Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར།next

ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར།


JKT017_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར་ཞེས་བྱ་བ་བཞུགས་སོ། །གཞན་སྲོག་འཚོ་བའི་རིག་པའི་ཆུ་གཏེར་ལས། །ཡན་ལག་བརྒྱད་ལྡན་ཟླ་ཤེལ་གཞོན་ནུའི་དཔྱིད། །མཁྱེན་དཔྱོད་དཔུངས་པས་ལེགས་དྲངས་ཕན་དང་བདེའི། །དགའ་སྟོན་སྩོལ་མཛད་རྣམས་ཀྱི་ཤིས་པས་སྐྱོངས། །བྲང་ལ་གནས་པའི་ཁྱབ་རྒྱུའི་རླུང་འཁྲུགས་པའི། །སྟོད་འཚང་ཞེས་གྲགས་འདི་ལ་༡རྒྱུ་རྐྱེན་༢དང་། །དབྱེ་༣བ་རྟགས་༤བཅོས་རྣམ་པ་ལྔ་ཡིས་བསྟན། །རྒྱུ་༡ནི་རྣམ་


JKT017_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྱུར་རླུང་དང་ཁྲག །དེ་ཉིད་འཁྲུགས་རྐྱེན་༢གཉིད་ཆག་རྩོལ་བས་དུབ། །མང་དུ་སྨྲས་ཤིང་བསིལ་བའི་ཟས་སྤྱོད་ཐལ། །དེ་ཡི་རླུང་ཤས་ཆེ་བའི་སྟོད་འཚང་སྐྱེད། །དྲག་ཤུལ་ལས་དང་མེ་ཉིས་ཤིན་ཏུ་དྲོས། །ཆང་མང་འཐུང་བས་ཁྲག་ཤས་ཆེ་བ་ཡིས། །སྟོད་འཚང་འབྱུང་བས་དེ་ཕྱིར་དབྱེ་བ་༣ཡང་། །ཁྲག་དང་རླུང་གཉིས་ཤས་ཆེ་ཐ་དད་འགྱུར། །རྟགས་ནི་རྩ་རྒྱུད་སྟོང་རྒྱུག་མནན་མི་བཟོད་། །ཆུ་མདོག་སྔོའམ་ཡང་ན་དམར་ལ་དྭངས། །ལྦུ་བ་མེ་ལྕེ་ཆད་འདྲ་མྱུར་དུ་ཡལ། །མགོ་དང་མིག་རུས་མུར་འགྲམ་དཔྱི་རྐེད་ན། །གྲང་ཤུམ་བྱེད་ཅིང་གཉིད་མེད་མེ་ཉིར་སྙེགས། །སྨིན་ནས་བྲང་རྒྱབ་གཟེར་ཞིང་ལྟག་མདུད་ན། །མཇུག་རླུང་རྔུབ་དཀའ་རྔམ་རྒོད་དབུག་མི་བདེ། །སྟོད་དུ་ཆེར་འཚང་རེས་འགའ་ཚིག་མི་ཐོན། །བྱེ་བྲག་ཁྲག་ཤས་མཐོ་ན་ཟུག་གཟེར་ཆེ། །རླུང་ཤས་ཆེ་ན་སྟོད་ལ་ཤིན་ཏུ་འཚང་། །དེ་ཕྱིར་ངོས་ཟིན་སླ་ཡང་སྟོད་ཚད་དང་། །འདི་གཉིས་མ་ནོར་ཕྱེ་བ་གནད་དུ་གལ། བཅོས་ཐབས་དང་པོ་འབྲས་གསུམ་མ་ནུ་བཞི། །ཀོ་བྱི་ལ་དང་གཟེར་འཇོམས་གྲང་ཐང་བཏང་། །དེ་ཡིས་མི་བྱེར་ལམ་ནས་ལྡོག་པར་འབྱུང་། །དེ་རྗེས་རླུང་ཤས་ཆེ་ན་ཨ་གར་ནག །ཤིང་ཀུན་ཛཱ་ཏི་སུག་སྨེལ་ཁ་རུ་ཚྭ། །ལི་ཤི་ཀོ་བྱི་གཟེར་འཇོམས་བསྣན་པ་བཏང་། །ཚ་ཤས་ཆེ་ན་ཤིང་


