Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
སྒྲ་སྦྱོར་བམ་པོ་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲ་སྦྱོར་བམ་པོ་གཉིས་པ།next

སྒྲ་སྦྱོར་བམ་པོ་གཉིས་པ།


JKT017_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲ་སྦྱོར་བམ་པོ་གཉིས་པར། གསང་སྔགས་ཀྱི་རྒྱུད་རྣམས་ནི་གཞུང་གི་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་དག་ཏུ་བཤད་པས་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་འཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་སྡེ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་འཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །ཞེས་དང་། བདྡྷཞེས་བྱ་བའི་སྒྲ་ལས་དྲངས་ན་གཅིག་ཏུ་ན། མོ་ཧ་ནི་དཱ་པྲ་མཏྟ་པྲ་བུདྡྷ་བུ་རུ་ཥ་པཏྲ་ཅེས་བྱ་སྟེ། གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཏེ་སངས་ལ་བསྙེགས། ཡང་རྣམ་པ་གཅིག་ཏུ། བུདྡྷེ་དྷི་ཀཱ་ཤ་ནཱ་བུདྡྷ་བི་བུདྡྷ་པདྨ་བཏྲ། བློ་བྱེ་ཞིང་རྒྱས་པས་ན། པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བར་ཡང་བཤད་དེ་སངས་རྒྱས་ཞེས་བྱའོ། །ཚིག་དོན་ནི་སྤྱིར་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པ་བྱང་ཆུབ་པ་ལ་བྱ། བྷ་ག་བཱ་ན་ཞེས་པ་གཅིག་ཏུ་ན། བྷ་ག་ན་མཱ་ར་ཅ་ཏུཥཱ་ས་ཏྭ་དྭ་བྷ་ག་བཱན། ཞེས་བྱ་སྟེ་བདུད་བཞི་བཅོམ་པས་ན་བཅོམ་པ་ལ་བྱ། ཡང་རྣམ་པ་གཅིག་ཏུ་ན་བྷ་ག་ནི་ལེགས་པ་རྣམ་པ་དྲུག་གི་མིང་སྟེ། གཟུགས་དང་། གྲགས་དང་དབང་ཕྱུག་དང་། དཔལ་


JKT017_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤེས་རབ་དང་། བརྩོན་པ་སྟེ་འདི་དྲུག་གི་སྤྱི་ལ་བྱ། བཱན། ཞེས་འབྱུང་བ་ནི། བྷ་གསྭཱ་སྟི་ཏི་བྷ་ག་བཱ་ན་ཞེས་ལྡན་པར་བཤད་དེ། དེ་རྣམ་གྲངས་འདི་སྐད་དུ་བྱ་བ་ལས་སྔར་བསྒྱུར་བའི་ཚིག་གྲགས་པ་བཙན་པར་བྱ་སྟེ་བཅོམ་ལྡན་འདས་ཞེས་བྱ་བ་ནི་མདོ་སྡེ་དག་ལས། སངས་རྒྱས་ཀྱི་ཡོན་ཏན་ལ་མཚན་འཇིག་རྟེན་ལས་འདས་པའོ། །ཞེས་ཀྱང་འབྱུང་བས་ན། འཇིག་རྟེན་པའི་བྷ་ག་བཱན་ལས་ཁྱད་པར་དུ་འདས་ཞེས་བླ་ཐབས་སུ་བསྣན་ཏེ། བཅོམ་ལྡན་འདས་ཞེས་བཏགས། འཇིག་རྟེན་པའི་བྷ་ག་བཱན་ཞེས་བྱ་བ་ནི་འཇིག་རྟེན་པའི་གཞུང་ཉིད་ལས་ཀྱང་བཅོམ་པར་མི་འཆད་དེ་ལེགས་པ་དང་ལྡན་པ་ཞེས་འཆད་པས་འཇིག་རྟེན་པའི་བྷ་ག་བཱ་ན་ནི་ལེགས་ལྡན་ཞེས་གདགས། ཏ་ཐཱ་ག་ཏ་ཞེས་བྱ་བ་ནི། ཏ་ཐཱ་ནི་དེ་བཞིན་ག་ཏ་ནི་གཤེགས་པའམ་འབྱོན་པའམ་མཁྱེན་པའམ་གསུངས་པ་ལ་བྱ་སྟེ། ཚིག་གི་དོན་སྤྱིར་ན་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་ཤིང་ཕྱིན་པ་དང་ཆོས་ཐམས་ཅད་ཀྱི་རང་བཞིན། དེ་བཞིན་ཉིད་ཇི་ལྟ་བ་མཁྱེན་ཞིང་གསུང་པ་ལ་བྱ་མོད་ཀྱི། སྔར་གྲགས་པ་བཞིན་དེ་བཞིན་གཤེགས་པ་ཞེས་གདགས། ཨརྟ་ན་ཞེས་བྱ་བ་གཅིག་ཏུ་ན། པཱུ་ཛན་ར་ཧ་ཏཱི་ཏི་ཨརྙན་ཞེས་བྱ་སྟེ། ལྷ་དང་མི་སོགས་ཀུན་གྱིས་མཆོད་པར་འོས་པས་ན་མཆོད་འོས་ཞེས་ཀྱང་བྱ། ཡང་གཅིག་ཏུ་ན། གླེ་ཤ་ཨ་རི་ཧ་ད་བཱ་


