལ་གསལ་ལྡན་གྱི། །རྒྱལ་པོ་འཁོར་བཅས་ཕྱག་དང་མཆོད་ཡུལ་དུ། །ཙནྡན་ལས་བྱས་མཚར་སྡུག་དངོས་འདྲ་བ། །ན་བཟའ་སུལ་ཅན་མཐིང་གོས་ཟུང་གིས་མཛེས། །གཙུག་ཏོར་མདུན་དུ་མེ་ཤེལ་འོད་འབར་བས། །ཉི་མ་བརྒྱ་ཡི་སྣང་བ་འགོག་ནུས་ཤིང་། །དྲ་བས་འབྲེལ་བའི་ཕྱག་ཞབས་འཁོར་ལོས་མཚན། །འགྲོ་བའི་དོན་ལ་བཞེངས་པའི་སྟབས་སུ་བཞུགས། །བསྐལ་བཟང་ཛམ་གླིང་སྐྱེ་དགུ་གྲུབ་དབང་དྲན། །མོ་གལ་བུ་ལ་རྫུ་འཕྲུལ་བགྲོད་པ་ཡིས། །རྒྱལ་བ་སྤྱན་འདྲེན་བསྐུལ་ཞིང་དེས་གསོལ་བས། །དགྱེས་ཤིང་རིན་ཆེན་ཐེམ་སྐས་ལས་བབས་ཚེ། །གསལ་ལྡན་གནས་སུ་སྐུ་དེས་གོམ་དྲུག་བསུས། །ཤར་ཕྱོགས་རྒྱ་ནག་ཆེན་པོའི་ཡུལ་དགེ་ཕྱིར། །བཞུད་ཅེས་དེ་བཞིན་གཤེགས་པའི་སོར་རྩེས་བསྐུལ། །ངང་པའི་རྒྱལ་པོ་བཞིན་དུ་མཁའ་ལ་གཤེགས། །ཞེས་གསུངས་པ་ལྟར་དང་། ཕྱིས་སུ་སྐུ་དེ་ལས་བཤུས་པའི་སི་ཐང་སོགས་བྱུང་ཞིང་། བོད་ཡུལ་འདིར་གནའ་ནས་ཆོས་རྒྱལ་མེས་དཔོན་གྱི་བཀའ་དྲིན་ལས་བྲིས་འབུར་གྱི་སྐུ་དར་སྲོལ་ཆེ་བར་བྱུང་ཞིང་། ཁྱད་པར་བྲིས་སྐུ་ནི་སྟོན་པ་དགུང་ལོ་ཉེར་ལྔ་པའི་སྐུ་ཚད་ལ་དཔེར་བྱས་བྲིས་རྒྱུན་རྒྱ་བལ་སོགས་


JKT017_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པའི་རྒྱུན་རྣམས་ཕལ་ཆེར་བལ་པོས་བྲིས་པས་བལ་བྲིས་ཞེས་དར་སྲོལ་ཆེ་ཞིང་། ཕྱི་ནས་མཁས་པ་བཀྲ་ཤིས་རྒྱལ་པོ་ལ། སློབ་མ་རང་ལས་མཁས་པ་ལྷོ་བྲག་སྨན་ཐང་པ་སྨན་བླ་དོན་གྲུབ་ཞེས་སྒྲ་སྙན་སྡེབ་སྦྱོར་ཡིག་རིགས་སོགས་མཐར་སོན་པ་དེ་རང་གི་ཆུང་མས་ཡིད་དབྱུང་ནས་ཡུལ་འཁྱམས་ཏེ་ཐོན་པ་ན། ཡར་འཕྲོག་སྟག་ལུང་དུ་པིར་སྣོད་བྲིས་དཔེ་དང་བཅས་པ་ཞིག་སྙེད་པས་ལྷ་བྲིས་ལ་ཡིད་ཕྱོགས་ཏེ་མཁས་པ་བཀྲ་ཤིས་རྒྱལ་པོར་བསྟན་ཅིང་། སྔོན་གྱི་བག་ཆགས་སད་དེ་ལྡན་ལུགས་ཀྱི་རི་མོ་བྲི་ཚུལ་ཐུགས་ལ་བཀྲ་ལམ་གྱིས་ཤར། དུས་ཀྱི་འཁོར་ལོ་དང་སྡོམ་འབྱུང་རྩ་འགྲེལ་རྗེས་སུ་འབྲངས་ནས་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་ནོར་བུ་ཞེས་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཤད་པ། མི་ལྡན་པའི་ཕྱོགས་ཀྱི་གཞུང་དགག་པ། །ཚད་དང་མི་ལྡན་པའི་སྐྱོན་བཤད་པ། །་ཚད་ལྡན་གྱི་གཞུང་དགོད་པ། །ཚད་དང་ལྡན་པའི་ཡོན་ཏན་བརྗོད་པ། །ལྷ་བཟོ་དང་སྦྱིན་བདག་གི་མཚན་ཉིད། །ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་སྟེ་བདུན་གྱིས་གཏན་ལ་ཕབས་པ་དང་། ཡང་གོང་དཀར་སྒང་སྟོད་ནས་མཁྱེན་བརྩེ་ཆེན་མོ་ཞེས་འབྱུང་བ་དེ་གཉིས་སོ་སོའི་ལུགས་ཅུང་ཟད་མི་འདྲ་བས་མཁྱེན་ལུགས་དང་། ཡང་སྟོད་དུ་སྐུ་འཁྲུངས་པ་ཤོག་དཔེ་དང་བྱད་ཤིང་འབྲལ་མེད་དུ་འཆང་ཞིང་བྲིས་


