Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ།next

འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ།


JKT017_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ་ཞེས་བྱ་བ་བཞུགས་སོ། །ན་མ་བཛྲ་པཱ་ཎི་ཡེ། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེའི་ལང་ཚོ་ནི། །བདེ་ཆེན་སྙིང་རྗེའི་དཔྱིད་དང་རོ་གཅིག་པས། ཁ་སྦྱོར་ཡན་ལག་བདུན་གྱི་མཚན་དཔེ་ཅན། །གསང་བ་འཛིན་པའི་བདག་ཉིད་སྙིང་དབུས་རོལ། །ཆེས་ཆེར་སྙིགས་༧ མར་གྱུར་པའི་དུས་འདི་རུ། །མི་བཟད་འབྱུང་པོའི་ཁ་རླངས་གཡོས་པ་ཡིས། །ལུས་ཅན་སྒོ་གསུམ་ལ་འཁྱུད་སྡུག་བསྔལ་ཁུར། །དབུགས་འབྱིན་འབབ་སྟེགས་གསར་པ་དེང་འདིར་སྦྱིན། །དེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། །རྒྱུ་རྐྱེན་མི་དགེའི་ལས་ལ་བག་མེད་སྤྱོད། །གྲོགས་མེད་གདོན་ཅན་གནས་སུ་གཅིག་པུར་བསྡད། །ནུས་མེད་བཞིན་ཏུ་འབྱུང་པོར་མཐོ་མཚམས་དང་། །མཆོད་༧འོས་ཆགས་དང་ལུས་ངག་ཡིད་མཚམསཾ་འདས། །མྱ་ངན་དྲག་པོས་གདུང་སོགས་རྐྱེན་ལས་འབྱུང་། །དབྱེ་བ་ལྷ་ཀླུ་ལྷ་མིན་དྲི་ཟ་དང་། །གནོད་སྦྱིན་ཚངས་པ་སྲིན་པོ་ཤ་ཟ་དང་། །ཡི་དྭགས་གྲུལ་བུམ་བྱད་སྟེམས་གཡེངས་བྱེད་དང་། །རོ་ལངས་མཚུན་ལྷ་བླ་མ་དྲང་སྲོང་རྒན། །གྲུབ་པ་ཞེས་བྱའི་གདོན་ཆེན་བཅོ་བརྒྱད་དུ། །གསུངས་ཀྱང་ལྔ་བརྒྱ་ཐ་མའི་དུས་འདི་རུ། །ཕལ་ཆེར་རྒྱལ་འགོང་


JKT017_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྲི་བཙན་གྱི་བོས། །གནོད་པ་མང་ཕྱིར་དེ་ཡི་གཉེན་པོ་གཅེས། །མངོན་རྟགས་སྤྱི་རུ་ལུས་ངག་ཡིད་ཀྱི་ལས། །སྔར་ལས་འགྱུར་ཞིང་སེམས་འཕྱོ་སྙིང་མི་དགའ། །འགའ་ཞིག་འཇིགས་སྐྲག་དངངས་དང་ཤེས་པ་འཁྲུལ། །ཚབས་ཆེ་དབང་མེད་རང་སྲོག་གཅོད་པ་ཡོད། །བྱེ་བྲག་མཚན་ཉིད་སྒོ་གསུམ་སྤྱོད་ཡུལ་ཀུན། །གང་གིས་འཚེ་ལྷ་གདོན་སཾ་སྐྲྀ་ཏ་ཡི་སྐད་སྨྲ་བྱ་ཞིང་བྱད་སྔར་བས་མཛེས་བ་དང་། གཙང་སྦྲ་ཆེ་བ་སོགས་ཐ་དད་དོ། །བ་དེ་ཡི་རྗེས་སུ་འགྲོ། །དེ་དག་དང་པོ་མི་འབྱུང་སྲང་བ་དང་། །བར་དུ་བཅོས་ཐབས་ཐ་མ་རྗེས་གཅོད་དོ། །དང་པོ་ཚད་མེད་སྙིང་རྗེས་རྒྱད་བརླན་ཞིང་། །སྒོ་གསུམ་ལྷ་སྔགས་ཆོས་སྐུར་རོ་གཅིག་ན། །མི་ཤིགས་སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར། །འོན་ཀྱང་རྫས་ཀྱི་སྲུང་བ་ག་བུར་དང་། །བཟང་དྲུག་གླ་རྩི་ཤིང་ཀུན་ཤུ་དག་ནག །གུ་གུལ་ལ་སོགས་དྲི་ལྡན་སྨན་སྣ་དང་། །བ་བླ་ལྡོང་རོས་མུ་ཟི་བྱ་རྒོད་སྤོས། །ས་རྡོ་སྔོ་སྨན་དྲི་ཅན་ཐམས་ཅད་དང་། །བསེ་དྲི་ཅན་དང་བཤུལ་ཆགས་ཤ་རྣམས་དང་། །བྱ་གཅན་ར་ལུག་ལ་སོགས་སེམས་ཅན་གྱི། །སྤུ་བྲུན་ཆུ་དང་སེན་མོ་མཁྲིས་པ་དང་། །སྦལ་སྦྲུལ་ཉ་དང་ལྕོང་མོ་ལ་སོགས་ཤ། །འབྲུ་སྣ་དུག་སྣ་ཁྲག་སྣ་ཀུན་བསགས་ལ། །ཞིབ་ཏུ་བཏགས་ལ་རིལ་བུར་དྲིལ་བྱས་ཏེ། །དུ་བས་བདུག་དང་ཁུ་བ་བཀུ་བ་དང་།