JKT017_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཨརྟན་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་བཅོམ་པ་ཞེས་བྱ་སྟེ། རྣམ་པ་འདི་ལས་འདིར་ནི་དོན་བཙན་པར་བྱ་སྟེ་དགྲ་བཅོམ་པ་ཞེས་བཏགས། སམྱཀཾ་བུདྡྷ་ཞེས་པ། སམྱག་ནི་ཡང་དག་པ། སམ་ནི་ས་མན་འམ། སཾ་པུཎྜ་སྟེ་མ་ལུས་པའམ་རྫོགས་པ། བུདྡྷ་ཞེས་སངས་རྒྱས་པ་ལ་བྱ་སྟེ། སྤྱིར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པའི་མཚན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ། ཞེས་སོགས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་ཚིག་ཕལ་ཆེར་གྱི་སྒྲ་བཤད་ཤིན་ཏུ་ལེགས་པ་དང་། གཞན་ཡང་། དྷརྨ་དྷཱ་ཏུ་བི་ཤུདྨ་ཞེས་བྱ་བ་ཆོས་དབྱིངས་རྣམ་པར་དག་པ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཕགས་པའི་ཆོས་རྣམས་སྐྱེ་ཞིང་འབྱུང་བ་དང་དབྱིངས་སུ་གྱུར་པས་ན་ཆོས་དབྱིངས་དེ་བཞིན་ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤྲིན་དང་འདྲ་བ་དྭངས་ཤིང་བྱང་བ་སྟེ། ནམ་མཁའི་དབྱིངས་དག་པ་དང་འདྲ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ། ཨཱ་དརཱ་ཛཱ་ན་ཞེས་བྱ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པས་གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་མེ་ལོང་ཕྱིས་པའི་ནང་དུ་ཅི་ཡང་སྣང་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་


JKT017_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་སྣང་བ་ལ་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ། ས་མ་ཏཱ་ཛྙཱ་ན་ཞེས་བྱ་བ་རྫོགས་པར་ས་དང་པོ་ལ་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཚེ། བདག་དང་གཞན་དུ་མི་འབྱེད་ཅིང་མཉམ་པ་ཉིད་དུ་རྟོགས་པས་གོང་ནས་གོང་དུ་སྦྱངས་པའི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པའི་ཚེ། ཉོན་མོངས་པ་ཅན་གྱི་ཡིད་གནས་འཕོས་ཏེ། ཡེ་ཤེས་གནས་སུ་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ། པྲ་ཏི་བེཀཱ་ཎ་ཛྙཱ་ན་ཞེས་བྱ་བ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་གཟུངས་དང་ཏིང་ངེ་འཛིན་དང་བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་པ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པས་ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་ཐེ་ཚོམ་སྣ་ཚོགས་གཅོད་པ་དང་། སྐུ་བེཟླུརླ་ལ་སོགས་པའི་རིན་པོ་ཆེའི་མདོག་ཏུ་སྟོན་པའི་རྒྱུར་གྱུར་པ་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ། ཀྲྀཏུ་ནུཏྟཱ་ན་ཛྙཱ་ན་ཞེས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐབས་སྣ་ཚོགས་དཔག་ཏུ་མེད་པས་སེམས་ཅན་མང་པོའི་དོན་མཛད་པའི་གཞིར་གྱུར་པ་ཡིན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ། དྷརྨ་ཀཱ་ཡ་ཞེས་བྱ་བ་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཀྱི་ས་དང་སྦྱར་ན་


JKT017_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དེ་བཞིན་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཞེས་བྱ། སམྦྷ་ག་ཀཱ་ཡ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་པ་ཉིད་ཀྱི་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་ཀྱིས་ཆོས་ཀྱི་ལོངས་སྤྱོད་དང་སྤྱོད་པ་རྒྱ་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། ནི་ཎ་ཀ་ཡ་ཞེས་བྱ་བ་སྤྲུལ་པའི་སྐུ་ཡིན་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་སོ་སོ་ཅིས་འདུལ་བ་བཞིན་དུ་ཐབས་སུ་སྐུ་གསུང་ཐུགས་སྤྲུལ་ཏེ། སྣ་ཚོགས་སུ་སྟོན་པ་བྱ་བས་ན་སྤྲུལ་པའི་སྐུ་ཞེས་བྱ། ཞེས་དང་། པྲེ་ཀ་བུདྡྷ་ཞེས་བྱ་བ་ཨེ་ཀ་བརྒ་ནཱ་མ་པྲ་ཏི་བུདྡྷ་བོ་དྷི་པྲ་ཏི་ཀ་བུདྡྷ་ཞེས་བྱ་སྟེ། སེམས་ཅན་མང་པོའི་དོན་མི་མཛད་ཀྱི། བདག་གཅིག་པུ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་བསྒྲུབས་པས་ནི་རང་སངས་རྒྱས་ཞེས་བྱ། ཞེས་དང་། གྲྭ་བ་ཀ་ཞེས་པ་གཅིག་ཏུ་ན་ཤྲཱི་ནཱ་ན་ཏཱིཏི་ཤཱ་བ་ཀ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ལུང་མ་མནོས་པར་བདག་ཉིད་ཀྱིས་རྟོགས་པར་མི་ནུས་ཏེ་ཉན་པ་ལ་ཡང་བྱ། ཡང་གཅིག་ཏུ་ན། སམྱ་ཀ་ཛྷཱ་ན་ཕལ་ན་ཤྭ་བ་སིནྟི་ཏི་ཤཱ་བ་ཀ་ཞེས་བྱ་སྟེ། ཡང་དག་པའི་ཤེས་པས་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་ཐོབ་པ་གཞན་ལ་སྒྲོགས་ཤིང་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱ། ཞེས་དང་བྱང་ཆུབ་སེམས་