JKT017_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལེགས་པ་དང་བྲིས་དཔེ་ལེགས་པ་འཚོལ་ཕྱིར་ཕྱོགས་ཀུན་ཏུ་ཉུལ་བ་ཞིག་བྱུང་བར་བརྟེན་སྤྲུལ་སྐུ་བྱེ་འུ་པར་གྲགས་པ་སྟེ། དེ་ནི་སྔ་མ་གཉིས་དང་ཅུང་ཟད་མི་མཐུན་པ་སོགས་དར་རྒྱས་སུ་བྱུང་བར་ཐོས་སོ། །གཉིས་པ་ལ་གཉིས། འཇལ་བྱེད་དང་། གཞལ་བྱའི་ཚད་བསྟན་པའོ། །དང་པོ་ནི། འདིར་སོར་གྱི་བརྒྱད་ཆ་ལ་ནས་དང་ནས་གཉིས་ལ་རྐང་པ། རྐང་པ་བཞི་ལ་སོར་གང་ངམ། ཆ་ཆུང་ངམ། ཆ་ཕྲན་དང་། དེ་ཕྱེད་དང་བཅུ་གསུམ་མམ་བཅུ་གཉིས་སྐབས་སུ་གང་བབས་ཀྱིས་གདོང་ངམ། ཞལ་ལམ། ཐལ་མོའམ་མཐོ་ཞེས་བྱ་སྟེ། འདིས་ནི་ཐམས་ཅད་ལ་ཚད་དུ་འཇལ་བར་བྱེད་དོ། །གཉིས་པ་ནི། མ་ཕམ་པས། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། ཅེས་གསུངས་པའི་དོན། འདིར་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དེ་བཞིན་གཤེགས་པ་བཞེངས་སྟབས་སུ་མཛད་པ་ཞིག་གི་དབང་དུ་བྱས་ཏེ་དཔེར་བརྗོད་ན། དབུའི་གཙུག་ཏོར་དང་བཅས་པ་ལ་སོར་མོ་བརྒྱ་ཉེར་ལྔ་པ་ཆུ་ཞེང་གབ་པ་ནི་དུས་འཁོར་ལས། རྒྱལ་བའི་བདག་པོའི་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞབས་ཀྱི་མཐིལ་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་རིག་བྱེད་རྣམས་ཀྱིས་ཏེ། །ཀྲོ་བ་བྱེད་ཕྱེད་བཅས་ཉི་མའི་རང་དབང་དཔུང་


JKT017_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཉི་གུང་ལ་ལག་པའི་བརྒྱ་ཕྲག་གང་ཞིག་དུས་དང་དགུ་ཡི་མི་རྣམས་ཀྱི་ནི་འཇིག་རྟེན་ཚད། །རིག་བྱེད་ཕྱེད་དང་བཅས་པའི་བཞི་དང་ཆུ་གཏེར་ཆུ་གཏེར་ཕྱེད་པས་བཅས་པའི་རིག་བྱེད་ཀྱི། །གཙུག་ཏོར་མགོ་བོའི་འོག་ཏུ་འགྱུར་ཏེ་རྒྱལ་བས་བདག་པོ་དཔལ་ལ་དཔལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཀོས་ཀོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། །དེ་ནས་སྙིང་ག་ལྟེ་བ་གསང་བར་མིའི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱི་རིམ་པས་ས། །གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་ཐུབ་པ་ཡི་ནི་སྟེང་གི་གཙུག་ཏོར་ཉིད། །ཞེས་པའི་དོན་སྐུ་གཟུགས་མཐོ་བཅུ་པར་བྱས་པའི་མཐོ་རེ་ལ་སོར་ཕྱེད་དང་བཅས་པའི་བཅུ་གཉིས་སུ་བྱས་ནས་༡༣འདིར་རགས་པ་ཙམ་བཤད་ན། །དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་གྱི་དཔངས་ལ་སོར་བཞི། དེ་ནས་སྐྲ་མཚམས་བར་སོར་ཕྱེད་དང་ལྔ། དེ་བཞིན་དུ་རིམ་པར་མཛོད་སྤུ་དང་། ཤངས་ལ་རྩེ་སོར་བཞི་རེ། ཀོས་ཀོ་ཕྱེད་ལྔ། མགྲིན་པར་བཞི། ཐུགས་ཀ་དང་ལྟེ་བ་དང་གསང་གནས་རྣམས་སུ་ཞལ་རེ་སྟེ། སྐུའི་ཕྱེད་ཚད་ལ་ཆ་ཕྲན་ཕྱེད་དང་བཅས་པའི་རེ་གཉིས་དང་། དཔྱི་ལ་སོར་བཞི། བརླ་ཞལ་དོ། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་ཕྱེད་དང་ལྔ་


