Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
སྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ།next

སྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ།


JKT017_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། །།


JKT017_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷེ་ཥ་ཚེ། མཚན་སྙན་ཟླ་ཤེལ་གསར་པ་བཞུ་བའི་རྒྱུན། །ཐོས་འཛིན་ཀུནྡའི་འཇོ་སྒེག་གིས་བཏུད་པས། །དུག་གསུམ་གདུང་བ་རིང་བཅིལ་ཕན་དང་བདེའི། །ལང་ཚོ་གསར་དུ་བཞད་དེས་ཤིས་པར་སྐྱོངས། །སྲོག་རླུང་ནད་ལ་རྒྱུ་རྐྱེན་བརྟགས་ཚུལ་དང་། །བཅོས་ཐབས་རྗེས་གཅོད་རྣམ་པ་ལྔ་ཡིས་བསྟན། རྒྱུ་ནི་མ་རིག་ལས་བྱུང་འདོད་ཆགས་ཀྱིས། །བསྐྱེད་པའི་རླུང་ནད་ཐ་མལ་གནས་པ་ཉིད། །སློང་རྐྱེན་མྱ་ངན་སེམས་ལས་མི་སྙན་གཏམ། །མཚན་གཉིད་མེད་དང་འཇིགས་པའི་བྱ་སྤྱོད་སོགས། །ཡིད་ལ་འཁྲུགས་པ་སྟེར་བའི་ཕྱོགས་ཀུན་དང་། །ཁྱད་པར་འབྱུང་གདོན་སྤྱི་དང་རྒྱལ་པོ་ཡིས། །རྒྱབ་བརྟེན་བྱས་ནས་མངོན་ཚུལ་སྣ་


JKT017_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྟོན། །རྟགས་ནི་རྩ་རྒྱུད་སྟོང་ཞིང་རྐྱལ་བ་ལ། །སྐད་ཅིག་ཙམ་ཡང་མི་གནས་འགྱུར་ལྡོག་མང་། །ཆུ་མདོག་སྔོ་ཞིང་ཅུང་ཟད་དམར་པའི་མདངས། །སྒྲ་བཅས་སྡུ་བ་མྱུར་ཡལ་ཁྱད་པར་དུ། །དབུས་སུ་མེ་ཏོག་སྲན་ཙམ་རྒྱུན་དུ་འབྱུང་། །དྲི་བ་ཟས་རྩུབ་སྨྱུང་དང་གཏམ་གྱིས་སློང་། །ཡིད་མི་བདེ་ཞིང་རྒྱུ་མེད་འཇིགས་སྐྲག་འཆར། །གཉིད་ཆུང་ལུས་འདར་རྨི་ལམ་ཟ་ཟི་མང་། །དབུགས་སྡུད་འབྱིན་པར་དཀའ་ཞིང་རྡུལ་མང་འབྱུང་། །བཅོས་ཐབས་སྨན་སྔགས་ཟས་སྤྱོད་རྣམ་པ་བཞི། །དང་པོ་སྒ་སྐྱ་ཛཱ་ཏི་ཁ་རུ་ཚྭ། །གོ་སྙོད་ལི་ཤི་ཤིང་ཀུན་པི་པི་ལིང་། །རུས་བཅུད་རྣམ་གསུམ་ཚད་ལྡན་སྦྱར་བ་ཉིད། །གར་ཆང་གདུས་ཐང་དགོངསཾ་དང་ཐོ་


