Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
ཐུགས་རྟེན་མཆོད་རྟེན་གྱི་རྣམ་བཞག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྟེན་མཆོད་རྟེན་གྱི་རྣམ་བཞགnext

ཐུགས་རྟེན་མཆོད་རྟེན་གྱི་རྣམ་བཞག


JKT017_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཐུགས་རྟེན་ལ་གསུམ། ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པ་ཐམས་ཅད་པའི་ཡོན་ཏན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་ཤར་བའི་མཚོན་བྱེད། ངེས་ཚིག་ནི། ཙེ་ཏྱའི་སྒྲ་ལས་བསག་པའམ་བསག་ཏུ་རུང་བའམ་དྲན་པའི་ཕྱིར་མཆོད་རྟེན། དབྱེ་བ་མཚན་ཉིད་དང་བཅས་པ་ནི། རིགས་ཅན་གསུམ་གྱི་དབྱེ་བ་ལྟར་དབྱིབས་དང་རྣམ་པ་ཐ་དད་པར་ཤར་ཡང་། གཙོ་བོར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྗེས་སུ་འབྲངས་ཏེ། བདག་ཅག་གི་སྟོན་པའི་མཛད་པ་དང་མཐུན་པའི་མཆོད་རྟེན་བརྒྱད་དེ། བལྟམས། པད་སྤུངས་བྱང་སངས་རྒྱས། ཆེན་བཀྲ་ཤིས་ཆོས་འཁོར་དང་པོ། སྒོ་མང་དང་། །ཆོ་འཕྲུལ་ལྷ་བབས་དབྱེན་བཟླུམ་རྣམ་པར་སྐུ་ཚེའི་བྱིན་རླབས་རི་རབ་ཀྱི་མགྲིན་པ་དང་རྒྱལ། མྱང་འདས་མཆོད་རྟེན་རྣམ་པ་བརྒྱད་དུ་བཤད། ཅེས་པ་ལྟར་དང་། དེ་དག་གི་ཕྱག་ཚད་ཀྱང་། ཀཱ་ལ་ཙ་ཀྲར། དཀྱིལ་འཁོར་བཞི་པོ་བང་རིམ། རི་


JKT017_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བུམ་པ། གདོང་མན་ཆད་བྲེ་དང་། དེ་ཡན་ཆད་སྒྲ་ཆོས་འཁོར་ཆར་ཁེབས་ཀྱི་རྣམ་པར་གསལ་བར་བཤད་པ་ལྟར། དྲི་མེད་འོད་ན་ཆ་ཚད་བཤད་པ་ཀུན་གྱི་གོ་དཀའ་ཞིང་ཀུན་མཁྱེན་བུས་གཏན་འབེབས་མཛད་པ་ལྟར། ཕྱིས་སུ་སྤྲུལ་སྐུ་ང་ལ་གཟིགས་དང་སྟག་ལོའི་བཞེད་པ་གཉིས་གཙོ་བོར་བཟུང་བ་མང་ངོ་། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་གྱི་ཕྱག་ཚད་ཀྱི་རྣམ་བཞག་ནི། དཔལ་དུས་ཀྱི་འཁོར་ལོ་རྩ་འགྲེལ། སྡོམས་འབྱུང་རྩ་འགྲེལ། ཤཱ་རིའི་བུས་ཞུས་པ། ཀྲྀ་ཡ་ས་མུཙྪའི་དཀྱིལ་ཆོག །མཆོད་རྟེན་གྱི་ཆ་དབྱེ་རྣམས་དང་། བརྒྱད་སྟོང་འགྲེལ་ཆེན། ཀོ་ས་ལའི་རྒྱན་སོགས་ལས་རྒྱ་ཆེར་གསུངས་པ་ལྟར་བོད་དུའང་ལྷོ་བྲག་སྨན་༡ཐང་པ། མཁྱེན་བརྩེ་ཆེན་མོ་འཇམ་མགོན་སུདྷི་ཀིརྟི་སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོ། རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས། ཨ་ཀྱ་སྐུ་སྐྱེ་བློ་བཟང་བསྟན་རྒྱན་སོགས་ཀྱིས་མཛད་པའི་ལྷ་སྐུའི་ཐིག་གི་ཡི་གེ་ཇི་སྙེད་པ་དང་། ཀུན་མཁྱེན་བུ་སྟོན། སྟག་ཚང་ལོ་ཙཱ་བ། པཎ་ཆེན་ནམ་བཟང་སོགས་ཀྱི་མཆོད་རྟེན་བརྒྱད་ཀྱི་ཐིག་རྩ། མཁས་པ་རོང་པོ་རྒྱལ་མཁར་རྩེ་པས་མཛད་པའི་ཡི་གེའི་དག་སྦྱོར་སོགས་བསྟན་བཅོས་མཐའ་ཀླས་ཤིང་། དེ་ལྟར་ཚད་དང་ལྡན་པར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའི་ཕན་ཡོན་ཡང་། བསླབ་བཏུས་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཐམས་