JKT017_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྒྲ་བཤད་པ་ལ། བོ་དྷི་སཏཱ་ཞེས་བྱ་བ་ས་ཏཱ་ན་ཡོ་ཊཾ་སྟེ་བོ་དྷི་སཏཱ་ཞེས་པ་བོདྷི་ནི་བྱང་ཆུབ། སཏྭ་ནི་སེམས་དཔའ་འམ་སེམས་སྟོབས་ཆེ་བ་ལ་བྱ། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་གཅིག་ཏུ་བརྟུལ་ཞིང་ནེམ་ནུར་མེད་པས་ན་བྱང་ཆུབ་སེམས་དཔའ། མ་ཧཱ་སཏྭ་ཞེས་བྱ་བ། མ་ཧཱ་ནི་ཆེན་པོ་སཏྭ་ནི་སེམས་དཔའ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་བུ་མ་ཡིན་གྱི། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་པས་ན་སེམས་དཔའ་ཆེན་པོ་ཞེས་བྱ། ཞེས་དང་། ཤམ་སྒྲ་ཞེས་བྱ་བ་ཤ་མེ་བསྟི་ཤ་མསྒྲ་ཞེས་བྱ་སྟེ། ཤ་མ་ནི་ཞི་བ་དང་། སྠཱ་ནི་གནས་པ་སྟེ། གཟུགས་ལ་སོགས་པ་ཡུལ་གྱིས་སེམས་གཡེང་བ་ཞི་བར་བྱས་ནས་བསམ་གཏན་གང་སྒོམ་པ་དེ་ལ་སེམས་རྩེ་གཅིག་ཏུ་ཁུག་པའི་མིང་ཡིན་པས་ན་ཞི་གནས་ཞེས་བྱ། པི་པ་བྱ་ན་ཞེས་བྱ་བ་བི་ནི་བི་ཤེ་ཥ་སྟེ། ཁྱད་པར་རམ་ལྷག་པ། བ་བྱ་ན་ནི་མཐོང་བའམ་བལྟ་བ་ལ་བྱ། སྤྱིར་ན་ཤེས་རབ་ཀྱིས་དངོས་པོའི་རང་བཞིན་ལྷག་པར་རྟོགས་པའི་རང་བཞིན་ཏེ་ལྷག་མཐོང་ཞེས་བྱ། ཞེས་དང་། དུཁ་ས་ཏྱ་ཞེས་བ་སྡུག་བསྔལ་གྱི་བདེན་པ་སྟེ། ཟག་པ་དང་བཅས་པའི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་


JKT017_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བར་འགྱུར། དེ་ལས་མ་རྟོགས་པའི་ཆོས་གཞན་འདུ་བྱེད་ཀྱིས་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་ལྔ་སྡུག་བསྔལ་གསུམ་དང་ལྡན་པས་ན་སྡུག་བསྔལ་གྱི་བདེན་པ་ཞེས་བྱ། ས་མུ་ད་ཡ་ཞེས་བྱ་བ་ས་མུ་ད་ཡཏྱ་སྣ་ད་ཀརྨ་ཀླུ་ཤ་ལཀྵ་ཎཱ་ད་ཞེས་འབྱུང་བས་ན་ལས་དང་ཉོན་མོངས་པའི་མཚན་ཉིད་དེ་དག་ལས་སྡུག་བསྔལ་འབྱུང་བ་ལ་བྱ་སྟེ། དེ་ལས་ཉོན་མོངས་པ་ནི་སླར་སྲིད་པ་གསུམ་དུ་སྐྱེ་ཞིང་འབྱུང་བར་འདོད་པའི་འདོད་ཆགས་སོགས་པ་ལ་བྱ། ལས་ནི་དགེ་བ་དང་མི་དགེ་བ་ཟག་པ་དང་བཅས་པ་ལ་བྱ་སྟེ། ཀུན་འབྱུང་བ་ཞེས་བྱ། ནི་རོ་དྷ་ཞེས་བྱ་བ་ནི། ནི་རོ་དྨ་སྟེ་ཨ་སྨིན་སརྦ་ཀླུ་ཤ་ཨ་ཏི་ཞེས་འབྱུང་བས་འགོག་པ་མཐོང་བས་ཉོན་མོངས་པ་ཐམས་ཅད་འགག་པའི་ཕྱིར་འགོག་པ་ཞེས་བྱ། མཱརྒ་ཞེས་བྱ་བ་མཱག་ཡནྟི་ཨ་ནེ་ན་ནི་རོ་དྷ་མི་ཏི་ཞེས་འབྱུང་སྟེ། ལམ་ངོས་འགོག་པ་ཚོལ་བའམ། མཚོན་པའམ། དམིགས་པའམ། འཐོབ་པར་འགྱུར་བས་ན་ལམ་ཞེས་བྱ། ཞེས་དང་། སཾ་བྲི་ཏི་སཏྱ་ཞེས་བྱ་བ་སཾ་པྲ་ཡ་ཏི་ཨ་ན་ཡ་ཏཏྟ་ཞེས་བྱ་སྟེ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་དངོས་པོའི་དེ་ཁོ་ན་ཉིད་མཐོང་བར་བྱ་བ་སྒྲིབ་པས་ན་། ཡང་དག་སྒྲིབ་ཅེས་བྱ། ཡང་གཅིག་ཏུ་ན། ལོ་ཀ་སཾ་བྲི་ཏྱ་སཏྱ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་


JKT017_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འཇིག་རྟེན་གྱི་ཐ་སྙད་གྲགས་པ་ཙམ་དུ་བདེན་པ་སྟེ། ཀུན་གྱིས་ཤེས་ཤིང་རྫོབ་པ་ལ་བྱ་བ་དབུ་མའི་གཙུག་ལག་ལས་བཤད། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པའི་ནང་ནས་ཇི་སྙེད་དུ་ཡི་གེ་དང་ཚིག་འབྲུ་ལ་བསྟན་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་འབྱུང་སྟེ། མདོ་སྡེ་དང་དབུ་མའི་གཞུང་བཙན་པར་བྱས་ཏེ་ཀུན་རྫོབ་ཀྱི་བདེན་པར་བཏགས། པ་ར་མཱན་ཞེས་བྱ་བ་པ་ར་མ་ནི་མཆོག་གམ་དམ་པ། ཨན་ནི་དོན་ནམ་དགོས་པ་སྟེ། གཅིག་ཏུ་ན་དོན་སྒྲུབ་ཅིང་དགོས་པར་བྱ་བའི་མཆོག་ཏུ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱ་བ་མྱ་ངན་ལས་འདས་པ་ལ་ཡང་བྱ། ཡང་གཅིག་ཏུ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་གི་དམིགས་པའི་སྤྱོད་ཡུལ་མངོན་དུ་གྱུར་པ་ཡིན་ལ། སཏྱ་ནི་བདེན་པ་སྟེ། འཕགས་པ་ཕྱིན་ཅི་ལོག་མེད་པར་གཟིགས་པ་རྣམས་ལ་མྱ་ངན་ལས་འདས་པ་དང་སྐྱེ་བ་དང་སྐྱེ་བ་མེད་པར་ཡང་དག་པར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་བྱ། ཞེས་དང་། པ་རི་ཀཝི་ཏ་ལཀྵ་ཎ་ཞེས་ཀུན་བཏགས་པའི་མཚན་ཉིད་ཡིན་ཏེ། པ་རི་ས་མཾ་ཏཱ་ད་ཞེས་བྱ་བ་ཡོངས་སུ་འམ་ཀུན་ཏུ། ཀཝི་ཏ་ནི་མེད་པའམ་སྒྲོ་བཏགས་པ་ལྟ་བུ་ལ་བྱ། སྤྱིར་ན་གཟུང་བ་དང་། འཛིན་པའི་ཆོས་ནན་གྱིས་བཏགས་པ་ལ་བྱ་སྟེ། ཀུན་བཏགས་པའི་མཚན་ཉིད་ཅེས་བྱ། པ་ར་ཏན་ལཀྵ་ཎ་ཞེས་བྱ་བ་གཞན་