JKT017_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རངས་སུ། །རིམ་པར་ཆ་བསྐྱེད་བཏང་ལ་རྡུལ་མང་དབྱུང་། ཡང་ན་སྒྲ་དང་ཤིང་ཀུན་གསང་བའི་སྨན། །གདུས་ཐང་ཁ་རུ་ཚྭ་བཏབ་རླུང་དུས་བསྟེན། །དེ་རྗེས་ཕྱེ་མའི་སྦྱོར་བ་ཨ་གར་དང་། །ཛཱ་ཏི་སྙིང་ཞོ་ཅུ་གང་སྤོས་དཀར་དང་། །རུ་རྟ་ཨ་རུ་སྦྱར་བ་ཕྱི་རྒྱུད་ཀྱི་ཨ་གར་བརྒྱད་པ། བརྒྱད་པ་ཡིན། །དེ་སྟེང་ལི་ཤི་ཤ་ཆེན་ཤིང་ཀུན་བསྣན། །སྲོག་འཛིན་བཅུ་གཅིག་ཞེས་གྲགས་སུ་འགྱིང་དང་། །སྙིང་ག་རྩིབས་ལོགས་གཟེར་ཆེན་དབུགས་མི་ཐོན། །དེ་སོགས་སྟོད་གཟེར་སྨོ་ལྷག་ནད་ལ་བསྔགས། །ཡང་ན་ཙན་དན་གི་ཝཾ་ལི་ཤི་དང་། །བསེ་ཡབ་གུར་གུམ་མ་ན་རི་བོང་སྙིང་། །བསེ་རུ་ཉ་ཕྱིས་ཀོ་བྱི་འབྲི་ཏ་དང་། །སྐྱུ་རུ་བསྣན་པའི་ཉི་ཤུའི་སྦྱོར་བ་འདིའི། །རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་རིགས། །དྷཱ་ཏཱིར་རླུང་ཞུགས་སྨྱོ་འབོག་བརྒྱལ་བ་དང་། །ཡན་ལག་རེངས་དང་ཞ་སྦྲིད་གཟེར་བ་སོགས། །གསོ་དཀའི་ནད་རྣམས་སེལ་བའི་བདུད་རྩི་ཡིན། །ཤིན་ཏུ་གཟེར་ཆེ་ཨ་གར་སྙིང་ཞོ་ཤ །ཙནྡན་དཀར་དམར་ཛཱ་ཏི་སྲོ་ལོ་དཀར། །ཅུ་གང་གུར་གུམ་སྦྱར་བའི་ཕྱེ་མ་བསྟེན། སྦྱོར་སྡེ་འདི་ལ་དྲང་སྲོང་ཨར་བརྒྱད་ཟེར། །གཞན་ཡང་ཀོ་བྱི་རུ་རྟ་ཨ་གར་ནག །ཅུ་གང་གུ་གུམ་གསེར་མདོག་སྤོས་དཀར་སྦྱར། །བདུན་པོའི་སྦྱོར་བས་ཁྲག་ངན་སྟོད་རྒྱས་དང་། །དབུགས་འཐུམ་འགྲམ་འཁྲུགས་སྟོད་