JKT017_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕྱེད་ཚད་ཕྱེད་བཅས་རེ་གཉིས་རྣམས་བསྒྲིལ་བ་ཆུར་སོར་མོ་བརྒྱ་ཉེར་ལྔ་དང་། ཞེང་ལ་ཚངས་ལོག་ནས་མཆན་ཁུང་བར་ཞལ་གང་། དེ་བཞིན་དུ་དཔུང་ལྷུ་སོར་ཉི་ཤུ། ཕྱག་དར་བཅུ་དྲུག །གུང་མོའི་རྩེའི་མཐར་ཐུག་པའི་ཕྱག་ལ་སོར་བཅུ་གཉིས། གྲུ་མོ་དང་མཁྲིག་མའི་མཚམས་སུ་སོར་རེ་སྟེ་ཕྱེད་ཚད་ལ་སོར་མོ་ཕྱེད་བཅས་ཏེ་གཉིས་རྣམས་དྲིལ་བས་སོར་མོ་བརྒྱ་ཉེར་ལྔར་འབྱུང་ངོ་། །ཡང་རྒྱུད་སྡོམས་པ་འབྱུང་བ་རིམ་པར་ཕྱེ་བ་སུམ་ཅུ་པ་ལས། མཐིལ་ལམ་ཐལ་མོ་བཅུ་གཅིག་པ་ལྷ་ཡི་གཟུགས་ནི་བྲི་བར་བྱ། །ཞེས་དང་། ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། །ཤིན་ཏུ་ཡིད་དང་མཐུན་པ་བྲི། །ཞེས་ཆ་བཅུ་གཉིས་སུ་གསུངས་པ་གདན་དང་ཐོར་ཚུགས་ཞལ་རེ་བསྡམས་པའི་ཞལ་བཅུ་གཉིས་སུ་འགྱུར་བ་མ་གཏོགས་པ་སྐུ་ཚད་དངོས་གཞི་ལ་མཐོ་བཅུ་པ་སྲིད་ཞེང་སྔར་དང་མཚུངས་མོད། འདིར་ཞལ་བཅུ་གཉིས་ཆ་ཡིན་ནོ་ཞེས་དང་། དེ་བཞིན་གཤེགས་པ་ལས་གཞན་པའི་ཚད་ལ་སོར་མོ་བརྒྱ་ཉི་ཤུ་པར་གསུངས་པ་དང་། སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་ཆ་ཚད་ཀྱི་ཡི་གེར་དཀྱུས་ཀྱི་བཤད་པ་སྨན་ལུགས་དང་མི་མཐུན་པ་མེད་ཀྱང་། དེའི་མཆན་བུ་ཞིག་ཏུ་སོར་བརྒྱ་ཉེར་ལྔ་པ་ནི་འབུར་དང་། བརྒྱ་ཉི་ཤུ་པ་བྲིས་སྐུའི་ཁྱད་པར་ཡིན་པའི་ངོས་བཟུང་འདུག་པར་བརྟེན། ཕྱིས་ཀྱི་མཁས་པ་དག་གིས། དུས་འཁོར་འབུར་