JKT017_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་བས་དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བསྐུར་བའོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། །དེ་ཐམས་ཅད་ལས་ནི་གསང་སྔགས་ཀྱི་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཚོན་གང་བ་ཞིག་བཞེངས་པ་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཞེས་དང་། །བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ཡི་གེ་གསལ་ཞིང་ལེགས་པར་བྲིས་ཏེ། མེ་ཏོག་དང་། ཞེས་སོགས་ནས། ཀུན་དགའ་བོ་ངས་ནི་རྗེས་སུ་བསྟན་པའམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་ཏོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ལུས་སྦྱང་པར་བྱས་ནས་རང་གི་ལག་གིས་མཆོད་རྟེན་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་གྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་མངོན་པར་ཤེས་ལ་ཐབས་དང་ཤེས་པ་དང་ལྡན་ཞིང་བསྐལ་བར་གནས་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོ་ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཐོས་པ་འཛིན་པ་དང་སྐྱེ་བ་དྲན་པར་འགྱུར་རོ། །ཞེས་སོགས་མདོ་རྒྱུད་བསྟན་


JKT017_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་དུ་མ་ནས་གསུངས་པ་བཞིན་དང་། དེ་ལས་ལྡོག་སྟེ་ཚད་དང་མི་ལྡན་ན། སྡོམས་འབྱུང་ལས། ཀོས་ཀོ་མགྲིན་པ་བྱིན་པ་སྟེ། །གསུམ་པོ་རིང་ན་སྐྱོན་ཆེན་པོ། །སྔགས་པ་བདག་ཉིད་ངེས་པར་ནི། །གནས་ལས་ཉམས་ཤིང་བསྒྲད་པར་འགྱུར། །ཞེས་སོགས་བཀྲ་མི་ཤིས་ཤིང་རྣམ་སྨིན་ལྕི་བ་སོགས་ཤེས་པར་བྱས་ནས་རྣམ་པ་ཀུན་ཏུ་དྲི་མ་མེད་པའི་ལུང་དང་མན་ངག་གི་རྗེས་སུ་འབྲངས་ནས་དཔྱད་པར་བྱའོ། །གཞན་ཡང་རྒྱུད་སྡེ་རྒྱ་མཚོ་ནས་བཤད་པའི་བློས་སློང་དང་དཀྱིལ་འཁོར་བྲི་བའི་ཐིག་ཚད། ཐབས་དང་། དགང་བླུགས། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་ཚད་རྣམས་དང་། འདུལ་བ་གནས་མལ་གྱི་གཞི་ལས་གསུངས་པའི་གཙུག་ལག་ཁང་བརྩེགས་པའི་ཚུལ་སོགས་དང་། དུས་འཁོར་མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་གུར་དང་ཡོ་ག་རྡོར་ཕྲེང་སོགས་ནས་བཤད་པའི་ས་གར་དང་། མཆོད་གར། ཞི་ཁྲོ་སྒྱུ་འཕྲུལ། བཀའ་ཡ བརྒྱད་ཕུར་པ་སོགས་ནས་བཤད་པའི་རྩ་འཆམ་དང་འབྲུབ་འཆམ་ལ་སོགས་པ་ཉམས་དགུ་དང་ལྡན་པའི་རིགས་རྣམས་སོ། །ལུས་བཟོ་ཕལ་པ་ནི། རྒྱ་མཚོ་ཆེན་པོར་བགྲོད་པའི་གྲུ་གཟིངས་ཆེན་པོ། །རྒྱ་བལ་སོགས་ཀྱི་ཆུ་ལ་བགྲོད་པའི་གྲུ་ཆུང་། ཁང་ཁྱིམ། ཁང་བརྩེགས། ཁང་མིག་ལྔ་བརྒྱ་པ། བཟའ་བཏུང་གི་གཡོས། གོས་རྒྱན་གྱི་ཁྱད་པར་སོགས་དང་། བསྡུས་རྒྱུད་ལས། གཡུལ་དུ་ཕམ་པའི་དགྲ་བོ་དག་