JKT017_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་ནད་ལ་བསྔགས། །ཡང་ན་ཀོ་བྱི་གསེར་མདོག་ཨ་གར་ནག །ཅུ་གང་རུ་རྟ་སྤོས་དཀར་ཛཱ་ཏི་སྦྱར། །ཆང་གིས་ཕུལ་བཏང་དཔུང་མིག་སྒྲོག་རུས་གཟེར། །ངན་ཁྲག་སྟོད་འཕེལ་ཤིན་ཏུ་ཟུག་པ་སེལ། །དེ་སྟེང་གཟེར་འཇོམས་སྙིང་ཞོ་སྒང་ཐོག་འབྲུ། །ཏོང་ཀུན་ཤ་ཆེན་ལི་ཤི་ཁ་རུ་ཚྭ། །རི་བོང་ཙིཏྟ་བསྣན་པའི་བཅོ་ལྔ་པས། །སྙིང་རླུང་གཉིད་ཆེ་སྨྱོ་འབོག་བརྒྱལ་བ་དང་། །མགོ་གཟེར་གཟའ་ནད་སྙིང་ལ་བབ་པའང་སེལ། །ཛཱ་ཏི་ཨ་རུ་སྤོས་དཀར་ཨ་གར་ནག །གི་ཝཾ་ཤིང་ཀུན་བཟང་དྲུག་ཙནྡན་གཉིས། །བར་སྐྱུར་སྙིང་ཞོ་གོ་སྙོད་ལི་ག་དུར། །སེང་ལྡེང་སྒོག་སྐྱ་ནུས་བསྲེགས་ཕྱེ་མ་ནི། །དགོངས་དང་ཐོ་རངས་ཆང་གིས་ཕུལ་ལ་བཏང་། །སྙིང་སྲོག་གཟེར་ནད་ཀུན་གྱི་གཉེན་པོ་སྟེ། །འཕགས་ཡུལ་པཎ་ཆེན་བི་མ་མི་ཏྲའི་ལུགས། །ལི་ཤི་ཛཱ་ཏི་གུ་གུལ་ཨ་གར་ནག །སྙིང་ཞོ་རུ་རྟ་གེ་སར་སྤོས་དཀར་དང་། །ཅུ་གང་ཤུ་དག་གི་ཝཾ་ཙནྡན་དམར། །ཤ་ཆེན་ལན་ཚྭ་སྒ་སྐྱ་པི་པི་ལིང་། །ཤང་དྲིལ་མེ་ཏོག་སྦྱར་བའི་སྨན་མཆོག་འདི། །སྲོག་རླུང་འཇོམས་པའི་རྡོ་རྗེ་ཞེས་བྱ་སྟེ། །གྲིབ་གདོན་རྒྱུ་ལས་བྱུང་བའི་རིགས་ཀུན་འཇོམས། །ཚབ་ཆེ་རི་བོང་ཙིཏྟ་བསྣན་པ་བསྔགས། །གུ་གུལ་ལི་ཤི་སྙིང་ཞོ་ཙན་དན་གཉིས། །ཛཱ་ཏི་ཨར་ནག་སྤོས་དཀར་གེ་སར་གསུམ། །ཅུ་གུར་རུ་རྟ་གི་


JKT017_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་གླ་རྩི་དང་། །འབྲས་གསུམ་གསང་སྨན་ཀ་ར་སྦྱར་བ་ཡིས། །སྙིང་ཚད་སྙིང་གཟེར་སྨྱོ་འབོག་ཚོགས་སྦྱོར་སྡེ་འདི་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་མ་ནས་བྱུང་། ཀུན་སེལ། །ཁྱད་པར་རིལ་བུའི་སྦྱོར་བ་ཟབ་མོ་ནི། སྦྱོར་སྡེ་འདི་ལ་སེམས་ཀྱི་བདེ་སྐྱིད་ཟེར། མཁལ་ཞོ་ཨར་ནག་ཛཱ་ཏི་ལི་ཤི་དང་། །ཤིང་ཀུན་རུ་རྟ་སྙིང་ཞོ་ཚ་བ་གསུམ། །སྨན་ཆེན་འབྲི་ཚིལ་ཁ་རུ་ཚ་རྣམས་སྦྱར། །ཚབ་ཆེ་རི་བོང་ཙིཏྟ་གྲི་སྙིང་སོགས། །སྙིང་སྣ་གང་འཛོམ་ཁ་ཚར་ལེགས་གདབ་སྟེ། །བུར་སྨུག་སྦྱར་བ་རིལ་བུ་སྲན་ཙམ་དྲིལ། །ན་ཚོད་སྟོབས་དང་བསྟུན་ཏེ་དགོངས་ཐོ་རངས། །ཤ་མར་བུར་རྙིང་ཆང་རྒན་གདུས་པས་དབུལ། །ཕན་ཡོན་རླུང་ནད་སྤྱི་དང་ཁྱད་པར་དུ། །སྲོག་རྩར་རླུང་ཞུགས་སྙིང་འཕྱོས་ཡིད་མི་བདེ། །འཕྱོ་འདར་སྨྱོ་ལྐུགས་ཀུན་ལ་བདུད་རྩིར་མཚུངས། །ཨ་རུ་ཤ་ཆེན་ཚི་གུ་སྤངས་པ་བཞི། །དེ་དང་ལྗིད་མཉམ་ཤུ་དག་པི་པི་ལིང་། །ལི་ཤི་རུ་རྟ་ཁ་རུ་ཚ་བཅས་པ། །ཀུན་མཉམ་བི་ཥའི་རྩ་བ་དེ་ཀུན་དང་། །མཉམ་པའི་ཛཱ་ཏི་དེ་བཞིན་གསང་བའི་སྨན། །གཙོ་བོའི་ལྗིད་མཉམ་ལོ་བརྒྱད་ཨེ་ཀྲོ་ཡིས། །འདམ་བཏགས་བུར་སྨུག་གིས་གདུས་རིལ་བུར་དྲིལ། །སྨན་ནད་ཐོན་ཙམ་དགོངས་དང་ཐོ་རངས་བསྟེན། །སྙིང་སྲོག་ནད་རིགས་སྤྱི་དང་བྱེ་བྲག་ཏུ། །སྨྱོ་འབོག་སེལ་བའི་བདུད་རྩི་དམ་པ་ཡིན། །ཁྱད་པར་གསང་


