Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ།next

རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ།


JKT017_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་ཨརྦ། །རྒྱལ་ཀུན་མཁྱེན་རབ་ཉི་མ་གཞོན་ནུའི་བཅུད། །ཁྱོད་ཐུགས་གུརྒུམ་གསར་པས་བཏུང་བ་ལས། །ལེགས་བཤད་དམར་སེར་རལ་བའི་འཇོ་སྒེག་ཅན། །རྗེ་བཙུན་ཡོན་ཏན་མགོན་པོས་བདག་སྐྱོངས་ཤིག །རྣམ་པར་མ་གྱུར་ལུས་གནས་རྩ་དཀར་ཉིད། །འཕྲལ་བྱུང་རྐྱེན་གྱིས་འགྲམས་དང་འཁྲུགས་པ་ལས། །མི་བཟད་གདུང་བའི་ཞགས་པས་དམ་བཅིང་པར། །འགྲོལ་བྱེད་ཟབ་དོན་ནོར་བུའི་ཕྲེང་བ་སྤེལ། །ཞེས་པ་གྱེས་༡ཚུལ་རྒྱུ་༢རྐྱེན་དབྱེ་བ་༣དང་། །བརྟག་༤དང་བཅོས་ཐབས་རྣམ་པ་ལྔ་ཡིས་བསྟན། །གྱེས་ཚུལ་སྲོག་རྩ་དཀར་ནག་གཉིས་པོ་སྟེ། །སྲོག་རྩ་ལས་བྱུང་ཁྲག་གི་ངོ་བོ་ཅན། །རོ་མ་དང་འབྲེལ་རྩ་ནག་གྱེན་དུ་གྱེས། །ཀླད་པ་


JKT017_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་ཆུ་ཁམས་རྩ་དཀར་ཏེ། །རྐྱང་མ་དང་འབྲེལ་ཡལ་ག་ཐུར་དུ་ཟུག །དེ་ཉིད་ནང་དུ་དོན་སྣོད་འབྲེལ་པ་དང་། །ཕྱི་རྩ་ཡན་ལག་འབྲེལ་བ་རྣམ་པ་གཉིས། །ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ། །རླུང་གི་བཞི་ལས་གཉིས་པོ་བདུན་པ་ནས། །སྙིང་དང་འབྲེལ་ཞིང་གཞན་གཉིས་བཅུ་བདུན་ནས། །རྒྱུ་མར་འབྲེལ་དང་དེ་བཞིན་མཁྲིས་པའི་རྩ། །ཚིགས་པ་ལྔ་ནས་གློ་བར་འབྲེལ་བ་དང་། །བཅུ་དྲུག་དགུ་དང་བཅུ་གཅིག་གོ་རིམ་བཞིན། །ལོང་དང་མཆིན་མཁྲིས་དག་ལ་རྣམ་པར་འབྲེལ། །བད་ཀན་རྩ་བཞི་བཅུ་གཉིས་བཅུ་གཅིག་དང་། བཅུ་བཞི་བཅོ་བརྒྱད་པ་ནས་ཕོ་མཚེར་མཁལ། །ལྒང་པ་དང་འབྲེལ་དེ་ཀུན་འདུས་པ་ཡི། །རྩ་གཅིག་བཅུ་གསུམ་པ་ནས་བསམ་སེར་འབྲེལ། དེ་དག་མགྲིན་པ་ནས་བརྒྱུད་ཕྱི་རོལ་དུ། །བལྟར་མི་མངོན་ཕྱིར་ནང་གི་རྩ་རུ་བརྗོད། །ཕྱི་རྩ་སྦུ་གུ་འཇའ་བྱེད་རཏྣ་ཏེ། །རྩ་རྒྱུད་གསུམ་ལ་གཉིས་རེ་བྱེ་བས་དྲུག །དེ་ཡང་ཁོང་སྟོང་སྦུ་གུ་ཅན་གྱི་རྩ། །ཀླད་སྙིང་ལས་བྱུང་ལྟག་པའི་སྡུད་སྒོར་དོན། །ཚིགས་པ་དང་པོའི་གཡས་གཡོན་ཚོན་རེ་འགྲིམ། །ཚིགས་པ་ལྔ་ནས་གཞུངས་པའི་རྩ་དང་འབྲེལ། །བཅུ་གཉིས་ནས་ཐོན་བསམ་སེའུ་མཁལ་མར་འབྲེལ། །གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་དཔྱི་མིག་དོན། །གུང་མཐེབ་བརྒྱུད་ནས་