JKT017_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༡༢༥དང་། སྡོམ་འབྱུང་བྲིས་༡༣༠ཀྱི་དབང་དུ་བྱས་པར་སྒྲོགས་པ་ནི་མ་དག་པ་སྟེ། ཅིའི་ཕྱིར་ན་སྡོམ་འབྱུང་གི་ཁྲི་ཀར་དེ་བཞིན་གཤེགས་པའི་སྐུའི་ཚད་ལ་སོར་མོ་བརྒྱ་ཉེར་ལྔ་པ་ལན་དུ་མར་བསྟན་ཏེ། དེ་ཉིད་དུ། ཞལ་གྱི་ཡང་བཅུ་གཉིས་ཆ་དང་། ཆ་ཆུང་དང་། སོར་དང་། སོར་མོ་ཞེས་པ་དོན་གཅིག་སྟེ། དེ་ཐམས་ཅད་དུ་ཆ་ཆུང་རྣམ་པར་དབྱེ་བར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་ནི་སངས་རྒྱས་ཀྱི་གཟུགས་ཉིད་ལ་ཕྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་པའི་ཞལ་བྱའོ། །ཞེས་དང་། བཅུ་གཉིས་ཆ་ཞེས་པ་ནི་སངས་རྒྱས་ལས་གཞན་ཐམས་ཅད་ཐུན་མོང་པ་ཉིད་དུ་གསུངས་པའོ། །ཞེས་དང་། ཡང་ཇི་སྲིད་སྐུ་གཟུགས་བྱེད་པ་དེ་སྲིད་ཀྱི་ཚད་ཀྱི་ཚངས་ཐིག་བཏབ་ནས། དེའི་བཅུ་ཆ་ལ་ཐལ་མོར་རྣམ་པར་བཞག་ཅིང་། སླར་དེ་བྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་སུ་བྱས་ལ་དེའི་ཆ་གཅིག་ནི་ཆ་ཆུང་དུ་ངེས་པར་བྱ་སྟེ། ཞེས་སྐུ་གཟུགས་མཐོ་བཅུ་པ་དང་ཞལ་གྱི་ཚད་ལ་ཕྱེད་བཅས་བཅུ་གཉིས་སུ་བཤད་པའི་ཕྱིར་སོར་མོ་བརྒྱ་ཉེར་ལྔ་འབྱུང་བ་ལས་འོས་ཅི་ཡོད། དེ་བཞིན་དུ་སྔོན་གྱི་མཁས་པ་མང་པོའི་ཆ་ཚད་ཀྱི་ཡི་གེ་རྣམས་ལས་ཀྱང་སངས་རྒྱས་ཀྱི་སྐུ་ལ་སོར་མོ་བརྒྱ་ཉེར་ལྔ་པ་བྲིས་འབུར་ཁྱད་མེད་དུ་དགོས་པར་བཤད་པ་དང་། ཁྱད་པར་སྨན་ཐང་པས་མཛད་པ་ནི་ལུགས་འདིར་རྒྱ་གཞུང་ལྟ་བུར་ཁས་ལེན་དགོས་


JKT017_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མོད། དེར་མཆོག་གི་སྤྲུལ་སྐུའི་ཚད་ལ་སོར་མོ་༡༢༦པ་བྲིས་འབུར་ཁྱད་མེད་དུ་ལན་མང་པོར་བཤད་པའི་ཕྱིར། དེ་གཉིས་བྲིས་འབུར་སོ་སོར་དབྱེ་བ་ནི་རང་དགང་བྱས་པར་སེམས་སོ། །འོ་ན་དེའི་ཚད་ཇི་ལྟར་ཡིན་སྙམས་ན་བཤད་པར་བྱ་སྟེ། གཞན་ཐམས་ཅད་དུས་འཁོར་དུ་བཤད་པ་ལྟར། འདིར་མི་འདྲ་བའི་ཁྱད། སྲིད་དུ་དེར་དཔྱི་ལ་སོར་བཞི་ཡོད་པ་འདིར་མི་འབྱུང་ཡང་། བརླ་དང་བྱིན་པའི་མཚམས་སུ་ནི། །སོར་མོ་བཞི་དང་ཡང་དག་ལྡན། །ཞེས་པུས་མོའི་ལྷ་ང་སོར་མོ་གསུམ་པའི་སྟེང་འོག་སྟེ་བྱིན་པའི་མཚམས་སུ་སོར་མོ་གཉིས་གཉིས་ཏེ་བཞི་འབྱུང་བ་དང་། པུས་མོ་ལ་སླར་འགྲེལ་པར་སོར་གཅིག་བསྣན་པ་རྣམས་ཀྱིས་སྲིད་ལ་སོར་མོ་བརྒྱ་ཉེར་ལྔ་འབྱུང་ངོ་། །ཞིང་ལའང་དུས་འཁོར་ལུགས་ལ་དཔུང་ལྷུ་ཉི་ཤུ་དང་ཕྱག་ངར་བཅུ་དྲུག་ཅེས་བགྲང་བའི་དབང་གིས་མཁྲིག་མ་དང་གྲུ་མོའི་མཚམས་སུ་སོར་རེ་བསྣན་ཡང་འདིར་ཕྱག་ནི་ཐལ་མོ་གསུམ་པ་སྟེ། ཐལ་མོ་འདི་ཡིས་ཕྱག་མགོ་གཉིས། ཞེས་མཆན་ཁུང་ནས་མཁྲིག་མའི་བར་ཐལ་མོ་གསུམ་དང་། ཕྱག་མགོའི་ཐལ་མོ་བཅས་པའི་ཕྱེད་པ་རྣམས་བགྲངས་བ་དྲིལ་བས་ཞིང་ལ་སོར་མོ་བརྒྱ་ཉེར་ལྔ་འབྱུང་ངོ་།། ༈ །།ཐིག་ཆེན་གཉིས་པ་དེ་ལས་གཞན་བྱང་ཆུབ་སེམས་དཔའ་སོགས་ཞི་བ་ཐུན་མོང་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་རྣམས་ནི། སྡོམ་འབྱུང་ཊི་ཀར། མཚམས་དང་