JKT017_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མཚན་ཉིད་ཡིན་ཏེ། པ་ར་ནི་གཞན། ཏན་ནི་ཏན་སྟེ་ཛན་ཏེ་ཞེས་བྱ་སྟེ། གཞན་གྱི་རྐྱེན་ལ་རག་ལས་ཤིང་རང་མི་འབྱུང་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་མིང་སྟེ། གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ། པ་རི་ནིཞན་ལཀཱ་ཎ་ཞེས་བྱ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་ཏེ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་གཉིས་མི་འགྱུར་བ་དང་། ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་། །གྲུབ་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ། ཞེས་སོགས་དང་། གཞན་ཡང་ལུང་དང་བསྟན་པ་བཞི། དགོངས་པ་བཞི། ལྡེམ་དགོངས་བཞི་སོགས་ཞིབ་ཏུ་སྣང་། ཡང་ཨ་ནུ་ཤ་ཡ་ཞེས་བྱ་བ་ཆོས་མངོན་པའི་གཞུང་དང་སྦྱར་ན་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཁྱབ་པར་གནས་ཀྱང་བརྟག་དཀའ་སྟེ་ཕྲ་བ་དང་དམིགས་པ་དང་མཚུངས་པར་ལྡན་པས་ཉོན་མོངས་པ་འཕེལ་ཞིང་རྒྱས་པར་བྱེད་པ་དང་། རྒྱ་མཚོའི་བྱ་གནམ་ལ་འཕུར་བའི་གྲིབ་མ་ལ་ཆུ་སྲིན་སྙེགས་པའི་མིང་སྟེ་ཕྲ་རྒྱས་ཞེས་བྱ། མདོ་སྡེ་པ་ལྟར་ན་ཉོན་མོངས་པ་མངོན་དུ་མ་བྱུང་སྟེ། བག་ཆགས་ཀྱི་ཚུལ་དུ་ཉལ་བ་ནི་ཨ་ནུ་ཤ་ཡ་སྟེ་བག་ཉལ་ཅེས་བྱ། ཞེས་དང་། དགེ་སྦྱོང་དང་བྲམ་ཟེ་དང་མུ་སྟེགས་ཅན་གྱི་མིང་ལ་ཤྲ་མ་ཎ་ཞེས་བྱ་སྟེ། སྡིག་པ་ཞི་བར་བྱེད་པ་སྤྱོད་ཅིང་ལེགས་པ་ལ་སྦྱོང་བས་ན་དགེ་སྦྱོང་ཞེས་བྱ།


JKT017_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ན་འཕགས་པ་རབ་ཏུ་བྱུང་བ་རྣམས་ལ་བྱ། དེའི་རྗེས་སུ་རབ་ཏུ་བྱུང་བ་གཞན་ལ་ཡང་བྱ། བྷི་ཀླུ་ཞེས་བྱ་བ་དགེ་སློང་ཡིན་ཏེ་མྱ་ངན་ལས་འདས་པའི་དོན་སློང་ཞིང་ཚོལ་བ་དང་། གསོལ་བ་དང་གཞིའི་ལས་ཀྱིས་བསྙེན་པར་རྫོགས་ལ་ཆོས་དང་མཐུན་པར་བསོད་སྙོམས་ལེན་པ་དང་འཚོ་བས་ན་དགེ་སློང་ཞེས་བྱ། ཨུ་པ་སཱི་ཀ་ཞེས་བྱ་བ་ནི་བསླབ་པ་ལྔ་ལ་སོགས་པ་མནོས་ཏེ། དགྲ་བཅོམ་པའི་འབྲས་བུ་དང་ཉེ་བར་གནས་པས་དགེ་བསྙེན་ཞེས་བྱ། ཨུ་པ་བཱ་མ་སྦྲ་ནི་ཞེས་བྱ་བ། ཨུ་པ་བཱ་ས་ནི་ཁྲིམས་བརྒྱད་མ་ནོས་ཏེ་འཕགས་པ་དང་ཉེ་བར་གནས་པ་བསྙེན་པ་ལ་བྱ། སྦྲ་ནི་ཏིཥྛ་ན་ཏི་སྟེ་གནས་པ་ལ་བྱ་བས་ན་བསྙེན་གནས་ལ་གནས་པ་ཞེས་བྱ། ཨུ་པ་སཾ་བནྡྷ་ཞེས་བྱ་བ། ཨུ་པ་ནི་ཉེ་བ་སཾ་པནྣ་ནི་རྫོགས་པའམ་ཕུན་སུམ་ཚོགས་པ་ལྟ་བུའི་མིང་སྟེ། མྱ་ངན་ལས་འདས་པ་དང་། ཉེ་བར་གསོལ་བ་དང་བཞིའི་ལས་ཀྱིས་དགེ་སློང་གི་ཁྲིམས་གཙང་མར་མནོས་པས་ན་བསྙེན་པར་རྫོགས་པ་ཞེས་བྱ། ཞེས་དང་། ཨུ་པ་དྨ་ཡ་ཞེས་བྱ་བ་ཨུ་པ་ཏྱཱ་དྷི་ཡ་ཏ་ཨ་སྨ་ཏྲ་ཅེས་བྱ་སྟེ། དངོས་སུ་ལས་ཁྲིམས་ནོད་པ་དེའི་དྲུང་དུ་སོང་ནས་ལས་བརྗོད་པ་བཞིན་དུ་བཟླས་པར་བྱས་པས་ན་ལུང་འབོག་པ་ལ་བྱ་སྟེ། སྔོན་ཆད་གྲགས་པ་དང་དོན་གཉི་གར་སྦྱར་ནས་མཁན་པོར་བཏགས། ཞེས་དང་། ཏཱིནྡྲ་ཀ་ནི་ཏཱི་རྒྱུ་བི་བྱ་ཏེ་ཏཱིནྡྲ་ཀ་ཞེས་བྱ་སྟེ། མཚོའི་