JKT017_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁ་རུ་ཚྭ། །སུག་སྨེལ་ཕྲི་ནས་སྙིང་ཞོ་ལང་ཐང་རྩེ། །ཤ་ཆེན་བསྣན་པའི་མན་ངག་ཤེས་པར་བྱ། །ཁྲག་གི་གཟེར་ཆེ་ཨ་གར་སྙིང་ཞོ་ཤ །ཛཱ་ཏི་ཅུ་གང་གུརྒུམ་ཙན་དན་གཉིས། །སྲོ་ལོ་སྦྱར་བའི་དྲང་སྲོང་ཨར་བརྒྱད་སྟེང་། །རུ་རྟ་ཧོང་ལེན་མ་ནུ་གཟེར་སྨན་བསྣན། །ཤིན་ཏུ་གཟེར་ཆེ་གསང་སྨན་སྔོན་པོ་ཀོ་བྱི་ལ་དང་། །རླུང་ལ་བོང་ང་ཁྲག་ལ་འཛིམ་པ་སྟེ། །ཚ་གྲང་བརྟགས་ཏེ་གོང་མར་བསྣན་ལ་བཏང་། །འབྲས་གསུམ་མ་ནུ་བཞི་དང་ཨ་གར་གསུམ། །ཀོ་བྱི་སྙིང་ཞོ་ཛཱ་ཏི་ལི་ཤི་དང་། །ནཱ་ག་གེ་སར་ཨ་བྱག་མིང་ཅན་སེར། །རུ་རྟ་སྦྱར་བའི་ཨ་གར་བཅུ་དགུ་འདི། །རླུང་ཤས་ཆེ་ན་ཆང་གསར་ཁྲག་ཆེ་ན། །གཟེར་འཇོམས་ཐང་གིས་ཕུལ་བས་སྟོད་འཚང་འཇོམས། །ཡང་ན་ལྕི་སྣུམ་བསིལ་བའི་ཨ་གར་གསུམ། །བཟང་དྲུག་འབྲས་གསུམ་ཙནྡན་དཀར་དམར་གཉིས། །གཙོར་སྨོས་མ་ནུ་སླེ་ཏྲེས་སྒ་སྐྱ་དང་། །ཀཎྜ་ཀ་རི་ཏིག་ཏ་བ་ཤ་ཀ །གུ་གུལ་དཀར་ནག་གླ་རྩི་ཀོ་བྱི་ལ། །ཤ་ཆེན་འཛིམ་པ་ཚེར་སྔོན་སྙིང་ཞོ་ཤ །གེ་སར་རུ་རྟ་ཧོང་ལེན་ཨ་བྱག་གཉིས། །མིང་ཅན་སེ་འབྲུ་སྲོ་ལོ་ཀ་ར་སྦྱར། །སྦྱོར་བ་འདི་མིང་ཨ་གར་སུམ་ཅུ་ལྔ། །ཚང་ཞིང་ཟློས་མེད་ཚད་ལྡན་སྦྱར་བ་ཉིད། །རུས་ཁུ་ཆུ་ཆང་འདུ་བ་བསྟུན་ལ་ཕུལ། །ནད་རིགས་སྤྱི་དང་ཁྱད་པར་རི་ཐང་མཚམས། །