JKT017_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ལ་སོ་སོར་ཆ་ཆུང་གཉིས་གཉིས་ཆད་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ལ་སོགས་ཞི་བའི་ལྷ་རྣམས་ལ་སྐུའི་སྟོད་དང་སྨད་དག་གི་ཆ་ཆུང་ཕྱེད་དང་བཅས་པ་གཉིས་གཉིས་བྲི་བ་ལས་ཆ་ཆུང་ཉི་ཤུ་ལྷག་པ་བརྒྱའི་ཚད་ཀྱི་སྐུར་འགྱུར་རོ། །ཞེས་དགོངས་པའོ། །ཞེས་དང་། ཡང་སངས་རྒྱས་ཀྱི་ཚད་བསྟན་པའི་རྗེས་ཐོག་ཏུ། འདི་དག་ནི་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་དང་དཔལ་བདེ་མཆོག་གི་མཚན་ཉིད་དེ། བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས་ཀྱིའང་འདི་དག་ཁོ་ནའོ། །འོན་ཀྱང་ཐལ་མོ་བཅུ་པ་རྣམས་ལའང་ཐལ་མོ་སོ་སོར་ཆ་ཆུང་ཕྱེད་ཕྱེད་དོར་ནས་ཆ་ཆུང་བཅུ་གཉིས་བའི་ཐལ་མོས་ཐལ་མོ་བཅུའི་རྣམ་བཞག་བྱའོ། །ཞེས་དང་། བསླབ་བཏུས་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། །ཞེས་སོགས་ཀྱི་དོན་ནི། དེ་བཞིན་གཤེགས་པའི་སྐུའི་ཚད་ཇི་ལྟ་བ་བཞིན་ལས་ཁྱད་པར་ནི། ཆ་ཆུང་བཅུ་གཉིས་པའི་ཞལ་ཚད་ཀྱིས་གཞལ་བས་སོར་མོ་བརྒྱ་ཉི་ཤུ་པ་འབྱུང་སྟེ་གོ་བར་སླའོ།། ༈ །།ཐིག་ཆེན་གསུམ་པ་རྒྱལ་ཡུམ་ཡིད་འཕྲོག་པའི་གཟུགས་ཅན་རྣམས་ནི། སྡོམ་འབྱུང་ལས། ཡིད་དུ་འོང་བའི་རང་གཟུགས་ནི། །ཐལ་མོ་དགུ་པ་མངོན་པར་འབྲི། །ཞེས་ཡིད་འཕྲོག་པའི་གཟུགས་ཉིད་དེ་འཕགས་མ་སྒྲོལ་མ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་མོ་


JKT017_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྲིད་ཞེང་ལ་ཐལ་མོ་དགུ་པ་སྟེ། དེ་ཡང་ཐལ་མོའི་ཚད་དང་འགྲོས་ནི་སོར་མོ་༡༢༠པའི་ཕྱོགས་དང་འདྲ་བར། ཁྱད་ཆོས། ཐོད་དཔངས་དང་མགྲིན་པ་ནས་ཆ་ཆུང་རེ་རེ་དོར་བས་གསང་གནས་ནས་སྤྱི་བོའི་མཐར་ཐུག་པར་མཐོར་ཕྱེད་ལྔ་དང་། སྐུ་སྨད་ལ་བརླ་དང་བྱིན་པའི་མཚམས་ཀྱི་སོར་མོ་བཞི་དང་། པུས་མོ་ཞོལ་ནས་སོར་རེ་རེ་དོར་བས་གསང་བའི་གནས་ནས་ཞབས་ཀྱི་མཐར་ཐུག་པར་མཐོ་ཕྱེད་ལྔ་སྟེ་དྲིལ་བས་སོར་མོ་བརྒྱད་ཀྱིས་ལྷག་པའི་བརྒྱ་འབྱུང་བས་སྲིད་ཀྱི་ཚད་རྟོགས་ཤིང་། མཆན་ཁུང་དང་། དཔུང་ལྷུ་དང་། ཕྱག་དར་རྣམས་ནས་སོར་མོ་དོ་རེ་དབྲི་བས་དེ་དང་མཉམ་པའི་ཞེང་གི་ཚད་ཀྱང་རྟོགས་སོ། །རྒྱུད་འགྲེལ་དུ་འདི་ནས་འོག་གི་མཐོ་བརྒྱད་པའི་སྐབས་མརསྦྲེལ་བ་ལྟར་འབྱུང་བ་ནི། །འགྱུར་བྱེད་ཀྱིས་བཅད་མ་ལེགས་པ་ཡིན་གྱི། ཐིག་ཁོངས་འདིར་ལྷའི་བུད་མེད་རྣམས་དང་དབང་པོ་དང་ཉེ་དབང་། དང་ཆུ་ལྷ་དང་དབང་ཕྱུག་དང་རླུངས་དང་ཚངས་པ་དང་གཟའ་ཞི་བ་དང་ཀླུ་རྣམས་ཀྱིའོ། །ཞེས་དེ་ཐམས་ཅད་ཀྱང་འདིར་འདུ་བར་ཤེས་པར་བྱའོ།། ༈ །ཐིག་ཆེན་བཞི་པ་སྦོམ་ཐུང་གཏུམ་དྲག་ཅན་རྣམས་ནི། སྔ་མར། ཁྲོ་བོ་ཁྲོ་མོ་དབང་ཕྱུག་མ། །བྲན་ཕོ་བྲན་མོ་ཅི་བགྱི་མ། །དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། །ཐལ་མོ་བརྒྱད་པ་རྣམ་པར་འབྲི། །ཞེས་འབྱུང་ཞིང་འགྲེལ་བར་གདན་གྱི་མཐའ་ནས་སྐྱའི་