JKT017_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྒྱལ་པོ་གཙོ་བོ་ལ། །དངུལ་ཆུ་ཛཱ་ཏི་མུ་ཟི་བསྣན་པ་ཉིད། །ལོ་བརྒྱད་དྲི་ཆུ་མི་བསྐྱོད་པ་ཡིས་འདམ་བཏགས་བྱ། །དེ་སྟེང་བཙན་དུག་ཤིང་ཀུན་གེ་སར་དང་། །ཞོ་ཤ་རི་བོང་ཏེ་ལོ་གཡག་རྒོད་སྙིང་། །ཡུངས་ཀར་ཤུ་དག་གླ་རྩི་ཨ་རུ་ར། །རུ་རྟ་སྤོས་དཀར་སྒང་ཐོག་ཨ་གར་ནག །ཚེར་སྔོན་གུལ་ནག་ཀོ་བྱི་ཁ་རུ་ཚྭ། །མངལ་ཁྲག་ནུས་ལྡན་རྣམ་སྣང་བཅས་པ་ཡིས། །སྦྱོར་བ་ཉེར་ལྔའི་རིལ་བུ་ཚད་ལྡན་སྦྱར། །སྨན་ནད་ཐོན་ཙམ་ལན་འགའི་བར་དུ་བཏང་། །འདིས་ནི་གདོན་བྱེར་བགེགས་འདུལ་སྲོག་རླུང་འཇོམས། །ལུས་ཀྱི་བཅུད་རྒྱས་རྣམ་རྟོག་བག་ལ་ཕེབས། །གཉིད་ཡེར་འགུག་ཅིང་ཁྲག་གིས་གཟེར་སྟོབས་འབྲི། །ཁྱད་པར་སྟེང་འོག་འབྱུང་པོའི་གདོན་ཀུན་འཇོམས། །སྙན་རྒྱུད་སྙིང་གི་ཐིག་ལེའི་མན་ངག་གོ །ཡང་ན་ཨར་ནག་ཛཱ་ཏི་སྙིང་ཞོ་ཤ །ཤིང་ཀུན་ཁ་རུ་ཚྭ་དང་སུག་སྨེལ་རྣམས། །ཐུན་རེ་ལང་ཐང་རྩེ་ནི་ཉིས་འགྱུར་དང་། །ཤ་ཆེན་མཐེབ་ཙམ་སྦྱར་བའི་ཕྱེ་མ་ནི། །ནུ་ཞོས་རིལ་བུ་དྲིལ་ཏེ་ཆང་གིས་ཕུལ། །འདིས་ཀྱང་སྲོག་རླུང་ནད་ཀུན་ངེས་པར་འཇོམས། །ཁྱུང་སྟེང་གསང་སྨན་ཛཱ་ཏི་ལི་ཤི་བཅས། །སྦྱོར་བའི་རིལ་བུ་གསང་ཏེ་གཏོང་བ་ཡི། །གདོན་སྟོབས་ཆེ་དང་གསོ་དཀའི་རིགས་ཀུན་སེལ། །སྙིང་ཞོའི་སྨན་མར་ཤིང་ཐོག་རྒྱལ་པོ་ནི། །བརྒྱ་ཕྲག་