JKT017_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མཐིལ་ནང་ངོས་འགྲོ། །གཉིས་ནི་བཅུ་བཞི་པ་ཡི་ཐད་ནས་གྱེས། །བརླ་སྒང་པུས་ཚིགས་ངར་གདོང་ཐུར་བར་འགྲིམ། །པིར་མགོར་རྐང་བའི་མཐེ་བོང་གིས་ངོས་འབྲེལ་ནས་གོང་དང་རྐང་མཐིལ་འདུས། བྱིན་བརླའི་ཕྱི་སུལ་སྲེ་ལོང་དང་དཔྱི་ལོང་གི་བར། འཇའ་བྱེད་ཀླད་མཁར་ནས་བྱུང་ལྟག་པ་ཡི། །སྤུ་འཁྱིལ་གཉིས་སུ་དོན་ནས་ཨན་སྟོང་འགྲིམ། །དེ་ནས་ཕྲག་བརྒྱུད་དཔུང་སོག་མཚམས་སུ་ནུབ། །སླར་ཡང་གཉིས་གྱེས་གཅིག་ནི་དཔུང་འཛུམ་གྱི། །ཚིགས་དམིག་ལུག་གཞུག་བརྒྱུད་ནས་གྲུ་མོར་སོང་། །གཅིག་ཤོས་ཕྱི་མཆན་ནས་འགྲིམ་གྲུ་མོར་བསྐོར། །དེ་ནས་ལག་པའི་མཐེ་བོང་འབྲེལ་བ་ཡིན། །རཏྣ་ཀླད་གཞུངས་ནས་བརྒྱུད་རྣ་ཤལ་གྱིས། །འོག་རོལ་ནས་ཐོན་སྒྲོག་རུས་ནང་དུ་ནུབ། །མཆན་ཁུང་ནས་འགྲིམ་གྲུ་མོའི་ཁུག་བརྒྱུད་ནས། །གཞུ་མཆོག་བར་དུ་ཐུར་བར་འགྲིམ་བྱས་ཏེ། །སྲིན་ལག་རྩེར་འབྲེལ་ལག་མཐིལ་གཉེར་མའི་འོག །གོང་གི་འཇའ་བྱེད་ཅན་དང་རྩ་སྣ་འབྲེལ། །དེ་ཕྱིར་ནང་གི་རྩ་རྒྱུད་འགྲམས་པ་ཡིས། །དོན་སྣོད་ལ་བབས་ན་ལུགས་སྣ་ཚོགས་སྟོན། །ཕྱི་རོལ་ཤ་ཆུ་རུས་ཚིགས་འབྲེལ་བའི་ཕྱིར། །སྦོམ་དང་འབྲི་ཞིང་ཞ་རེངས་བྱེད་པར་འགྱུར། །དེ་ལ་རྒྱུ་༢རྐྱེན་དྲག་ཤུལ་སྤྱོད་ལམ་གྱིས། །འགྲམས་དང་འཁྲུགས་སོགས་རིམས་དུག་ཚ་བའི་ནད། །རྩ་ལ་བབ་


JKT017_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚོན་གྱིས་བཅད་དམ་བརྡུངས། །རླུང་འཁྲུགས་རྩར་ཞུགས་རྩ་དཀར་ནད་དུ་འགྱུར། །དབྱེ་བ་༣ཚ་རྐྱེན་གྲང་རྐྱེན་རྣམ་པ་གཉིས། །རིམས་དུག་འགྲམས་སོགས་ལས་བྱུང་ཚ་བ་སྟེ། །བད་རླུང་ལས་བྱུང་རྩ་དཀར་གྲང་བ་འདོད། །དུས་ཀྱི་གསར་རྙིང་བབ་པས་ཐ་དད་དོན་སྣོད་མགོ་དང་ཡན་ལག་བཞི་སོགས་འགྱུར། །དེ་རྟགས་མགོ་དང་ཁ་མིག་ཡོ་ཞིང་འཕྲིག །དྲན་ཉམས་ལྐུགས་སམ་ཡང་ན་དབང་པོ་འཁྲུལ། །མགོ་འཁོར་ཡན་ལག་བཤལ་སྦྲིད་སྙིང་ལག་འདར། །གཞོག་གཅིག་བེམ་པས་ཚོར་བྲལ་སྐྱངས་སམ་སྙམ། །རྒྱུན་གཉིས་བསྡམས་སམ་ཡང་ན་སྐབས་མིན་རླུག །རེངས་འཁུམ་གཞུ་ལྟར་འགུག་གམ་རྭ་ལྟར་གྱོང་། །གཡོ་སྙམ་དྲན་མེད་བརྒྱལ་ལམ་ཟ་ཟི་འབྱུང་། །མེ་ལྟར་ཚའམ་རྡོ་ལྟར་གྲང་བ་སོགས། །ངོ་མཚར་ནད་རྟགས་སྣ་ཚོགས་སྟོན་པར་བྱེད། །བྱེ་བྲག་ཚ་རྐྱེན་རྩ་གྲིབ་ཆུ་མདོག་སེར། །གཟེར་ཟུག་ཆེ་ཞིང་ཡན་ལག་ཚ་དང་སྐམ། །གྲང་རྐྱེན་རྩ་དལ་ཆུ་ནི་དཀར་སེར་དྭངས། །ལུས་ཀུན་གཡོ་ཞིང་གྲང་ལ་བརྒྱལ་བ་འབྱུང་། །བབ་ས་སོ་སོར་དྲིས་པ་ཙམ་གྱིས་རྟོགས། །སྟོབས་ལྡན་འཆི་ལ་འབྲིང་པོ་བཅོས་ཀྱིས་འཚོ། །ཐ་མ་ཡུན་ལོན་རང་བཞིན་འཚོ་བར་གསུངས། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །དེ་ཡང་དང་པོ་སྤྱི་དང་བྱེ་བྲག་གཉིས། །སྤྱི་