JKT017_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་ཀྱི་བར་དུ་ཤེས་པར་བྱའོ། །ཞེས་དང་། ཡང་། ཐུང་ཞིང་གསུས་པ་འཕྱང་བའི་ཁྲོ་བོ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་ཐལ་མོ་བརྒྱད་ཅེས་གསུངས་པ་དང་། བྲིས་རྒྱུན་དང་བཅས། ཚན་དྲག་ཅན་ལ་སྐུའི་ངོ་བོ་ལ་ཞལ་ཚད་དྲུག་དང་། གདན་དང་སྐྲ་ཞལ་རེ་བཅས་ཐལ་མོ་བརྒྱད་པ་བཤད་ཅིང་། ཞིབ་པར་གཤིན་རྗེ་གཤེད་ནག་པོའི་རྒྱུད་རིམ་པར་ཕྱེ་བ་བཅུ་བཞི་པ་ལས་འབྱུང་བའི་དོན་ནི། ཞབས་དཔངས་སོར་བཞི། འགྱིང་སྟབས་མེད་པའི་ཐད་ཀར་བརྒྱངས་བའི་རྗེ་ངར་སོར་བཅོ་བརྒྱད་ལ་འགྱིང་སྟབས་ཀྱི་མཐོ་གང་། པུས་མོ་སོར་བཞི་དང་བརླ་སོར་བཅོ་བརྒྱད་དུ་བཤད་ནའང་འགྱིངས་སྟབས་ཀྱི་ལྟོ་བར་གབ་པའི་གསང་གནས་མགྲིན་པ་མན་ལ་མཐོ་གསུམ། མགྲིན་པ་སོར་བཞི། ཞལ་རས་དང་སྐྱ་ལ་མཐོ་རེ་སྟེ་སྲིད་ཀྱི་ཚད་དང་། བྲང་ཞིང་ཕྱེད་ལ་ཆ་ཕྲན་ནམ་སོར་བཅུ། དཔུང་ལྷུ་སོར་བཅུ་བཞི་ཕྱག་ངར་དང་ཕྱག་མགོ་ཞལ་ཚད་རེ་སྟེ་སྲིད་ཞིང་མཉམ་པ་གོ་དྲུག་བཤད་ཀྱང་འགྱིང་སྟབས་ཀྱི་དབང་གིས་ངེས་པ་མེད་པར་མཁས་པས་ཉམས་དང་སྦྱར་ཤེས་དགོས་ཏེ། ཐིག་ཁོང་འདིར་གཤིན་རྗེ་གཤེད་སོགས་ཁྲོ་བོ་རྣམས་དང་། ཐག་བཟང་རིས་དང་ལུས་ངན་དང་བདེན་བྲལ་དང་གཤིན་རྗེ་དང་ས་ལྷ་དང་གཟའ་དྲག་པོ་རྣམས་འདུའོ། ༈ །ཐིག་ཆེན་ལྔ་པ་མིའུ་ཐུང་ལྟར་ཁྲོས་པ་རྣམས་ནི། ཀྲྀ་ཡ་ས་མུ་ཙྪར། རཱ་མ་ཎ་