JKT017_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མམ་མ་འབྱོར་བཅུ་ཕྲག་ལྔ། །ཆུ་བྲེ་གསུམ་ལ་བྲེ་གང་བར་དུ་གདུས། །དྭང་མ་ལེགས་བཞུར་འབྲིའོ་ཕུལ་དོ་དང་། །མར་སྲང་བདུན་ཕྲག་རུས་སྣ་གདུས་པ་ཡིས། ཁུ་བ་ཕུལ་གང་བུ་རམ་སྲང་དགུ་བཅས། །བཏབ་དཀྲུག་གར་སླ་ཞོ་ཙམ་སོང་བའི་དུས། །སྤོས་དཀར་རུ་རྟ་སྒོག་སྐྱའི་ཐལ་བ་གསུམ། །ཤིང་ཀུན་ཏང་ཀུན་ཁ་རུ་ཚྭ་དང་གསུམ། །བ་ཥ་དར་མའི་གྲི་སྙིང་ཚེར་སྔོན་གསུམ། །དབང་པོ་ལག་པ་ཤུག་ཚེར་ཀོ་བྱི་གསུམ། །པི་པི་ལིང་དང་ཕོ་རིལ་བཅའ་སྒྲ་གསུམ། །གོ་སྙོད་ཀ་ར་སྦྲང་རྩི་རྣམ་པ་གསུམ། སྦྱར་བའི་གྱད་རིགས་ཉི་ཤུ་རྩ་གཅིག་པོ། །གོང་དང་བསྲེས་ཏེ་ཐོ་རངས་དུས་སུ་བསྟེན། །སྲོག་རླུང་ནད་ལ་སླེབས་ཆོག་བདུད་རྩི་ཡིན། །ཛཱ་ཏིའི་སྨན་མར་ཨ་རུའི་ཁུ་བ་ཉིད། །ལེགས་པར་བཞུར་ཏེ་འབྲི་མར་འོ་མ་བསྲེ། །དེ་སྟེང་སྣ་མའི་འབྲས་བུ་ཁ་རུ་ཚྭ། །ཤིང་ཀུན་སྦྱར་བའི་ཞིབ་བཏགས་ཁ་ཚར་གདབ། །ཡུན་དུ་བསྟེན་པས་ནད་སེལ་བཅུད་ལེན་འགྱུར། །གཞན་ཡང་གསང་སྔགས་འབྲུ་བཅུ་བསྲེག་ཐལ་ལ། སྨྱུ་གུ་རྒུམ་གི་ཝཾ་གྲི་ཤ་སྦྱར་བ་ཉིད། །སྲོད་དང་ཐོ་རངས་ཆང་གིས་ཕུལ་ལ་བཏང་། །ཡང་ན་དཔའ་བོ་འབྲུ་ལྔ་པ་སྨཱ །སིནྡྷ་ར་དང་ཁ་ཆེའི་རྫས་ཀྱི་བྱུག །གྲི་ཤ་བི་ཥས་དྲིལ་ལ་བདུན་བདུན་བཟའ། །བཞིན་ཐོ་རངས་དུས་སུ་ཡིག་འབྲུ་འདི། སྒྱུ །