JKT017_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཚ་ཤས་ཆེ་ན་ཉ་ཕྱིས་དང་། །བཟང་དྲུག་གི་ཝཾ་ཨ་རུ་ཙནྡན་གཉིས། །ཨ་གར་བསེ་རུ་གླ་རྩི་རུ་རྟ་དང་། །པི་ལིང་ཤིང་ཚ་སྡིག་སྲིན་འབྲས་བུ་གསུམ། །གསེར་བྱེ་ལྕམ་པ་འབྲི་རྟ་ཟི་ར་གཉིས། །སྦྱར་བའི་ཉི་ཤུ་རྩ་ལྔའི་ཕྱེ་མ་བསྟེན། །ཡང་ན་རིན་ཆེན་གསེར་ཟངས་གཡུ་རྙིང་དང་། །ཐོག་ལྕགས་བྱེ་རུ་ཉ་ཕྱིས་རྣམ་པ་དྲུག །རྡོ་སྨན་སྦལ་རྒྱབ་དཀར་སྨུག་ཕོ་མོ་བཞི། །རྩི་སྨན་བཟང་པོ་དྲུག་དང་མ་གི་ཏ། །སྔོ་སྨན་འབྲི་རྟ་ས་འཛིན་ལྕམ་པ་སྟེ། །རིན་ཆེན་རྡོ་རྩི་སྔོ་སྦྱོར་ཟབ་མོ་བསྟེན། །གྲང་ཤས་ཆེ་ན་བསེ་རུ་སྨན་ཆེན་དང་། །ཨ་རུ་ཆུ་སེར་སྨན་གསུམ་མུ་ཟི་སེར། །མ་ནུ་ལ་སོགས་ནུས་ལྡན་བསྲེགས་ཐལ་བསྔགས། ཚ་གྲང་སྟོད་སྨད་དོན་སྣོད་གར་བབ་ཀྱང་། །ཟུག་གཟེར་ཆེ་ན་བྱ་ཁྱུང་ལྔ་པ་ལ། །བྱི་རུ་མུ་ཏིག་རྒྱན་བཏགས་ལི་ཤི་དང་། །ཛཱ་ཏི་ཨ་ག་རུ་ཡིས་ལུས་དྲོད་རྒྱས། །སིནྡྷ་ར་དང་ཁབ་ལེན་ཤིང་མངར་གྱི། །སྒྲོ་མཆུ་ལྡན་ལ་མཚལ་གྱི་ན་བཟའ་གསོལ། །ཚ་གྲང་སྦྱོར་སྡེ་གནད་དང་ལྡན་པ་དང་། །ཚ་ན་ཆུ་བསྐོལ་རླུང་ལྡན་མྱོས་ཁུས་ཕུལ། །སྨན་ནད་ཐོན་པ་ལན་འགའ་བཏང་བ་ཡིས། །ཕྱི་ནང་རྩ་དཀར་ནད་རིགས་ཀུན་ལ་བསྔགས། གཟའ་དང་ཀླུ་གདོན་བཅོས་རྡུག་གཉེན་པོར་འགྲོ། །འདི་ལ་སཱ་རིའི་བྱ་ཁྱུང་བཅུ་མི་དབང་སངས་རྒྱས་རྒྱ་མཚོའི་ལུགས་ཡིན ་གསུམ་ཟེར། །དེ་སྟེང་


JKT017_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལག་ཨ་ཝ་རྡོ་རྒྱུས་དང་། །ཡུངས་ཀར་ཀླུ་བདུད་གུ་གུལ་དཀར་ནག་སྦྱར། །ཉི་ཤུའི་སྦྱོར་བས་ཆུ་རྒྱུས་རེངས་འཁུམ་དང་། །སྨྱོ་འབོག་བརྒྱལ་ནད་ཀུན་ལ་མཆོག་ཏུ་ཤིས། །ཁྱད་པར་སྤྱི་སྨན་བཟང་དྲུག་ཙནྡན་གཉིས། །ཨར་ནག་གི་ཝཾ་གླ་རྩི་ཉ་ཕྱིས་དང་། །བསེ་རུ་འབྲས་གསུམ་སྒ་པི་ཟི་ར་གཉིས། །རྒྱ་ཚྭ་སྡིག་སྲིན་ཤིང་མངར་ཤིང་ཚ་དང་། །འབྲི་རྟ་ས་འཛིན་ཉི་དགའ་བཅས་པ་ཡི། །སྦྱོར་བ་འདི་ལ་ནོར་བུ་བསམ་འཕེལ་ཟེར། །རིམས་འཁྲུགས་ཚ་བ་རྩ་དཀར་རྙིང་པ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམ་མཁལ་རྩ་བསྣད། །འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། །གསོ་དཀའི་རིགས་ཀྱི་ནད་གཞི་ཀུན་ལ་ཕན། །དེ་སྟེང་གསེར་ཟངས་གཡུ་རྙིང་བྱི་རུ་དང་། །ཐོག་ལྕགས་ཉ་ཕྱིས་སྦལ་རྒྱབ་དཀར་སྨུག་བཞི། །དུག་འདོན་ལ་སོགས་ཚད་ལྡན་ལེགས་སྦྱར་ཏེ། །བཞི་ཐང་ཁུ་བས་འདམ་བཏགས་འཐེམ་པར་བྱ། །རིལ་བུ་སྲན་མ་ཙམ་དྲིལ་པར་བུར་བླུག །བྱིན་རླབས་རྟེན་འབྲེལ་སྙིང་པོས་ཤིས་པ་བརྗོད། །འདི་ནི་བསམ་འཕེལ་རཏྣའི་སྦྱོར་བ་སྟེ། །བཞི་བརྒྱ་རྩ་བཞིའི་ནད་ཀུན་མི་འཇོམས་མེད། །ཁྱད་པར་དུག་སྨུག་ཚར་བ་བྱེར་རྙིང་དང་། །རྩ་ནད་ཚ་གྲང་དྲེག་གྲུམ་ཆུ་སེར་མཛེ། །སྟེང་འོག་འབྱུང་པོའི་གདོན་ཀུན་ངེས་པར་འཇོམས། །ཡང་ན་བཟང་