JKT017_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིའུ་ཐུང་དང་ཚོགས་ཀྱི་བདག་པོ་རྣམས་ནི་མཐོ་ལྔ་པར་བྱའོ། །ཞེས་དང་། གྲུབ་ཆེན་ནག་པོ་པས། མིའུ་ཐུང་ལ་ཆུ་སོ་གསུམ་གྱིས་པུས་མོ་ཡན་ཆད་ཁྱབ་པར་གནས་སོ། །ཞེས་གསུངས་པའི་དོན་ལག་ཏུ་བླང་བྱར། ཞལ་དང་། ཐུགས་ཀ་དང་། ལྟེ་བ་དང་། ཆུ་སོ་རྣམས་མཐོ་རེ་དང་བརླ་ནི་ཞལ་དང་ལྟེ་བར་གབ་པ་དང་། བྱིན་ལ་ཞལ་གང་དང་། ཐོད་དཔངས་དང་། མགྲིན་པ་དང་། པུས་ཚིགས་དང་རྟིང་པ་རྣམས་སོར་གསུམ་རེ་བསྡམས་པས་སྲིད་དུ་སོར་མོ་བདུན་ཅུ་རྩ་གཉིས་དང་། བྲང་ཞིང་ཞལ་གང་། དཔུང་ལྷུ་སོར་དྲུག །ཕྱག་ངར་དང་ཕྱག་མགོ་ཞལ་ཚད་རེ་སྟེ་ཐིག་ཁོངས་འདིར་གུར་མགོན་དང་ཚོགས་ཀྱི་བདག་པོ་སོགས་འདུ་བར་ཤེས་པར་བྱའོ། ༈ །དྲུག་པ་ཉན་ཐོས་དང་རང་སངས་རྒྱས་སོགས་མི་རྣམས་ཀྱི་ཚད་ནི། དྲི་མེད་འོད་ལས། དེ་ཉིད་སེམས་ཅན་རྣམས་ཀྱི་ཁྲུ་བཞི་སྟེ། །མི་རྣམས་ཀྱི་སོར་དགུ་བཅུ་རྩ་དྲུག་གོ །སྟེང་དང་འོག་ཏུ་ནི་སོར་བརྒྱད་ཅུ་རྩ་བཞི་སྟེ། དེ་ལྟར་མི་རྣམས་ནི་མཚན་དང་མི་ལྡན་པའོ། །ཞེས་པ་སྟེ། དེའང་ཉན་ཐོས་རྣམས་ནི་བྱང་ཆུབ་སེམས་དཔའི་ཚད་ལྟར་སྐབས་རེར་བཤད་པའང་ཡོད་ཅིང་། ལག་ལེན་དུའང་བྲིས་ཐང་ཚད་ལྡན་རྣམས་སུ་དེ་ལྟར་བྱས་པ་མཐོང་ལ། རང་རྒྱལ་ལ་སོགས་པ་ནི་མིའི་ཚད་འདི་བྱེད་པ་ལ། དེའང་སྲིད་དུ་ཁྲུ་ཕྱེད་བཞི་དང་། ཞེང་དུ་ཁྲུ་བཞི་བར་བཤད་པ་དང་།


JKT017_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་རིག་ཏུ་ཁྲུ་བཞིར་བཤད་པ་མིའི་ཚད་ལ་བཏབ་ཏུ་བཏུབས་ཏེ་ལུས་འདོམས་གང་གྲུ་བཞི་ཡོད་པར་ཁྲུ་རེ་ནི་རང་གི་མཐོ་གཉིས་རེ་རགས་པར་ཡིན་ལ། དེའང་རང་སངས་རྒྱས་ནི་གཙུག་ཏོར་ཅུང་ཟད་འཕགས་པ་ལྷག་པའི་ཆར་ཉེ་བ་ཅན་ཏེ། སྐྱའི་དཔངས་སོར་བཞི། གདོང་ལ་མཐོ་གང་། མགྲིན་པར་སོར་དོ། །སྙིང་ག་ལྟེ་བ་གསང་བའི་བར་རྣམས་མཐོ་རེ། བརླ་དང་རྗེ་ངར་ཞལ་ཕྱེད་དོ་རེ་དང་། །པུས་མོ་ནས་ཞབས་དཔངས་སོར་གསུམ་རེ་བྱས་པ་སྲིད་ཀྱི་ཚད་དོ། །མདོར་ན་ཐིག་ཆེན་དང་པོ་ལ་སྲིད་དང་ཞེང་གཉི་གར་སོར་མོ་བརྒྱ་ཉེར་ལྔ། གཉིས་པར་སོར་མོ་བརྒྱ་ཉི་ཤུ། །གསུམ་པར་སོར་བརྒྱ་དང་བརྒྱད། །བཞི་བར་སོར་མོ་གོ་དྲུག །ལྔ་པར་སོར་མོ་དོན་གཉིས། །དྲུག་པར་སྲིད་དུ་ཁྲུ་ཕྱེད་བཞི་དང་། །ཞེང་དུ་ཁྲུ་བཞི་པ་རྣམས་སོ། ༈ ཐིག་ཆེན་བརྒྱད་པ་སྐུའི་རྣམ་འགྱུར་རྡོ་རྗེ་སྐྱིལ་ཀྲུང་དང་། པདྨའི་སྐྱིལ་ཀྲུང་དང་། །སེམས་དཔའི་སྐྱིལ་ཀྲུང་དང་། །དཔའ་བོའི་འདུག་སྟངས་དང་། །བཟང་པོའི་འདུག་སྟངས་དང་། །ཙོག་པུ་དང་། གཡོན་རོལ་དང་། གཡས་རོལ་དང་། བདེ་ལུགས་ཅན་དང་། གཡས་བརྐྱང་དང་། གཡོན་བརྐྱང་དང་། ས་ག་དང་། ཟླུམ་པོ་དང་། མཉམ་པའི་སྟབས་ཏེ་བཞུགས་སྟངས་ཀྱི་ཁྱད་པར་རྣམས་དང་། བྱང་ཆུབ་མཆོག་གི་ཕྱག་རྒྱ་སོགས་པ་ཕྱག་རྒྱ་མི་འདྲ་བའི་ཁྱད་པར་རྣམས་དང་། རབ་