JKT017_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ནས་མཚོར་འཇུག་པའི་སྟེགས་འཆའ་བ་དང་འདྲ་བས་དཀའ་ཐུབ་དང་། རྣལ་འབྱོར་ལ་སོགས་པ་ཆོས་སྣ་ཚོགས་སྤྱོད་ཅིང་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་སྟེགས་འཆའ་བས་ན་མུ་སྟེགས་ཅན་ཞེས་བྱ། སྔགས་ཀྱི་ནང་ནས་འབྱུང་བའི་མིང་ལ། ཏན་ཞེས་བྱ་བ་ཏནུ་པྲ་བན་ཁྱ་ཞེས་འབྱུང་སྟེ། སྔགས་ཀྱི་རྒྱུད་ཞི་བ་དང་རྒྱས་པ་ལ་སོགས་པ་རྒྱུན་ཆགས་པར་བཤད་པའི་མིང་སྟེ་སྔགས་ཀྱི་རྒྱུད་ཅེས་བྱ། །མན་ཞེས་བྱ་བ་མནྟེ་གུ་སྟི་བྷཱ་ཥ་ཎཾ་ཞེས་འབྱུང་སྟེ། སྔགས་ཀྱི་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་ཡིན་པས་ན་གསང་སྔགས་ཞེས་བྱ། བིདྨ་ཞེས་བྱ་བ་བིད་ཛྙཱ་ན་ཞེས་བྱ་སྟེ། མ་རིག་པའི་གཉེན་པོར་གྱུར་པ་ལྷ་མོའི་གཟུགས་སུ་བཞུགས་པའི་མིང་སྟེ་རིག་སྔགས་ཞེས་བྱ། བྷ་ར་ཎི་ཞེས་བྱ་བ་ཨརྦ་གྲནྠ་དྷཱ་ར་ཡ་ཏི་དྷཱ་ར་ཎི་ཞེས་བྱ་སྟེ། སྔགས་ཀྱི་ཆོས་ཀྱི་ཚིག་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཁྱད་པར་གྱི་རིམ་པ་ཐོབ་པར་འགྱུར་པའི་མིང་སྟེ། གཟུངས་སྔགས་ཞེས་བྱ། མཎྜ་ལ་ཞེས་བྱ་སྟེ། མཎྜ་ནི་སཱ་ར་སྟེ་དབྱིངས་སམ་དཀྱིལ་ལ་བྱ། ལ་ནི་ཨཱ་ད་ན་སྟེ་ལེན་པའམ་འཛིན་པ་ལྟ་བུ་ལའང་བྱ། ཁོར་ཁོར་ཡུག་ཟླུམ་པའི་མིང་ཡང་མཎྜལ་ཞེས་བྱ་བས་ན་དཀྱིལ་འཁོར་ཞེས་སྔོན་ཆད་གྲགས་པ་བཞིན་སོ་ན་བཞག །ཅེས་དང་། ཀལྤ་ཞེས་བྱ་བ་སྔགས་ཀྱི་གཞུང་བཤད་པ་ལས་ཕྱིས་ཆོ་ག་རྒྱས་པར་བཤད་པའི་མིང་སྟེ་ཆོ་ག་ཞིབ་


JKT017_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བྱ། ཞེས་དང་། དྷ་ཏ་གུ་ཎ་ཞེས་བྱ་བ་ནི་རྡོ་ཏ་གུ་ཎ་ཞེས་འབྱུང་སྟེ། དགོན་པར་གནས་པ་དང་བསོད་སྙོམས་ལེན་པ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་སྦྱངས་ཏེ་དག་ཅིང་གསལ་བར་བྱ་བའི་མིང་ཡིན་པས་ན་སྦྱངས་པའི་ཡོན་ཏན་ཅེས་བྱ། ཞེས་དང་། པོ་ཥ་དྷ་ཞེས་བྱ་བ་པོ་ཥ་ནི་པུཥྛ་སྟེ་དགེ་བ་གསོ་ཞིང་རྒྱས་པར་བྱེད་པ་ལ་བྱ། དྷ་ནི་དྷ་བ་ཏི་ཤུདྡྷོ་ཞེས་བྱ་སྟེ། རྒྱུག་པའམ་དག་པར་བྱེད་པ་ལྟ་བུ་ལ་བྱ། སྤྱིར་ན་དུས་དྲུག་ཏུ་ཁྲིམས་བརྒྱད་ནོད་པ་དང་། དགེ་སློང་ཁྲིམས་ཀྱི་ཡན་ལག་ཉམས་པ་རྣམས་གསོ་ཞིང་སྦྱོང་བའི་མིང་སྟེ་གསོ་སྦྱོང་ཞེས་བྱ། བརྐོ་པ་ན་ཡི་ཀ་ཞེས་བྱ་བ། ཨུ་པ་ན་ཡ་ཏི་པ་ཕྲ་བ་ཡ་ཏི་ཞེས་བྱ། བརྐོ་ནི་དབྱར། ཨུ་པ་ནཱ་ཡི་ཀཱ་ནི་ཕྲད་པར་བྱེད་པ་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་དགེ་འདུན་ལས་སུ་བསྒོ་བ་དང་ཁྲིམས་སུ་བྱ་བ་དང་མལ་ཆ་བསྒོ་བ་ལ་སོགས་པ་བྱས་ནས་ཚེས་བཅུ་དྲུག་ལ་དབྱར་གནས་པར་བྱིན་གྱིས་རློབ་པའི་ཆོ་ག་བྱེད་པ་དང་། སྦྱོར་བས་ན་སྦྱོར་ཞིང་གནས་པར་དམ་འཆའ་བའི་མིང་སྟེ། དབྱར་སྦྱོར་ཞེས་བྱ། བཅོ་པ་ག་ཏཾ་ཞེས་བྱ་བ་བ་རི་ཥ་ནི་དབྱར། ཨུ་པ་ག་ཏི་ནི་ཁས་ལེན་པ་སྟེ། གཙུག་ལག་ཁང་གནས་དེ་ནས་གུད་དུ་མི་འཕགས་པར་གནས་པར་དམ་འཆའ་བའི་ཆོ་ག་བྱ་བའི་མིང་སྟེ། དབྱར་གནས་པར་དམ་བཅས་པ་ཞེས་བྱ། པྲ་བཱ་ར་ཎཾ་ཞེས་བྱ་བ་པྲ་མུཀྟ་པ་ར་ཎ་