JKT017_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཐུན་རེ་ཤིང་མངར་གཉིས། །གཙང་མའི་བྱང་སེམས་དཀར་དམར་ནེ་ཙོའི་ཀླད། །ཐུན་ཕྱེད་ཀུན་མཉམ་རྒྱ་མཚལ་ལྕོག་ལ་མ། །དེ་དག་ཀུན་དང་མཉམ་པའི་ཉ་ཕྱིས་ཏེ། །གྲང་ན་གར་ཆང་ཚ་ན་སྤྱི་བཞུར་གྱིས། །བསྒྲུངས་ཆུའི་ཕུལ་བས་རྩ་ནད་ཀུན་ལ་བསྔགས། །འདི་ལ་བྱང་ལུགས་འཕྲུལ་གྱི་སྡེར་མོ་ཟེར། །བྱེ་བྲག་མགོར་བབ་ཕྱི་རྩ་ལུམ་གྱིས་གདུལ། །ནང་རྩར་བབ་ན་སྦལ་མདུང་གངས་ཐིག་དང་། །ཅོང་ཞི་དོམ་མཁྲིས་གླ་གུལ་ཨ་རུ་ར། །རུ་རྟ་ཨ་བྱག་ཆུ་རྩ་བོང་ང་དཀར། །པྲ་གུ་སྦྱར་བ་ཚ་གྲང་རྟ་ཡིས་ཕུལ། །ཐུན་མོང་ཁྱུང་སྟེང་བྱི་རུ་མུ་ཏིག་དང་། །ཉ་ཕྱིས་ལི་ཤི་ཛཱ་ཏི་ཨ་གར་ནག ཁབ་ལེན་ལུག་མིག་ཨུཏྤལ་སིནྡྷ་ར། །བིལ་བ་ཨ་འབྲས་ཏིག་ཏ་གངས་ཐིག་པ། །མཚལ་དཀར་འབྲུག་རུས་རྡོ་ཡི་ཀླད་པ་དང་། །གུརྒུམ་ཤིང་མངར་ཨ་བྱག་ཀ་ར་སྦྱར། །ཁྱུང་ཆེན་ཉེར་ལྔས་མགོ་ཡི་རྩ་ནད་དང་། །རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་། །ལྟག་པ་དགྱེ་རྒུ་མི་ཤེས་རྭ་ལྟར་གྱོང་། །བརྒྱལ་འཐིབ་སྨྱོ་འབོག་སེལ་བའི་བདུད་རྩི་སྟེ། །སྔོན་མེད་ངོ་མཚར་གདམས་པའི་བཅུད་ཐིག་ཡིན། །དར་རྩ་བསྣད་འགྲམས་མགོ་ལྕི་ས་འཛིན་དང་། །རྒྱ་ཚྭ་ཤུ་དག་རུ་རྟ་ཤིང་མངར་རྣམས། །བ་ཆུར་སྦྱར་བའི་སྣ་སྦྱངས་བཏང་བ་བསྔགས། །ནང་རྩར་བབ་ན་སྦལ་མདུང་གངས་ཐིག་


JKT017_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཚལ། །ཅོང་ཞི་མུ་ཏིག་ཨ་ཝ་རྡོ་རྒྱུས་དང་། །མཐིང་རྒྱུས་ཆ་མཉམ་ཤིང་མངར་བཟང་པོ་དྲུག །དོམ་མཁྲིས་ལ་སོགས་མཁྲིས་སྣ་ཚོགས་ཚད་ཀུན། ཁ་ཚར་བཏབ་པ་གར་ཆང་དག་གིས་ཕུལ། །དེ་དང་འཕྲུལ་གྱི་སྡེར་མོ་ལྟག་པ་སྤྲད། །དོན་སྣོད་གར་བབ་གོང་བཤད་སྦྱོར་བའི་སྟེང་། །སྙིང་ལ་ཛཱ་ཏི་རུ་རྟ་ཨར་ནག་བསྣན། །གློ་ལ་ཤིང་མངར་རྒུན་འབྲུམ་གླ་སྒང་བསྣན། །མཆིན་པར་ཨུཏྤལ་བྲག་ཞུན་བ་ཤ་ཀ །མཚེར་པར་མ་ནུ་པ་ཏོལ་པི་པི་ལིང་། མཁལ་མར་བཙོད་དང་ཞུ་མཁན་རྒྱ་སྐྱེགས་བསྣན། །ཕོ་བར་མ་ནུ་རྒྱ་ཚྭ་པ་ཏོ་ལ། །རྒྱུ་ལོང་བོང་དཀར་དུག་ཉུང་གླ་སྒང་བསྣན། །མཁྲིས་པར་ཏིག་ཏ་དུག་ཉུང་གསེར་མེ་ཏོག །ལྒང་པར་ལྕམ་པ་རྒྱ་ཚྭ་སྡིག་པ་བསྣན། །ཡན་ལག་རྩ་དཀར་ད་ལིས་ཀྱི་ལྕེ་དང་། །ཤིང་མངར་གསུམ་པོ་ཁཎྜར་སྦྱར་བའི་སྟེང་། །བཟང་དྲུག་འབྲས་གསུམ་ཨར་ནག་ཙནྡན་གཉིས། །ཚོས་གསུམ་ཚོས་ཞུ་མཁན་བཙོད་ཀ་ར་བསྣན་པའི་སྨན་མཆོག་འདིས། །རྩ་ནད་སྤྱི་དང་ཡན་ལག་ཞ་སྦྲིད་སྐམ། །སེལ་བྱེད་ད་ལིས་བཅོ་བརྒྱད་ཞེས་སུ་གྲགས། །གཞན་ཡང་གཉན་དང་བསྡོངས་ན་གོང་བཤད་ཀྱི། །ཁྱུང་ལྔའི་སྦྱོར་བ་ཐ་དད་བསྟེན་པའམ། །ཁྱུང་སྟེང་གི་ཝཾ་དོམ་མཁྲིས་སྦལ་རྒྱབ་དང་། །རྒྱ་མཚལ་བསེ་རུ་ཉ་ཕྱིས་ཙནྡན་གཉིས། །ལི་ཤི་ཆུ་སེར་སྨན་