JKT017_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་རྫས་དང་སྦྱར་ཏེ་ཁོང་དུ་བཏང་། །སྲོག་རླུང་སྨྱོ་འབོག་ནད་རྣམས་སེལ་བར་བྱེད། །ཁ་ཟས་དྲོད་བཅུད་བསྟེན་ཞིང་བསིལ་བ་སྤངས། །སྤྱོད་ལམ་གོས་དྲོ་བག་ཕེབས་དལ་བར་སྡོད། །མི་སྙན་ཚིག་སྤངས་མཐུན་པའི་གྲོགས་ཀྱང་བསྟེན། །རྗེས་སུ་སེ་འབྲུ་ཤིང་ཚ་པི་པི་ལིང་། །སུག་སྨེལ་གུ་རྒུམ་ཕྱེ་མས་མེ་དྲོད་གསོ། །ཡང་ན་གོང་གི་སྲོག་འཛིན་སེམས་ཀྱི་བདེ་སྐྱིད་ལ་བསྣན་ཡང་ཆོག་བརྒྱད་པའི་སྟེང་། །གསང་སྨན་ཁ་ཚར་བསྣན་པ་དག་ཀྱང་བསྔགས། །ཁྱད་པར་དྲུག་བདུན་བྲང་གཞུང་དཀར་ནག་མཚམས། །བྱ་རོག་མིག ཚིགས་པ་དང་ཨན་སྟོང་དང་པོ་སོགས། །རླུང་གསང་སྤྱི་དང་སྙིང་སྲོག་གཟེར་ཆེ་ན། །ནུ་མའི་ཕྱོགས་བཞིར་ཕྱིར་ཚོན་གང་ལ་བསྲེག །ཡང་ན་རྒྱབ་མདུན་གཟེར་རྣམས་བུམ་པས་དྲངས། །ཁྲག་མཁྲིས་རྟགས་ཡོད་སྣོད་ཀ་ཅུང་ཟད་གཏར། །གཞན་ཡང་མགོ་བོ་གཟེར་ན་སྡུད་སྒོ་བཞིར། །གསེར་གྱི་ཏེལ་པས་སྲུང་སོགས་རིག་མདས་བསྣུན། །ནད་གཞན་འདྲེས་ན་དེ་ཡི་ཁ་འཛིན་དང་། སྦྲགས་ཏེ་གོང་གི་ཞི་བྱེད་ཚོགས་རྣམས་སྦྱར། །དེ་ཡི་གདུག་པ་སྲོག་རླུང་དག་ལས་གྲོལ། །གཞན་ཡང་སྙིང་འཕྱོས་ནད་ལ་རྒྱུ་དང་ནི། །བརྟག་ཚུལ་བཅོས་ཐབས་རྗེས་གཅོད་རྣམ་པ་བཞི། །རྒྱུ་ནི་སེམས་འཁྲུགས་མྱ་ངན་ཡིད་མི་བདེ། །ལྟོ་དང་གཉིད་ཆགས་ཞེ་སྡང་དྲགས་