JKT017_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། དབྱར་གནས་པར་དམ་བཅས་པའི་ཚེ་ཐོས་པ་དང་། མཐོང་བ་དང་། དོགས་པས་རྒོལ་ཞིང་རྩོད་དུ་མི་གནང་བ་ལས་སྐབས་ཕྱེ་བས་དགག་དབྱེ་ཞེས་བྱ། ཀ་ཐི་ནཱ་སྟ་ཞེས་བྱ་བ་ཀ་ཐི་ན་ནི་སྲ་བ་སྟེ་ཆོས་གོས་མི་འཁུམ་པར་བརྐྱང་བའི་གཏན་པ་དང་འདྲ་བས། ཆོས་གོས་སུམ་ཕྲུགས་གཅིག་ལ་བྱིན་གྱིས་བརླབས། །དགེ་འདུན་དབྱར་གནས་པར་དམ་བཅས་པ་རྣམས་ཀྱིས་ཆོས་གོས་ཟླ་བ་ལྔ་པའི་བར་དུ་ལྷག་པ་བྲལ་བ་དང་། ཁ་ཟས་སྔ་དྲོ་ཡང་དང་ཡང་ཟ་བ་དང་། སོ་སོར་འདུ་ཞིང་ཟ་བ་ལ་སོགས་པ་ལྟུང་བར་མི་འགྱུར་བར་བརྟན་པར་ཐུབ་ཅིང་བག་བརྐྱང་པའི་མིང་སྟེ་སྲ་བརྐྱང་ཞེས་བྱའོ།། །།ཨ་སྟར་ནི་ཆོས་གོས་བཀྲམ་པའམ་བཏིང་བ་དང་འདྲ་བར་ཀུན་ལ་ཁྱབ་པའི་མིང་སྟེ་བཏིང་བ་ཞེས་བྱ་བ་ལ། བསྡུས་ནས་སྲ་བརྐྱང་བཏིང་བར་བཏགས། །ཞེས་དང་། ཛམ་བུ་དཱི་པ་ཞེས་བྱ་བ་ཛམྦུ་ནི་ལྷོ་ཕྱོགས་ཀྱི་གླིང་འདིའི་བྱང་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ན་ཤིང་ཆེན་པོ་ཛམྦུ་ཞེས་བྱ་བ་ནི་ཤིང་ཏོག་རྫ་མ་ཙམ་ཆགས་པའི་འབྲས་བུ་ཆུའི་ནང་དུ་ལྷུང་བ་རྣམས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་དེ། དེ་ལ་མཚན་མར་བཙུགས་ཏེ་མིང་དུ་བཏགས་པས་ན་ཛམྦུའི་གླིང་ཞེས་བཏགས། ཞེས་དང་། །གཞན་ཡང་ལྷ་གནས་ཀྱི་བྱེ་བྲག་སོགས་ངེས་ཚིག་ཤིན་ཏུ་མང་བར་འབྱུང་ངོ་། །ཡང་། འཇལ་དཀའ་བ་རྣམས་ཀྱང་ཚིགས་སོ་སོར་ཕྲལ་ནས་


JKT017_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པར་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙན་པོའི་སྤྱན་སྔར་བ་ན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་ཚོགས་ཏེ། རྗེ་བློན་གདན་འཛོམས་ལ་ཞུས་ནས་དྷརྨཱ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ་དང་། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག །དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོལ་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེན་མ་བསྣོལ་བར་བསྒྱུར་ཅིག །བསྣོལ་ན་བདེ་ཞིང་གོ་བ་བསྐྱེད་པ་ཅིག་ཡོད་ན། ཚིགས་སུ་བཅད་པ་ནི་རྩ་བ་བཞི་པའམ། དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོལ་ཞིང་བསྒྱུར་ཅིག །རྐྱང་པ་ལ་ནི་དོན་གང་ལ་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་གར་བདེ་བར་བསྣོལ་ཞིང་བསྒྱུར་ཅིག །སྐད་ཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གོ་ཏ་


JKT017_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ལྟ་བུ་གོའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་དུ་མར་སྙེགས་པ་དང་། ཀོ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། །པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲང་ཞིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་མེད་པའི་གཏན་ཚིགས་ཆེན་པོ་རྣམས་ནི་མི་བསྒྱུར་བར་རྒྱ་སྐད་སོན་ཞོག་ཅིག །གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་འགྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག །ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་སྐྱིར་བསྒྱུར་དུ་རུང་བ་དོན་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་བོ་ཡུ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་སྐད་སོན་ཞོག་ཅིག །གྲངས་ལ་རྒྱ་གར་སྐད་བཞིན་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་བ་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་དེ་གྲངས་བསྡོམ་དུ་རུང་བ་རྣམས་བོད་