JKT017_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཨ་གར་ནག །འབྲི་རྟ་ས་འཛིན་གུ་གུལ་སྟག་ཤ་སྦྱར། །ལོ་བརྒྱད་ཨེ་ཀྲོས་འདམ་བཏགས་རིལ་བུར་དྲིལ། །མང་ཉུང་ནད་སྟོབས་སྦྱར་ལ་བཏང་བ་ཡིས། །རྩ་དཀར་བྱེར་འགྲམས་ཁྱད་པར་གཉན་ནད་དང་། །བསྡོངས་ཏེ་སྐེ་མཇིང་ཡན་ལག་སྐྲངས་པ་སེལ། །ཁྲག་རླུང་ལྡན་པས་སྟོད་དུ་དབུགས་འཚང་ཞིང་། །དཔུང་མིག་གཟེར་དང་ལག་པ་བསྒུལ་སྐྱོད་དཀའ། །དེ་ལ་གོང་གི་ཕྱེ་མ་གང་རིགས་དང་། །ཨ་གར་སྦྱོར་བ་ལྟག་པ་སྤྲད་ལ་བཏང་། ཨ་གར་བཅོ་ལྔ། ཁྱད་པར་ཨ་གར་ཉི་ཤུ། ཀོ་བྱི་བཅོ་ལྔ་སོགས། །ཁྱད་པར་མཁལ་མར་བབས་སམ་མཁལ་རྩ་འགྲམས། །དེ་ལ་ཨ་རུ་བཟང་དྲུག་ཉ་ཕྱིས་དང་། །ས་འཛིན་དམར་གསུམ་མཁལ་ཞོ་འབྲས་སྣ་གསུམ། །བསེ་རུ་ཤིང་ཚ་ཤུག་ཚེར་ཨརྫ་ཀ །རུ་རྟ་ཟི་ར་བྲག་ཞུན་སྡིག་སྲིན་དང་། །ཤིང་མངར་སྦྱོར་བའི་གསེར་མདོག་ཉེར་ལྔ་སྟེ། །ཕན་ཡོན་མཁལ་འགྲམས་རྩ་དཀར་གྲང་རིགས་དང་། །རྐང་རྐེད་རུས་ཚིགས་དཔྱི་མིག་ཡན་ལག་ཟུག ཁྲག་གིས་བསྐྱེད་པའི་མཁལ་འབྲས་གཟེར་བ་འཇོམས། །གཞན་ཡང་འདུ་བའི་རིགས་ཀུན་མི་སེལ་མེད། །ཞལ་གདམས་སྙན་བརྒྱུད་མན་ངག་ཟབ་མོ་ཡིན། །གྲང་ཤས་ཆེ་དང་ཤ་སྐམ་རིགས་ཀུན་ལ། །འབྲས་བུ་གསུམ་གྱི་སྨན་མར་ཚད་ལྡན་སྟེང་། །བཟང་དྲུག་ཤིང་མངར་དབང་ལག་འདམ་བུ་


JKT017_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། ཁ་ཚར་བཏབ་པ་དགོང་དང་ཐོ་རངས་བསྟེན། །ཀུན་ལ་ཚ་ན་བདུད་རྩི་རྣམ་ལྔའི་སྟེང་། །གླ་རིལ་བསྲེ་ཞིང་གྲང་ན་ལུག་རིལ་བསྣན། །ཆང་གི་ཁུ་བས་བཞུར་དང་འདུས་པ་ལ། །རྩ་བ་ལྔ་དང་གླ་བའི་རིལ་མ་བསྣན། །མྱོས་བྱེད་སྙིང་ཁུར་ཚོས་པར་བཙོས་པ་དེས། །རླངས་ལུམས་ཆུ་ལུམས་བཅིང་ལུམས་གང་རིགས་བྱ། །ཡང་ན་རང་བྱུང་ཆུ་ཚན་མུ་ཟི་ཅོང་ཞི་བྲག་ཞུན་གསུམ་གྱི་ཆུ་ཚན་མཆོག་ཏུ་བཤད་བསྟེན་ཡང་ཤིས། །བྱུག་པ་སྤང་སྤོས་ཤུག་ཚེར་གོ་སྙོད་དང་། །སྤོས་དཀར་རྡོ་རྒྱུས་ཤུ་དག་གཡེར་མ་བུལ། །ཤིང་མངར་སྦྱར་བ་མར་རམ་ཕག་ཚིལ་གྱིས། །བྱུག་ཅིང་ཚབས་ཆེ་བྱང་བ་དུད་པ་དང་། །བོང་ང་ནག་པོ་བསྣན་པས་མཆོག་ཏུ་ཕན། །ཙན་གཉིས་ཆུ་སེར་སྨན་གསུམ་དབང་པོ་ལག །གུ་གུལ་དེ་ཝ་ད་རུ་རྒྱ་སྤོས་དང་། །སྤང་སྤོས་སླེ་ཏྲེས་གོ་སྙོད་ཤུག་ཚེར་ཅན། །སེང་ལྡེང་ཁཎྜ་མར་གསར་དག་གིས་བྱུག །ཟས་སྤྱོད་གྲིབ་གདོན་གིས་བསྐྱེད་རྩ་དཀར་སེལ། །གྲང་ཤས་ཆེ་ན་ཙནྡན་དཀར་པོ་ཕྲི། །ལན་ཚྭ་སྡེབས་ཏེ་ཏིལ་གྱི་མར་ཁུས་བྱུག །ཤིན་ཏུ་རེངས་འཁུམ་གསོ་དཀའ་གངས་ཐིག་དང་། །སྦལ་མདུང་བྱིའུ་མགོ་ཁབ་ལེན་རྡོ་རྒྱུས་གཉིས། །བ་ནུ་ལ་སོགས་ཚད་ལྡན་སྦྱར་བའི་སྟེང་། ཁ་ཚར་ཆུ་སེར་སྨན་གསུམ་རུ་རྟ་དང་། །ཛཱ་ཏི་ལི་ཤི་གོ་སྙོད་བསྣན་པ་ཡི། །རྩི་