JKT017_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྐྱེད། །དེ་རྟགས་མགོ་ན་བརྗེད་ངས་རྟག་ཏུ་ཆེ། །ཤེས་པ་འཕྱོ་ཞིང་དོན་མེད་སྙིང་མི་དགའ། །རེས་འགའ་དྲིས་ཀྱང་དེ་ལ་ལན་མི་ལྡོན། །རེས་འགའ་མ་དྲིས་པ་ཡང་མུ་ཅོར་སྨྲ། །མི་སྙན་ཚིག་གིས་དངངས་དང་ཤུ་ཡིས་འདེབས། །དྲུག་བདུན་དཀར་ནག་མཚམས་རྣམས་ཤིན་ཏུ་ཟུག །ཚབ་ཆེ་ལུས་ཀུན་གཟེར་ནས་དྲན་མེད་བརྒྱལ། །མ་བཅོས་སྙིང་ན་སྨྱོན་པར་འགྱུར་བ་ཡོད། །བཅོས་ཐབས་དང་པོ་འབྲས་གསུམ་མ་ནུ་བཞི། །ཤ་ཆེན་ཀོ་བྱི་བསྣན་པའི་གདུས་ཐང་བཏང་། །དེ་རྗེས་ཨ་གར་ཛཱ་ཏི་ཤིང་ཀུན་དང་། །ལི་ཤི་གོ་སྙོད་གྲི་ཤ་གསང་བའི་སྨན། །ཏང་ཀུན་བུ་རམ་རྟར་སྦྱོར་མྱོས་ཁུས་ཕུལ། །ཡང་ན་ཨ་གར་བཟང་དྲུག་སྙིང་ཞོ་ཤ །དྲི་ཆེན་སྤོས་དཀར་ནཱ་ག །གེ་སར་ཁ་རུ་ཚྭ། །རྒྱམ་ཚྭ་པི་ལིང་རུ་རྟ་གུལ་ནག་དང་། །ཤིང་ཚ་གོ་ཡུ་ཤ་ཆེན་རི་བོང་སྙིང་། །མ་ནུ་གོ་སྙོད་སྒྲོན་ཤིང་རྩི་བོ་ཤིང་ཀུན་ཆེ། །གཡག་རྒོད་ཙིཏྟ་སྦྱར་བའི་ཉེར་ལྔ་པས། །རླུང་ནད་སྤྱི་དང་སྙིང་འཕྱོའི་རིགས་ཀུན་སེལ། །ཛཱ་ཏི་འབྲས་བུ་གསུམ་གྱི་སྨན་མར་ལ། །རུས་བཅུད་སྦྱར་ཞིང་དེ་སྟེང་སྒ་སྐྱ་དང་། །གོ་སྙོད་ཤིང་ཀུན་ཁ་ཚར་བཏབ་པ་བསྟེན། །ཁྱད་པར་གདུག་པའི་གདོན་གྱིས་རྐྱེན་བྱས་ཏེ། །སྨྱོ་འཆལ་ཆེ་ན་བཙན་དུག་ཨ་རུ་ར། །སྦྱར་བའི་མར་ལ་བཟང་དྲུག་ཨ་གར་ནག །སྤོས་དཀར་ཁ་རུ་ཚྭ་


JKT017_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་རི་བོང་སྙིང་། ཁ་ཚར་གདབ་པའི་སྨན་མར་ཚད་ལྡན་བཟའ། །ཟས་དང་སྤྱོད་ལམ་སྲོག་རླུང་སྐབས་དང་མཐུན། །རྗེས་གཅོད་དྲུག་བདུན་དཀར་ནག་མཚམས་དང་ནི། །ཨན་སྟོང་བསྲེག་ལ་ཙཀྲ་ཚད་ལྡན་གདགས། །དེས་ནི་སླར་ཡང་ཕྱིར་མི་ལྡོག་པར་འགྱུར། །དེ་ལྟར་མན་ངག་ཟབ་མོའི་ཆུ་གཏེར་ལས། །ལེགས་འོངས་ཕན་བདེའི་ནོར་བུའི་དོ་ཤལ་མཆོག །རྣམ་པར་ཕྱེ་ལས་གྲུབ་པའི་དགེ་ཚོགས་དེས། །འགྲོ་ཀུན་ནད་ཀྱི་ཚ་གདུང་བསལ་ཕྱིར་བསྔོ། །ཞེས་སྲོག་རླུང་གི་བཅོས་ཐབས་སྙིང་པོར་དྲིལ་བ་ཕན་བདེའི་དོ་ཤལ་ཞེས་བྱ་བ་འདི་ཡང་ཁྱབ་བདག་དཔལ་ལྡན་བླ་མའི་བཀའ་སྩལ་གྱིས་ཡང་ཡང་བསྐུལ་བར་བརྟེན་ནས་ཀུན་རྨོངས་འཇིགས་མེད་མཁྱེན་བརྩེས་མྱུར་དུ་སྦྱར་བ་ཛཱ་ཡནྟུ།། །


previousསྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ།next