JKT017_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །པ་རི་དང་། ས་མུ་དང་། ཨུ་པ་ལྟ་བུ་ལ་སོགས་ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་སྦྱོར་བའི་ཐབས་ནི། ཡོངས་སུ་ཞེ་འམ། ཡང་དག་པ་ཞེ་འམ། ཉེ་བ་ཞེས་སྒྲ་བཞིན་དུ་བསྒྱུར་ཅིག །དོན་ལྷག་པར་སྙོགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ། །འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པར་ཞེས་དང་ཀོ་ལོང་གི་ཚིག་རིམས་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་ལོ་ཙཱ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་བསྒྱུར་ཅིག །སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ནའང་། སོ་སོའི་གྲྭ་གྲྭར་མིང་ཆད་པར་མི་གདགས་བར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་


JKT017_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ཏེ། །ཞེས་སོགས་གསུངས། ༈ །ཡང་། ད་ཤ་བྷཱུ་མི་ཞེས་པ་ས་བཅུ་ཡིན་ཏེ། ས་གོང་མའི་ཡོན་ཏན་ཐོབ་པར་བྱ་བའི་རྟེན་དུ་འགྱུར་ཞིང་། ས་དེ་ཉིད་ཡོན་ཏན་གྱི་གཞི་ཡིན་པས་ན་ས་ཞེས་བྱ། ས་དང་པོ་པྲ་མུ་དི་ཏ་ཞེས་བྱ་བ་ནི་དོན་ཆེན་པོ་སྔོན་འདྲིས་པ་མ་ཡིན་པའི་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང་། བྱང་ཆུབ་དང་ཉེ་ཞིང་སེམས་ཅན་མང་པོའི་དོན་སྒྲུབ་པར་གཟིགས་ནས་དགའ་བ་རླབས་པོ་ཆེ་སྐྱེ་བས་རབ་ཏུ་དགའ་བ་ཞེས་བྱ། ས་གཉིས་པ་ནི་བི་མ་ལ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བའི་ལྟུང་བ་ཕྲ་མོ་ཡན་ཆད་བྱང་པས་ན་དྲི་མ་མེད་པ་ཞེས་བྱ། ས་གསུམ་པ་པྲ་བྷ་ཀ་རི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་ཐོབ་པས་ན་འོད་བྱེད་པ་ཞེས་བྱ། ས་བཞི་པ་ཨ་རྩི་དཥྛ་ཏི་ཞེས་བྱ་བ་ནི། ཉོན་མོངས་པ་བསྲེགས་པ་བྱང་ཆུབ་ཕྱོགས་ཀྱི་མེའི་འོད་འཕྲོ་བས་འོད་འཕྲོ་བ་ཅན་ཞེས་བྱ། ས་ལྔ་པ་སུ་རུ་རྫ་ཡ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པའི་


JKT017_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བདེན་པ་བཞི་བསྒོམ་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་སྦྱངས་ཞིང་བསྒོམ་པ་ཤིན་ཏུ་དཀའ་བས་ནས་དེ་ནོན་པར་དཀའ་བའམ་བསྒྲུབ་པར་དཀའ་བ་ལ་བྱ་སྟེ། ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ། ས་དྲུག་པ་ཨ་བྷི་མུ་ཁི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ལ་མི་གནས་ཤིང་མཚན་མ་མེད་པ་ལ་རང་གི་ངང་གིས་འཇུག་པའི་ཡེ་ཤེས་ལ་མངོན་དུ་གནས་ཤིང་མངོན་དུ་གཟིགས་པས་ན་མངོན་དུ་གྱུར་པ་ཞེས་བྱ། ས་བདུན་པ་དུ་རཾ་ག་མ་ཞེས་བྱ་བ་མཚན་མ་མེད་པ་ལ་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་དང་ཉེ་ཞིང་རིང་དུ་ཕྱིན་པས་ན་རིང་དུ་སོང་བ་ཞེས་བྱ། ས་བརྒྱད་པ་ཨ་ཙ་ལ་ཞེས་བྱ་བ་མཚན་མའི་འདུ་ཤེས་དང་མཚན་མ་མེད་པར་རྩོལ་བའི་འདུ་ཤེས་གཉི་གས་བསྐྱོད་པར་མི་ནུས་པས་མི་གཡོ་བ་ཞེས་བྱ། ས་དགུ་པ་སུ་མ་ཏི་ཞེས་བྱ་བ་སོ་སོ་ཡང་དག་པར་རིག་པ་བརྙེས་པས་བློ་གྲོས་གཞན་ལས་ཁྱད་པར་འཕགས་པ་ཡིན་ཏེ་ལེགས་པའི་བློ་གྲོས་ཞེས་བྱ། ས་བཅུ་པ་དྷརྨ་མ་གྷ་ཞེས་བྱ་བ་ནི་གཟུངས་དང་ཏིང་ངེ་འཛིན་ཀུན་ལ་ཡང་སྤྲིན་དང་འདྲ་བར་ཁྱབ་ཅིང་ཐོས་པའི་ཆོས་ནམ་མཁའ་དང་འདྲ་བ་ལ་སྤྲིན་བཞིན་དུ་ཁྱབ་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ། སངས་རྒྱས་ཀྱི་ས་ས་མནྟ་པྲ་བྷ་བུདྡྷ་བྷ་མི་ཞེས་བྱ་བ་ནི་འོད་