JKT017_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མར་རྙིང་པ་ལོ་ལོན་བསྐོལ་བར་བཏབ། །བྱུག་པས་རྩ་དཀར་རེངས་འཁུམ་རྩ་འགྲམས་དང་། །གཟའ་གདོན་ཀླུ་གདོན་རྩ་བྱེར་འཁུམ་པ་སེལ། །བཟོད་མེད་ཟུག་ཆེ་གོང་བཤད་བྱ་ཁྱུང་ཉི་ཤུ་པ་ཁྱུང་ལྔ་ཡང་། །དྲི་ཆུས་བྱུག་པས་ཕྲལ་དུ་གཟེར་ཟུག་གཅོག །ཀུན་ཀྱང་མ་ཐུབ་རྙིང་ན་རྩ་སྦྱོང་བཏང་། །དཔྱད་དུ་སྤྱི་ལ་གསར་དུས་ཚབས་ཆེ་ན། །མཐིལ་བཞི་བཅུ་གསུམ་༥ལྟག་ཟུར་༦སྤུ་འཁྱིལ་དང་། །༧ མཐེ་བོང་པིར་མགོ་སོར་མོ་ཉི་ཤུའི་མདུན། །ནེ་འུ་ལེ་རྣམས་སྤྲ་མེས་བསྲེག་པར་འོག་ནས་འབྱུང་བ་ལྟར་བྱ། །ཚ་ཤས་ཆེ་ན་སྟོད་བབ་རུ་ཐུང་དང་། །སྨད་བབ་ལོང་རྩ་ལ་སོགས་སྐབས་སྦྱར་གཏར། །གྲང་ན་དྲུག་༡བདུན་༢དཀར་ནག་༣མཚམས་རྣམས་བསྲེག །གཏར་ག་སྤང་ཞིང་བྱེ་བྲག་མགོར་བབ་ན། །ཕྱི་རྩར་ཨན་༡སྟོང་འགྲམ་དང་སྡུད་༢སྒོ་དང་། །ལྟག་༣པའི་སྤུ་འཁྱིལ་བསྲེགས་ཅིང་ནང་རྩ་ལ། །སྤྱི་གཙུག་༡དཀར་ནག་༢མཚམས་དང་མེ་ལོང་༣མཐིལ། །རྐང་ལག་མཐིལ་ཁབཞི་སྲིན་ལག་བཞི་༡༡ཡི་རྩེར། །སྡུད་སྒོ་༡༠བཞི་རྣམས་གསེར་གྱི་ཏེལ་པས་བསྲུངས། །ལུས་ཀྱི་ལས་དང་དྲོད་ཉམས་སྤྱི་༡གཙུག་དང་། །ལྟེ་བ་༢མཚན་བར་༣རྣམས་སུ་མེ་བཙའ་གདབ། །གཞོག་རེངས་དེ་ཡི་ཕྱོགས་ཀྱི་རྩེ་མགོ་༡དང་། །ཡན་ལག་སོ་སོའི་སོར་མོའི་ངོས་རྣམས་བསྲེགས། །སྨྲ་བྱེད་ལྐུག་ན་གཡས་རྩེ་མགོ་


JKT017_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་སོར་མོ གཡོན་གཉིས་ཀར་༡༢བསྲེགས། ཁ་མིག་ཡོ་ན་དེ་ཕྱོགས་རྣ་བའི་རྒྱབ། །ལྟག་ཟུར་སྤུ་འཁྱིལ་༡བསྲེགས་ཅིང་བྱང་ཁོག་ལ། །སྡུད་༢སྒོ་དྲུག་༣པ་ཨན་སྟོང་དང་པོའི་འགྲམ། །སྒྲོག་༤རུས་གཤོང་དང་སྐེ་སྟོང་དཀར་ནག་༨མཚམས། །སོག་པའི་མཐིལ་༧བསྲེགས་ཁྱད་པར་དོན་སྣོད་ལ། །སྙིང་ལ་སྣོད་ཀ་༡གཏར་ཞིང་མཐེ་བོང་༢བསྲེགས། །དེ་བཞིན་གློ་བར་དྲུག་༣མགོ་མཛུབ་མོ་དང་༤། །མཆིན་པར་རུ་ཐུང་གུང་མོ་༦མཚེར་པ་ལ། །རྟ་མཐུར་༧སྲིན་ལག་རམཁལ་མར་བྱིན་གཞུག་༩དང་། །མཐེའུ་ཆུང་༡༠ཕོ་བར་རྭ་༡༡དང་སྲིན་ལག་༡༢ཏེ། །མཁྲིས་པར་གཤའ་༡༢རིང་གུང་མོ་རྒྱུ་མ་༡ ༣ལ། །དེ་ཡི་རྩ་༡༤དང་མཐེ་བོང་༡༥བསམ་སེ་འུར། །བྱིན་ཀྱོག་ལྷང་པར་ལོང་རྩ་༡༧མཐེབ་༡༨ཆུང་དང་། །ལོང་ལ་མཛུབ་༡༩མོ་དེ་རྣམས་གཏར་ཞིང་བསྲེགས། །ཁྱད་པར་སྙིང་ལ་ཚིགས་པ་བདུན་༡པ་དང་། །དེ་བཞིན་གློ་བར་བཞི་༢དང་མཆིན་པར་དགུ་༣། །མཚེར་པར་བཅུ་གཅིག་༤མཁལ་མར་བཅུ་བཞི་པ་༥། །མཁྲིས་པར་བཅུ་༦པ་ཕོ་བར་བཅུ་གཉིས་༧པ། །བསམ་སེར་བཅུ་སྐུ་གསུམ་༨ལོང་ལ་བཅུ་དྲུག་༩སྟེ། །རྒྱུ་མར་བཅུ་བདུན་༡༠ཝང་པར་བཅོ་༡༡བརྒྱད་པ། །རང་རང་གསང་ཡིན་ཚད་དང་བསྟུན་ལ་བསྲེགས། །རྐང་པ་བཤལ་ན་ཚིག་པ་བཅུ་བཞི་༡པ། །གཡས་གཡོན་