JKT017_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་བཏང་བས་འབྱུང་པོའི་གདོན་ཀུན་འབྱེར། །སྟེང་གདོན་འོག་གདོན་ཀུན་དང་རིམས་རྣམས་ཐུབ། རྒྱུད་ལས་བྱུང་། ཡང་ན་མུ་ཟི་གུ་གུལ་གླ་རྩི་ནག །སྨན་ཆེན་མཁན་དམར་སྤུ་བའི་རྩ་བ་དང་། །ཤིང་ཀུན་སྒོག་གཅིག་སྤྱང་ཚེར་ཁྲག་སྣ་གསུམ། །སྤྱང་དུག་ཐལ་ཆེན་ཡུངས་ཀར་རྨ་བྱའི་མདོངས། །ཉུངས་ནག་སྐྱེ་ཚེ་གཅན་གཟན་མཆེ་སྡེར་དང་། །ཤ་གསུམ་རྭ་གཉིས་དྲི་ཆུས་རིལ་བུ་དྲིལ། །དབང་ཆེན་འབར་བའི་སྔགས་ཀྱིས་ངར་བཏབ་སྟེ། །བཟའ་བྱུགས་བདུག་དང་འཆང་བས་གདོན་ཚོགས་ཀུན། །བསྲུང་ཞིང་འཇོམས་བྱེད་རྡོ་རྗེ་ཅན་དང་མཚུངས། །གཞན་ཡང་ནག་པོ་དགུ་ཡི་སྦྱོར་བ་ཉིད། །ལྷ་སྔགས་གནད་དང་ལྡན་ན་ངེས་པར་ཐུབ། །ཁྱད་པར་གྲོ་ག་ཤོག་བུ་གང་རུང་ལ། །གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བ་རུ། །ཉི་ཟླའི་དཀྱིལ་འཁོར་དབུས་སུ་ཧཱུྃཡིག་མཐར། །མུ་ཁྱུད་ཟླུམ་པོ་རིམ་བཞིན་བསྐོར་བའི་ནང་། །གཟུངས་སྔགས་ཨོཾ་གུ་རུ་བཻཌཱུརྱ་ས་མུངྒ་ཏེ་སྭཱ་ཧཱ། འཆང་བ་པོ་ལ་ནད་གདོན་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ སྤེལ་ཚིག་བཅས་པ་གཡས་བསྐོར་དང་། དབྱངས་གསལ་རྟེན་སྙིང་རྡོ་རྭ་མེ་རི་བྲི། །ཁྱུང་ལྔ་རྡོ་རྗེ་གསུམ་དང་བཟང་པོ་དྲུག །གུ་གུལ་ག་བུར་ཤིང་ཀུན་བ་བླ་བྱུག །བྱིན་བརླབས་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །མི་ལག་མི་བརྒྱུད་མགུལ་དུ་གདགས་པ་ཡིས། །ནད་རིགས་ཀུན་