JKT017_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཚད་རླུང་གསུམ་འཐབ་ལ་བདུད་རྩི་འདྲ། །སྟོད་གཟེར་ཁྲག་རླུང་རིགས་ཀུན་འཇོམས་པའི་མཆོག །སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང་། །རུ་རྟ་ཨ་བྱག་གཟེར་འཇོམས་ཧོང་ལེན་གཞན་ཡང་ཨ་གར་བརྒྱད་ཕྱི་རྒྱུད་ཨར་བརྒྱད་སྟེང་མ་ནུ་བཞི། །བར་སྐྱར་ཙནྡན་དམར་པོ་བསྣན་པ་ཡི། །བཅོ་ལྔའི་སྦྱོར་བ་དག་ཀྱང་སྐབས་འདིར་འཕྲོད། །ཡང་ན་གོང་ཨར་བརྒྱད་སྟེང་ཀོ་བྱི་བསྣན་པ་ཡི། །སྲོག་འཛིན་དགུ་པ་ཞེས་གྲགས་སྟོད་འཚང་སེལ། །དེ་སྟེང་ཨ་བྱག་ཚེར་སྔོན་མིང་ཅན་དང་། །གཟེར་འཇོམས་ལི་ཤི་ཤ་ཆེན་ལི་ག་དུར། །ཙནྡན་གི་ཝཾ་སྨན་ཆེན་སྲོ་ལོ་དཀར། །གུ་གུལ་ཧོང་ལེན་སྦྱར་སྲོག་འཛིན་ནོར་བུ་ཟེར། བ་ཆུ་བསྐོལ་དབུལ། །སྟོད་ཚད་སྟོད་འཚང་ངོས་མ་ཟིན་ལ་བསྔགས། །མ་ནུ་བདུན་སྟེང་གསང་སྨན་བསྣན་པ་ཡི། །རཏྣ་བརྒྱད་པས་འབམ་ནད་སྟོད་བབས་སེལ། །ཀོ་བྱི་བདུན་སྟེང་བདུད་རྩི་སྙོམ་ལྡན་བསྣན། །རཏྣ་བརྒྱད་པས་ཁྲག་རླུང་སྟོད་འཚང་སེལ། །སྙན་ནས་བརྒྱུད་པའི་ཟབ་མོའི་མན་ངག་གོ ཁྱད་པར་གཙོ་བོ་ནཱ་ག་གེ་སར་ལ། །བཟང་དྲུག་མ་ནུ་བཞི་དང་འབྲས་བུ་གསུམ། །རུ་རྟ་སྙིང་ཞོ་ཨ་བྱག་གུ་གུལ་གཉིས། །ཙནྡན་དཀར་དམར་ཨ་གར་བྲག་ཞུན་དང་། །མིང་ཅན་རྣམ་གཉིས་སྦྱར་


JKT017_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེར་ལྔ་ཡིས། །འདུ་འཁྲུགས་ཁྲག་རླུང་སྙིང་གཟེར་སྨྱོ་འབོག་སེལ། །ཁྲག་ཤས་ཤིན་ཏུ་ཆེ་ན་དེ་ཡི་སྟེང་། །འབྲི་མོག་ཧོང་ལེན་ཚོས་བཙོད་མཛོ་མོ་ཤིང་། །བ་ཤ་ཀ་བསྣན་ཆུ་གྲང་དག་གིས་དབུལ། །ཨ་བྱག་གཟེར་འཇོམས་ཤ་ཆེན་གསང་སྨན་གསུམ། །ཁོང་དུ་བཏང་དང་བདུག་པས་སྟོད་དུ་རླུང་། །མཐའ་དག་འཕུལ་ནས་ཁ་ལྐུག་པ་ཡང་འབྱེད། །ཀོ་བྱི་ཨ་རུའི་མཇུག་མ་རུ་རྟ་དང་། །དབང་ལག་སྒོག་སྐྱ་འཛིམ་པ་ཁ་རུ་ཚྭ། །ཨར་ནག་ལི་ཤི་ཚེར་སྔོན་གུ་གུལ་ནག །རུས་ཞུན་ཁཎྜ་དང་བཅས་བུ་རམ་གྱི། །རིལ་བུ་དྲིལ་བ་རྒོད་པོ་རབ་འཇོམས་ཏེ། །རླུང་ཁྲག་བསྟུན་ལ་ཆུ་ཆང་གང་འོས་ཕུལ། །ཁྱད་པར་འཁྲུལ་འཁོར་ཟབ་མོའི་མན་ངག་ནི། །རང་ལུས་རྣམ་སྣང་ཆོས་བདུན་ལྡན་པའི་ངང་། །ནད་གདོན་ཧ་ཡིག་ནག་པོར་བསྡུས་བྱས་ཏེ། །གཟེར་མིག་སྟེང་དུ་བསྒོམ་ཞིང་རང་མདུན་གྱི། །ནམ་མཁའི་དབུས་སུ་ཨ་ཡིག་དཀར་པོ་གསལ། །ལག་གཉིས་བགྲད་དེ་པུས་མོའི་སྟེང་དུ་བཀབ། །སྟེང་རླུང་མནན་ཞིང་སྙིང་ཁར་ཡུད་ཙམ་བསྐྱིལ། །སླར་ཡང་ལྷག་མེད་སྣ་བུག་།གཉིས་ནས་འབུད། །དེ་དང་མཉམ་དུ་ཧ་སྒྲ་བསྟུད་མར་བརྗོད། །ནད་གདོན་ཧ་ཡིག་རྣམ་པར་བསྡུས་པ་དེ། །སྙིང་ཁ་ནས་ཐོན་ཨ་ལ་ཐིམ་པར་བསམས། །སྐྱེ་འགག་གནས་གསུམ་བྲལ་བའི་རང་