JKT017_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ནག་༢གཉིས་དང་ན་གུ་གཉིས། །དཔྱི་མིག་༦པུས་ཚིགས་༧ཕྱི་ནང་རྐང་མཐིལ་བསྲེགས། །ལག་པར་སྒྲོག་༡རུས་༢གཤོང་དང་འཇའ་༤བྱེད་གཉིས། །དཔུང་ཚིགས་༦ཕྱི་ནང་རཏྣ་རལག་མཐིལ་༡༠བསྲེགས། །རླུང་ཤས་ཆེ་ན་དང་པོ་ཁ་གསུམ་གདབ། །མདོར་ན་ནད་མིག་གར་ཡོད་སྤུ་བས་བསྲེགས། །ཡང་ན་རྒྱ་ནག་འཕྲུལ་གྱི་མེ་བཙལ་ནི། །ཤུག་པའི་བྱང་བུར་རཾ་ཡིག་བཞི་ལྟག་སྤྲད། །བྲིས་ལ་དར་དམར་སྟེང་བཀབ་ནད་མིག་སྟེང་། །བཞག་པའི་རཾ་དཀྱིལ་དར་ཐོག་སྤུ་མེས་བསྲེགས། །དུ་བ་མ་ཆད་བར་དུ་སྔགས་ཨ་ན་ཡ། འདི་གདབ། །དེ་ཡི་རྩ་འབྲུམ་རྩ་དཀར་རིགས་ཀུན་འཇོམས། །རྒྱ་གར་མེ་བཙའ་ཉི་མས་བསྲེགས་པ་ནི། །ནད་དམིགས་སྟེང་དུ་ཤོག་དམར་དར་དམར་བཀབ། །དེ་སྟེང་ཤུག་དམར་བྱང་བུ་ཤོག་བུ་ཙམ། །ཚ་བ་གསུམ་གྱི་ཆུ་ལ་ཞག་གཅིག་སྦངས། །སྐམ་ནས་མཚལ་གྱིས་རཾ་བརྒྱད་མགོ་རུབ་བྲི། །སྔགས་ཨོཾ་ཨ་ན་ལར་ཀ་ཛ་རཾ། འདི་ཉེར་གཅིག་བགྲང་ལ་ཕུ་ཡིས་བཏབ། །སྔ་དྲོའི་དུས་སུ་ཤར་བལྟས་ཤེལ་གྱི་མེ། །ཉི་མའི་དཀྱིལ་འཁོར་བསམ་ལ་དེ་འོད་། ཀྱི། གདོན་བགེགས་ནད་ཀུན་ལྷག་མེད་བསྲེག་པར་བསམས། །སརྦ་རོ་ག་ད་ཧ་ན་རཾ། སརྦ་གྲ་ཧ་ན་ད་ཧ་ན་རཾ། གཟའ་ནད་ཆུ་སེར་རྩ་ནད་ཀུན་ལ་ཕན། །རྟེན་འབྲེལ་མེ་བཙའ་རང་ཉིད་ལྷ་མོའི་སྐུ། །


JKT017_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ། །ཕྱག་གཡས་མེ་ཡི་ཞགས་པ་གཡོན་པ་ཡི། །སྡིགས་མཛུབ་མཛད་པས་ནད་གདོན་ཚར་བཅད་བསྒོམ། །ནད་དམིགས་སྟེང་དུ་དར་དམར་ཆུང་ངུ་དང་། །དེ་སྟེང་ཤོག་དམར་ཤུག་པའི་འཁོར་ལོ་རྣམས། །རིམ་བཞིན་བརྩེགས་མར་དཔེ་འུ་རིས་ལྟར་འབྲི། ཨབྷཱུཏུཾ། སྤུ་མེའམ་ནི་ཤེལ་གྱི་མེ་འོད་ཀྱིས། །བསྲེགས་བྱས་སྔགས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ། འདི་ཉི་ཤུ་རྩ་གཅིག་བཟླས། །ཧ་ཧ་ཞེས་པའི་སྒྲ་དང་བཅས་ཏེ་སྦར། །དེ་ཚེ་མཁའ་མཐས་གཏུགས་པའི་འགྲོ་ཀུན་དང་། །ཁྱད་པར་ནད་པ་དེ་ཡི་ནད་གདོན་ཀུན། །ནད་དམིགས་དེར་ཐིམ་ཊཱཀྐི་ཡེ་ཤེས་མེས། །དུག་གསུམ་རྒྱུ་དང་བཅས་པ་བསྲེགས་པར་བསམ། །དེ་ནས་མི་ལྡོག་ཕྱིར་དུ་སྔགས་ཨོཾ་ཧ་ཀྵ་མ་ལ་ཝ་ར་ཡཾ་སྭཱ་ཧཱ། འདི་ཉིད། །ཉེར་གཅིག་བཟླས་མཐར་བྱུང་ཚོར་སྤྲོས་པ་ཡིས། །མ་བཅིངས་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀློང་། །བསམ་གཞག་བྲལ་བའི་ངང་ནས་ཅི་བདེར་བཞག །གར་མིག་འབྲས་མ་གཏོགས་ཡང་བཏབ་རུང་རྒྱས་ཚད་མ་གཏོགས་པའི། །ནད་རྣམས་ཀུན་འཇོམས་ཁྱད་པར་གདོན་ལ་བསྔགས། །གཞན་ཡང་ཆུ་དང་རྭ་དང་རིན་པོ་ཆེ། །རྡོ་ཡི་མེ་བཙའ་ལ་སོགས་སྐབས་བསྟུན་སྦྱར། །ཁྲག་ཤས་ཆེ་ན་གང་ཉེའི་རྩ་ལ་གཏར། །ཁྱད་པར་ཟབ་མོའི་སྔགས་ཀྱི་བཅོས་