JKT017_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་རུང་འབྱུང་པོའི་གདོན། །སྲུང་བྱེད་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་ཡིན། །གང་ཞིག་ནད་གདོན་སྲུངས་སོགས་དགོས་དོན་དམིགས་བསལ་ཡོད་ན་དེ་དག་བྲི། གཞན་ཡང་ཙཀྲ་ཟ་ཡིག་ལ་སོགས་པ། །མན་ངག་ཟབ་མོ་གཞན་ལྟར་རིག་པས་འཕྲུལ། །བར་དུ་བཅོས་ཐབས་སྨན་སྔགས་ཟས་སྤྱོད་བཞི། །ཐོག་མར་བྱཱ་ཀྲི་སྤང་སྤོས་ཤུ་དག་ནག །རྨ་བྱའི་སྒྲོ་དང་སྦྲུལ་ལྤགས་བྱི་ལའི་བྲུན། །སྲན་ཕུབ་ཆ་མཉམ་སྦྱར་བའི་དུ་བས་བདུག །ཡང་ན་བཙན་དུག་ཐལ་ཆེན་དྲི་ལྡན་གཉིས། །སྤུ་ནག་བྱི་ཀུ་མུ་ཟི་ཀཱ་ལ་དང་། །ལྡོག་དུག་སྦྱར་བའི་ཕྱེ་མ་ལོ་བརྒྱད་ཆུས། །རིལ་བུར་དྲིལ་བ་བྱིན་ཟས་འཁྱུད་པ་ལས། སྟེང་འོག་གྲིབ་གདོན་འབྱུང་པོ་མྱུར་དུ་འབྱེར། །ག་བུར་གླ་རྩི་ཤིང་ཀུན་ཤུ་དག་ནག །མུ་ཟི་སྒོག་སྐྱ་མཁན་པ་སྤུ་བ་ནག །མི་ཤ་རྒོད་སྤོས་རྟ་བོང་བྱི་ལའི་བྲུན། །ཨར་ནག་པདྨའི་མེ་ཏོག་བུངས་ཆེར་བསྐྱེད། །ཞིབ་བཏགས་ལོ་བརྒྱད་ཨེ་ཀྲོས་རིལ་བུ་དྲིལ། །ཁོང་དུ་བཏང་དང་བདུག་པས་ནད་གདོན་འཇོམས། །ཁྱད་པར་ནུས་ལྡན་རྣམ་སྣང་མ་གི་ཏ། །བྲུན་གཉིས་ཚིལ་ཆེན་གུ་གུལ་འོ་མ་འཛིན། །ཆུ་རྩ་སྟག་ཤ་གཞོབ་གཉིས་ནག་པོ་གསུམ། །རྒྱ་ཚྭ་ཤིང་ཀུན་རེ་ལྕག་རྩ་བ་བཅས། །ཞིབ་བཏགས་རྫས་ཆེན་བཅོ་བརྒྱད་སྦྱོར་བ་སྟེ། །ཕྱི་ནས་བྱུག་བདུག་དྲི་ཆུས་ཁོང་དུ་ཕུལ། །གསོ་དང་སྲུང་དང་


JKT017_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་བའི་མཆོག །གཞན་ཡང་ཨ་གར་ནག་པོ་ཤིང་ཀུན་དང་། །སྙིང་ཞོ་བཟང་དྲུག་ཙན་དན་དཀར་དམར་གཉིས། །སྒྲོན་ཤིང་གླ་སྒང་ནཱ་ག་གེ་སར་དང་། །ཨུཏྤལ་སྒ་སྐྱ་ཤུ་དག་བོང་ང་དམར། །སྤང་སྤོས་རུ་རྟ་བྲེ་ག་བོང་དཀར་དང་། །བདུད་རྩི་ཆོས་སྨན་བུར་སྨུག་རིལ་བུར་དྲིལ། །དགོངས་དང་ཐོ་རངས་མྱོས་བྱེད་ཁུ་བས་ཕུལ། །མཆོག་ཏུ་ཟབ་པ་པཉྩ་པཀྵའི་སྟེང་། །བཟང་དྲུག་གེ་སར་སྙི་ཞོ་ཁ་རུ་ཚྭ། །ཨར་ནག་ཡུངས་ཀར་ཐལ་ཆེན་ཟི་ར་གཉིས། །ཤ་ཁྲག་ཙིཏྟ་མིང་ཅན་དྲི་ལྡན་གསུམ། །དམར་གསུམ་གསང་སྨན་ཁ་བསྒྱུར་ཐ་དད་ཅན། །ལོ་བརྒྱད་མི་བསྐྱོད་པ་ཡི་རིལ་བུར་དྲིལ། །ལག་ལེན་མན་ངག་གནད་དང་ལྡན་པ་ན། །ས་སྟེང་འདི་ཡི་གྲིབ་གདོན་འབྱུང་པོའི་རིགས། །སྦྱོར་བ་འདི་ཡིས་མི་སེལ་ག་ལ་སྲིད། །དེ་ཕྱིར་མཆོག་ཏུ་གསང་བའི་མན་ངག་གོ །གཞན་ཡང་བསམ་འཕེལ་སྦྱོར་བ་ཆེ་ཆུང་དང་། །ཨ་གར་ཉི་ཤུ་ལ་སོགས་སྐབས་བསྟུན་སྦྱར། །ཙན་དན་གུརྒུམ་སུག་སྨེལ་འབྲས་བུ་གསུམ། །གྷནྡཱ་པ་ཏྲ་དུག་ཉུང་སྤུ་ཤེལ་རྩེ། །ཡུངས་ཀར་རྒྱ་ཚ་ཤུག་པ་པྲི་ཡང་ཀུ། །དབྱི་མོང་རུ་རྟ་ཧོང་ལེན་བོང་ང་དཀར། །སྤང་མ་ལྡོང་རོས་གཅིན་དྲུག་མར་རྙིང་ལ། སྦྱར་བ་ཁུས་འདེབས་སྨན་མར་ཞེས་བྱ་སྟེ། །བཟའ་བྱུག་སྣར་བླུགས་གདོན་ལས་མྱུར་དུ་གྲོལ། །གུ་གུལ་