JKT017_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ། །སྟོང་གསལ་བརྗོད་དུ་མེད་པའི་ངང་ལ་བཞག །ཤིན་ཏུ་ཕན་པའི་མན་ངག་མཐར་ཐུག་ཡིན། །དཔྱད་དུ་རླུང་ཤས་ཆེ་ན་དྲུག་བདུན་དང་། །དཀར་ནག་མཚམས་རྣམས་རྒྱབ་མདུན་གཟེར་དང་བསྟུན། །མེ་བཙའ་གདབ་ཞིང་ཁྲག་ཤས་ཆེ་གྱུར་ན། །དྲུག་མགོའམ་ནི་སྒང་རྩ་གཏར་བར་བྱ། །རླུང་ཁྲག་གང་ཤས་ཆེ་ཡང་དཔྱད་ཀྱི་མཆོག །བུམ་པ་ཁྱུད་འཁོར་སོར་ནི་བཅོ་བརྒྱད་དང་། སྲིད་སོར་བཅུ་གཉིས་ཁ་ཟླུམ་སོར་བཞི་སྟེ། །མཚན་ཉིད་ལྡན་པའི་ལྟོ་བར་གྲོ་གའམ། །ཤོག་བུ་གང་རུང་མེ་སྦར་དེ་ཉིད་ཀྱང་། །སྦྲང་བུ་དམར་ཁྲ་མེ་ཡི་རང་བཞིན་བསྐྱེད། །ནད་གདོན་ཤ་རུས་གཏིང་ནས་དྲང་བར་བསམས། །སྔགས་འདི་ཨོ་མེ་རི་དམར་པོ་སོད། བཟླས་ལ་ཅུང་ཟད་བསྐོར་ཚུལ་གྱིས། །གཟེར་མིག་དེ་ཡི་མདུན་རྒྱབ་གཉིས་དཀར་གདབ། །རླུང་འཁྱིལ་ཕྱིར་དྲངས་གཟེར་ཟུག་ཡུད་ལ་གཅོག །གཞན་ཡང་ནགས་མའི་རིགས་ཀྱི་ཤེལ་ཏ་དང་། །ཁྱི་རུས་ལྕགས་རི་སྔོན་པོ་སོད། ཐམ་སོད། ཐུམ་སོད། གིས་གཙོས་རུས་སྣ་ཡོངས་རྫོགས་དང་། །ཆ་མཉམ་ཁུ་བ་འདྲེས་པར་དཀྲུགས་བྱས་ཏེ། །ཞོ་ཙམ་སོང་དུས་བླངས་ལ་ཤོག་བུར་བཅུག །དགོས་ཚེ་དམིགས་ཀྱི་སྟེང་དུ་སྦྱར་བ་ཡིས། །སྐྲངས་དང་འབྲུ་མཐོར་འཇོམས་ཞིང་ཁྱད་པར་དུ། །ནང་གི་ཆུ་སེར་ཕྱིར་འདྲེན་རླུང་གཟེར་གཅོག །བརྡབ་