JKT017_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་བའི་ཆ་བྱད་ཀྱི་ཆོས་གོས་གསུམ་དང་། མཁར་བསིལ་དང་ལྷུང་བཟེད་སོགས་ཀྱི་ཚད་དབྱིབས་རབ་འབྲིང་སོགས་དང་། ཞི་དྲག་སོ་སོའི་རྒྱན་ཆའི་བྱེ་བྲག་མང་པོ་དང་། གདན་ཁྲི་དང་རྒྱབ་ཡོལ་རྒྱས་འབྲིང་བསྡུས་པ་རྣམས་ཀྱི་ཚད་དང་། དབྱིབས་དང་། རྒྱུད་སྡེ་རྣམས་ནས་བསྟན་པའི་དཀྱིལ་འཁོར་སོ་སོའི་ཐིག་དང་། ལས་སོ་སོའི་ཐབས་ཀྱི་ཚད་དང་མཚན་ཉིད་ལ་སོགས་པ་རྣམས་ནི་དྲི་མ་མེད་པའི་བཀའ་དང་བསྟན་བཅོས་ཚད་མའི་རྗེས་སུ་འབྲང་ནས་བསྒྲུབ་པར་རིགས་ཏེ། ཚད་དང་ལྡན་མི་ལྡན་ལས་ཡོན་ཏན་དང་སྐྱོན་གྱི་རྣམ་པ་ཐ་དད་པར་འགྱུར་པའི་ཕྱིར་རོ། །གསུམ་པ་ནི། བསླབས་བཏུས་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་བས། དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བསྐུར་བ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་ལ་བསྙེན་བསྐུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་མཚོན་གང་བ་གཅིག་བཞེངས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་དང་། སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་འཐོབ་པར་


JKT017_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་དང་། འགྲེལ་པར། ཇི་ལྟར་གསུངས་པའི་དེ་ཁོ་ན་ཉིད་བསྒོམས་པའི་ནུས་པ་མེད་པས། བསྐྱེད་པའི་རིམ་པ་བསྒོམ་པས་ལྷའི་རྣམ་པར་སྒོམ་པར་བྱའོ། །དེའང་གཟུགས་བརྙན་མ་མཐོང་བ་ལས་མི་ནུས་སོ་ཞེས་པའི་དོན་གྱིས་འཕངས་པའི་ཐང་སྐུ་དང་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཁོ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ཡིན་ལ། ཞེས་སོགས་ཐུན་མོང་དང་ཁྱད་པར་གྱི་དགོས་པ་མཐའ་ཀླས་ཏེ་མདོ་རྒྱུད་དག་ལས་རྒྱ་ཆེར་ཤེས་པར་བྱའོ། །གཞན་ཡང་འདུལ་བ་ལུང་ལས། །ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པའི་ནད་གཡོགས་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་སོགས་གསུངས་པ་ལས་བརྩམས་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་སྟེ་ཁྱིམ་བདག་དགེ་བཟང་གིས་བརྩེགས་པའི་དགེ་– བཟང་གི་གཙུག་ལག་ཁང་ནི་ཀུན་གྱི་སྔ་བ་ཡིན་ལ། དེ་ནས་གཟུགས་ཅན་སྙིང་པོས་བྱ་ཀ་ལནྟ་ཀའི་ཚལ་དང་། མགོན་མེད་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་སོགས་རིམ་པར་བྱུང་ཞིང་། ཇི་ལྟར་བྱ་བའི་ཚུལ་ཡང་འདུལ་བ་གནས་མལ་གྱི་གཞི་སོགས་ལས་ཤིན་ཏུ་ཞིབ་པར་འབྱུང་བ་བཞིན་ནང་པ་སངས་རྒྱས་པའི་བསོད་ནམས་ཀྱི་ཞིང་དགེ་འདུན་འདུ་བའི་ཁྱད་པར་གྱི་


JKT017_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཏེ། གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིགས་པ་སྡིག་སྲོག་ཆགས་འཆི་བས། པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་ཀྱིས། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་བསྔགས་པ་བཞིན་ནོ། །


previousསྐུ་རྟེན་ལྷ་སྐུའི་ཐིག་རྩ།next