JKT017_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གལ་ཏེ་འཕྲལ་ལ་རྫོང་གི་ནང་དུ་ཞུགས་གྱུར་ན། །ཕྱི་རོལ་དུ་ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ཏུ་འབེབས་པ་དང་། །རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་ས་གཞིའི་གནས་ལ་གུར་དང་གོ་ནི་དབྱེ་བ་ཡིས། །དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཅུང་ཟད་དག་གི་གདུག་པ་དེ་ནི་བསྒྲུབ་པར་བྱ། ཞེས་ངོ་མཚར་གྱི་སྦྱོར་བ་ཐང་རྫོང་གཞིག་པ་རྡོའི་འཁྲུལ་འཁོར་ཏེ་རྒྱོགས། ཆུ་རྫོང་འཇོམ་པ་ཆུའི་འཁྲུལ་འཁོར། །རི་རྫོང་འཇོམས་པ་མེའི་འཁྲུལ་འཁོར། །རྩེ་མོ་འགྱེད་པ་རླུང་གི་འཁྲུལ་འཁོར། །རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། །ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། །དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད། །ལྡུམ་ར་གཅུ་བའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཁྲུལ་འཁོར་སོགས་དུས་འཁོར་དུ་གསུངས་པ་དང་། གཞན་ཡང་མཚོན་ཆ་དང་ཡ་ལད་སོགས་གོ་ཆའི་རིགས། ཕོ་མོའི་རྒྱན་མ་དང་གྱོན་པ་སོགས་བཟོ་བ་སྟེ། མདོར་ན་བཟོ་སྦྱངས་བཅོ་བརྒྱད་ཕལ་མོ་ཆེ་འདིར་འདུས་སོ་ངག་བཟོ་མཆོག་ནི། ལོ་ཆེན་རིན་བཟང་ནས་དར་བའི་ཡོ་ག་དང་། གཞན་ཡང་གསང་སྔགས་གསར་མའི་ཡི་དམ་ཆོས་སྐྱོང་ལ་བརྟེན་པའི་གདངས་དབྱངས། སྔགས་རྙིང་མའི་གྱེར་དབྱངས་ལ་འགྱུར་ཁུགས་འདེགས་འཇོག་སྦོམ་ཕྲ་སྟེ་དྲུག་ལྡན་བརྗིད་ཅིང་རྔམས་པ་སོགས་མ་འདྲེས་པའི་


JKT017_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་། རྡོ་རྗེའི་གླུ་གར། ཆོས་ཀྱི་འབེལ་གཏམ་སོགས་གསལ་དག་སྙན་ཅིང་ཉན་སླ་བཟུང་བདེ་བ་ལ་སོགས་པ་རྣམས་སོ།། །།


previousཐུགས་རྟེན་མཆོད་རྟེན་གྱི་རྣམ་བཞགnext