JKT017_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རྩ་དཀར་ཀྲ་ག་སོད། དམར་ཀྲ་སོད། དམར་ཤིག་ཤིག་སོད། །ཅེས་བཟླས་མདའ་འཕང་གོ་ལྡོག་མནན་པས་སེལ། །ཡང་ན་རྒྱ་ཤོག་གཙང་མར་རྒྱ་སྣག་གིས། །སྔགས་སི་ཏི་མཱ་ར་ཡ་ཕཊ༔ འདི་བྲིས་ནས་ལྟོ་སྟོང་དུས་སུ་བཏང་། །ཀུན་གྱི་སེལ་དཀའ་དངུལ་ཆུ་བྱང་བ་དང་། །རྒྱ་ཚ་ཆ་མཉམ་དུར་བྱིད་རེ་རལ་པ། །གུར་གུམ་མ་གི་ཤུག་ཚེར་དེ་ཡི་སྟེང་། ཤིང་མངར་ཉ་ཕྱིས་དྲི་ཆུས་རིལ་བུར་དྲིལ། །རྩ་སྦྱོངས་ལག་འདི་ཡི་ལག་ལེན་བུ་ཡིག་ལས་གསལ་ལེན་ཚུལ་བཞིན་བཏང་བ་གཅེས། ཁ་ཟས་བསིལ་དང་ཡང་བའི་རིགས་རྣམས་སྤངས། །དྲོད་བཅུད་ལྡན་པ་བསྟེན་ཞིང་ཁྱད་པར་དུ། །ཚ་བ་བྲི་ནས་སྦྲང་ཆང་སྦྱར་བ་འམ། །གར་ཆང་བུ་རམ་བཏབ་བཏང་མཆོག་ཏུ་ཤིས། །སྐེམ་པོ་རྒྱས་ཕྱིར་བཅུད་ལྡན་སྨན་མར་བཟའ། །སྤྱོད་ལམ་མི་ཐེག་ཁུར་སོགས་དྲག་ཤུལ་ལས། །རོལ་སིལ་ཆུ་ཀླུང་སྒྲ་དང་བརླན་སྟེང་ཉལ། །ལྟོ་དང་གཉིད་ཆག་ཁྱད་པར་སློང་རྐྱེན་སྤངས། །ཤིན་ཏུ་དྲོ་ཞིང་ཡིད་མཐུན་དབེན་པ་རུ། །ལུས་ངག་ཡིད་གསུམ་མ་འཁྲུགས་དལ་བར་འདུག །མདོར་ན་རླུང་ལྡན་བཅུད་བསྟེན་མེ་ཚུགས་བྱ། །མཁྲིས་པར་རྩ་དང་ལྟོ་ནས་སྦྱངས་བྱ་ཞིང་། །བད་ཀན་རང་བྱུང་བཅོས་མའི་ཆུ་ཚན་ཞུགས། །འདུས་པའི་ནད་ལ་དེ་ཀུན་འདྲེས་པར་བཅོས། །ཁྱད་པར་མ་ནོར་ངོས་ཟིན་བརྟགས་པའི་ཚུལ། །


JKT017_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཅེས་ཕྱིར་ཡོན་ཏན་རྒྱུད་ལས་ཀྱང་། །གང་ཞིག་རྩ་དཀར་ནད་ཚུལ་མི་ཤེས་པར། །གཟའ་ཕོག་ཟེར་བའི་སྨན་པ་བླུན་པོ་སྟེ། །ཞེས་དང་དེ་བཞིན་ཚུལ་འདིར་གོམས་བྱས་ནས། །ནད་གཞན་ཕལ་གྱི་བཅོས་ཚུལ་རྟོགས་འགྱུར་ཕྱིར། །ཐབས་འདི་རྨ་རྣམས་ཀུན་གྱི་ལོག་གནོན་དང་། །རིམས་དུག་བརླ་གཉན་ནད་ཀྱི་མདེ་ཁ་ཡིན། །ཞེས་གསུངས་དེ་ཕྱིར་ཞིབ་མོའི་བློ་ཡིས་སྤྱོད། །ཚུལ་འདིར་ཚད་མེད་སྙིང་རྗེའི་གདོང་པ་བཞིར། །ལུང་རྟོགས་འདྲེན་བྱེད་བརྒྱད་ཀྱི་འཇོ་སྒེག་ཅན། །གང་གི་བཀའ་སྩལ་ཨུཏྤལ་གཞོན་ནུའི་ཆུན། །གྲུབ་པར་མཛོད་ཅེས་རྣ་བའི་རྒྱན་དུ་བྱིན། །དེ་ཕྱིར་རྒྱུད་དང་མན་ངག་ཆུ་གཏེར་ལས། །ལེགས་འོངས་ཕན་བདེ་ནོར་བུའི་འཁྲི་ཤིང་མཆོག །གཞན་ཕན་བརྩོན་པའི་ཤིང་རྟས་ཉེར་དྲངས་ཏེ། །ངོ་མཚར་པདྨ་གསར་པའི་ཕྲེང་བར་སྤེལ། །སླར་ཡང་དེ་ལས་བྱུང་བའི་རྣམ་དཀར་དགེ །ཕུན་ཚོགས་དོན་གཉིས་སྤྲིན་གྱི་རོལ་མོ་ཡིས། །འགྲོ་ཀུན་རྣམ་འགྱུར་གདུང་བ་ཡོངས་བསལ་ཏེ། །ཐར་པ་མཆོག་གི་དགའ་ཚལ་འཕེལ་གྱུར་ཅིག །ཅེས་རྩ་དཀར་གྱིས་བཅོས་ཚུལ་དོན་ཚང་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ་ཞེས་བྱ་བ་འདི་ནི་དཔལ་ལྡན་བླ་མ་དམ་པ་ཆོས་ཉིད་མཚན་ཅན་གྱིས་ལྷ་རྫས་རེག་བྱ་དང་བཅས་ཏེ་བཀའ་སྩལ་གྱིས་ཡང་ཡང་བསྐུལ་བ་ལྟར་


JKT017_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྨོངས་པ་འཇིགས་མེད་མཁྱེན་བརྩེའི་མྱུ་གུས་མྱུར་དུ་སྦྱར་བ་སརྦ་ས་མནྟ་མངྒ་ལཾ།། །།


previousརྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ།next