JKT017_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་མང་པོ་བཀྱེ་བས་འདུལ་བའི་སེམས་ཅན་ཐམས་ཅད་སྨིན་པར་མཛད་ཅིང་ཆོས་ཀྱི་སྣང་བ་འོད་དང་འདྲ་བས་ཐམས་ཅད་གསལ་བར་བྱས་པས་ན་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་བྱ། ཞེས་དང་། ཤཱི་ལ་ཞེས་བྱ་བ་ཤཱ་ལ་ས་མཱ་རྡོ་ཞེས་འབྱུང་སྟེ། ལེགས་པར་སྤྱོད་པ་ལ་ཞུགས་ཤིང་ཚུལ་ཁྲིམས་དམ་པོར་བསྲུངས་པས་མི་དགེ་བ་སྤངས་པའི་མིང་ལ་བྱ། ཡང་གཅིག་ཏུ་ན་ཤཱི་ཏ་ལ་ཏཱ་ཙཱིལ་ཞེས་ཀྱང་བྱ་སྟེ། ཉོན་མོངས་པའི་གདུང་བ་ཞི་ཞིང་བསིལ་བར་གྱུར་པའི་མིང་ཡང་ཡིན་ཏེ། དངོས་སུ་ན་ངང་ཚུལ་གྱིས་མི་དགེ་བ་ལ་མི་སྤྱོད་ཅིང་ཁྲིམས་སྲུང་བའི་མིང་སྟེ་ཚུལ་ཁྲིམས་ཞེས་བྱ། ས་མ་ར་ཞེས་༡༥བྱ་བ་ལུས་དང་ངག་དང་ཡིད་གསུམ་མི་དགེ་བ་མི་བྱེད་དེ་སྡོམ་ཞིང་སྲུང་བའི་མིང་ཡང་ཡིན་པས་ན་སྡོམ་པ་ཞེས་བྱ། ཞེས་དང་། བོ་དྷི་ནི་བྱང་ཆུབ། པཀྵ་ནི་དེའི་རྗེས་སུ་མཐུན་པའམ་ཕྱོགས་སུ་གྱུར་བ་ལ་བྱ་སྟེ། དྲན་པ་ཉེ་བར་བཞག་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སུམ་ཅུ་རྩ་བདུན་ཡོད་པ་འདི་བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་བས་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ། ཞེས་གསུངས་སོ། །འདི་དག་སྐོར་ལ་ངེས་ཚིག་གི་བཤད་པ་ཤིན་ཏུ་མཁོ་བར་ཡོད་པས་ནན་ཏན་དུ་བྱོས་ཤིག །ཅོ། སྨྲ་བྱེ་བྲག་ཏུ་རྟོགས་བྱེད་ཅེས་བྱ་བ་མིང་གི་རིམ་༡༣༠པ་སྣ་ཚོགས། སྒྲ་སྦྱོར་༡ ༣༡བམ་པོ་གཉིས་པ་ཞེས་ཁྲི་ལྡེ་སྲོང་བཙན་


JKT017_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིང་ལ་གཏན་༡༦༠དུ་ཕབས་པ། བྱ་ཀ་ར་ཎ་༡༦༠རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ། །ཞེས་སུམ་ཅུ་པ་དང་། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ། །ཞེས་རྟགས་ཀྱི་འཇུག་པ་སྟེ་སློབ་དཔོན་ཨ་ནུས་༡༦༠མཛད་པ། གནས་༡༦༣བརྒྱད་ཆེན་པོའི་རྩ་བ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པ་དང་། དེའི་༡༠༣། བཀའ་༡༧༣ཡང་དག་པའི་ཚད་ས་མདོ་བཏུས་པ་ཞེས་རིགས་པ་བཞིའི་ལམ་ནས་སངས་རྒྱས་ཀྱི་བསྟན་པ་སྒྲུབ་པས་བསྔགས་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་༢༠༥པ་ལེའུ་བཅོ་ལྔ་པ། ཤེར་སྙིང་འགྲེལ་པ་༢༠སྔགས་སུ་བཀྲལ་བ་ཕྱི་ནང་གསང་བའི་རྣམ་དཔྱོད་ཤྲཱི་སེདྷའི་མན་ངག་བཱ་རོས་༣༠༧བསྡུས་པ། རིན་པོ་ཆེ་རྩོད་༡༠༠པའི་འཁོར་ལོ་ཞེས་ཨོ་རྒྱན་ཡུལ་ནས་ཤེལ་གྱི་ཁྱེའུ་ཆུང་། །ཡོན་ཏན་སྟོབས་ལྡན་གྱིས་བེ་རོར་སྩལ་ནས། དེས་ཁྲི་སྲོང་གི་ཞུས་ངོར་སྩལ་བ་ལེའུ་བཅུ་༢༢༦བདུན་པ། གདམས་ངག་གཅེས་པ་བསྡུས་༢༦པའི་འཕྲིན་ཡིག་བཙུན་པ་དཔལ་དབྱངས་ཀྱིས་བོད་ཀྱི་རྒྱལ་བློན་ལ་བསྐུར་བ་༢༣༦། ལྟ་བའི་རིམ་པ་བཤད་པ་ཞེས། ཐུན་མོང་ལྷ་མི་དང་། ཕྱི་རོལ། ནང་པའི་ཐེག་པ་རིམ་དགུའི་ལྟ་བ་བཅས་མ་འདྲེས་ཡོངས་རྫོགས་སུ་བཤད་པ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པ་༣༣༨།


JKT017_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རིན་པོ་ཆེའི་གཏམ་༢༣༨རྒྱུད་དང་ཤཱཀྱའི་རབ་རྒྱུད་ཅེས། དཀོན་མཆོག་གི་ཟ་མ་ཏོག་དང་། བསམ་གྱིས་མི་ཁྱབ་པ་བསྟན་པ་སོགས་མདོ་སྡེ་སྣ་ཚོགས་ལས་བཏུས་པའི་ལུང་འདྲེན་སྐ་བ་དཔལ་བརྩེགས་རཀྵི་ཏས་བསྡེབས་༣༧༧པ་རྣམས་སོ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས། ཡེ་ཤེས་མཐའ་ཡས་པ་ནི་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་བཟོ་གནས་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །


previousསྒྲ་སྦྱོར་བམ་པོ་གཉིས་པ།next