JKT017_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡང་ལྷུང་ཟུག་ཀུན་སེལ་བར་ལག་ལེན་ཞིབ་པར་བུ་ཡིག་ལས་ཤེས། བྱེད། །སློབ་དཔོན་ཞལ་གདམས་སྙན་རྒྱུད་ཟབ་མོ་ཡིན། །གཟེར་ཆེ་ཅ་ར་ཁུག་ཏུ་ཆུ་མདའ་དང་། །གནམ་མ་མཐོང་བའི་ཆུ་རྡོས་གཟེར་སྟེང་བདུག །མར་གསར་ལ་སོགས་བཀུ་མཉེས་རླུང་གསང་གསོ། ཁ་ཟས་བཅུད་བསྟེན་རྩུབ་དང་ཡང་བ་སྤངས། །སྤྱོད་ལམ་གོས་དྲོ་བགོ་ཞིང་དལ་བར་བསྡད། །མཐུན་པའི་གྲོགས་བསྟེན་སྙིང་ལ་འབབ་པར་སྨྲ། །རྗེས་གཅོད་སྔར་བཤད་གསང་གསུམ་མེ་ཡིས་བསྡམས། །དེས་ཀྱང་མ་ཞི་བཟོད་མེད་ཟུག་གཟེར་ལྡན། །ཟུང་གིས་ཐུབ་པ་འཆི་ལ་ཐུག་པའི་ཚེ། །ཨར་ནག་ལི་ཤི་ཛཱ་ཏི་སྒ་སྐྱ་དང་། །རྒྱམ་ཚྭ་པི་ལིང་ཨ་རུ་ཐར་དུར་གཉིས། །རྒྱ་ཚྭ་འོལ་མོ་རེ་ལྕག་ཆ་མཉམ་ལ། །གཙོ་བོ་དར་མའི་གྲི་ཤ་ཐུན་གསུམ་སྡེབས། །རླུང་ཁ་མཐོ་ན་གོ་སྙོད་རྩི་བོ་ཆེ། །མཁྲིས་པར་དུག་ཉུང་གསེར་མེ་བད་ཀན་ལ། །ལྕམ་དཀར་རྩ་བ་སྙིང་རླུང་ཞོ་ཤ་དང་། །སྨན་ཆེན་འབྲི་ཚིལ་ཁ་ཚར་བཏབ་པ་དེ། །བུར་སྨུག་གིས་བསྒྲིལ་རིལ་བུ་ཆང་གིས་ཕུལ། །གཉིས་གསུམ་འཁྲུས་ན་རུས་ཁུའི་ལྕག་གིས་འཕུལ། །རྗེས་གཅོད་སྤྱི་མཐུན་སྦྱར་བས་བད་ཁྲག་རླུང་། །སྟོད་དུ་འཚང་ནས་བཟོད་པར་དཀའ་བའི་ནད། །སེལ་བྱེད་རྒྱལ་དབང་རང་བྱུང་རྡོ་རྗེ་ལ། །ཡེ་ཤེས་ཌཱཀྐིས་ཕུལ་བའི་སྙིང་ཐིག་


JKT017_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ནད་གཞན་ལྡང་ན་སོ་སོའི་ཁ་འཛིན་དང་། །སྦྱར་ཏེ་སྔར་སྨོས་ཞི་བྱེད་ཚོགས་རྣམས་བསྟེན། །དེ་ལྟར་གདམས་པ་རྒྱ་མཚོའི་ཉི་གཞོན་གྱིས། །ལེགས་པར་ཕྱེ་བའི་ཟབ་དོན་ཨུཏྤལ་ལ། །གཅིག་བསྡུས་ངོ་མཚར་ཕྲེང་བ་གསར་པ་འདིས། །འགྲོ་རྣམས་དུས་མིན་འཆི་བ་ལས་སྒྲོལ་ཤོག །ཞེས་ཁྲག་རླུང་གིས་བཅོས་ཚུལ་ཉུང་ངུ་འདི་ཡང་དཔལ་ལྡན་བླ་མ་དམ་པའི་གསུང་གི་བསྐུལ་བ་བཞིན་གཞོན་ནུ་ཨ་བྷ་ཡས་སྦྱར་བའོ།། །།


previousཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར།next