JKT017_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུ་ནག་བ་བླ་སྤྱང་བྲུན་དང་། །ཚིལ་ཆེན་ཤ་ཆེན་རྭ་གཞོབ་ཤུ་དག་ནག །རྨ་བྱའི་ཁྲག་བཅས་ནུས་ལྡན་མི་བསྐྱོད་པས། །རིལ་བུར་དྲིལ་ཞིང་ཕག་ཚིལ་སྦྱར་བ་བྱུག །འབྱུང་པོ་སྤྱི་དང་སྟེང་འོག་གདོན་ཀུན་འཇོམས། །སྔགས་ཀྱིས་བཅོས་པ་སྤྱི་དང་བྱེ་བྲག་གཉིས། །དང་པོ་རྒྱ་ཤོག་གཙང་མར་རྒྱ་སྣག་གིས། །ཡིག་འབྲུ་ཀླུ་འདི་བྲིས་ལྟོ་སྟོང་བཏང་བ་ཡིས། །གདོན་རིགས་ཐམས་ཅད་ཞི་ཞིང་རླག་པར་བྱེད། །ཡང་ན་སྔོགས་བྷཝནཝདྷནཾ་ཀུདྷནཙཡཐདྷན༔ འདི་དག་པར་བྲིས་པ་ལ། །ཐ་དད་རྫས་ཀྱིས་བྱུག་སྟེ་དུས་སུ་བཟའ། །ཚེ་རིང་སྡེ་བརྒྱད་འབྱུང་པོ་གསོ་དང་བསྲུང་། །གཞན་ཡང་ཡིག་རྒོད་འདི་ཉིད་ལཉྫ་བྲིས་པའམ། །ཟ་ཡིག་འདི་སྒྱུ། ལྷོ། གཉིས་གང་རུང་སྲོད་འཁོར་དུས། །བསྟེན་པས་སྡེ་བརྒྱད་འབྱུང་པོའི་གདོན་ཀུན་འཇོམས། །བྱེ་བྲག་རྒྱལ་འགོང་གནོད་པར་གསང་སྔགས་བྷགཔཎཤགཔཎགུགཔཎ་ལ་འདི། །ལེགས་པར་བྲིསཝཾ ཏེ་གཤམ་ནས་དྲིལ་ལ་བཏང་། །དེ་བཞིན་རྒྱ་ཤོག་གཙང་མར་རྒྱ་སྣག་གིས། །འདི་བྲིས་གཤམ་དྲིལ་ཟོས་པས་བཙན་གནོད་ཐུབ། །ཡང་ན་ཡིག་རྒོད་པཎ། འདི་མེད་གང་དང་མཚུངས། །གྲེ་བོར་འདི་ཉིད་བྲིས་ཨོ་ཕྲ་མོ་མཱ་ར་ཡ་ཕཊ། ཏེ་ཟོས་པས་ཞི། །གྲེ་མོར་སྔགས་འབྲུ་འདི་གསུམ། ཉྨྙོ། བྲིས་ཏེ་ཟ། །ཀུན་ལ་ལྷ་བསྐྱེད་སྔགས་རྟ་མགྲིན་སོགས་རང་རང་


JKT017_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ། བཟླས་རབ་གནས་བྱ། །གཞན་ཡང་རང་རང་བསྲུང་དང་གསོ་བའི་ཚོགས། །དཔག་ཏུ་མེད་ཕྱིར་དེ་དག་གཞན་ནས་གསལ། བླ་མ་དགོངས་པ་འདུས་པའི་ལས་བྱང་གིས་ཡན་ལག་སོགས་ལས་མང་དུ་འབྱུང་ངོ་། །མཆོད་སྦྱིན་ལ་སོགས་བསོད་ནམས་བསགས་པ་དང་། །བསྐྲད་གཟིར་བསྲེག་མནན་ལ་སོགས་དྲག་པོ་དང་། །མདོས་གཏོར་སྦྱིན་སོགས་ཞི་བའི་ཆོ་ག་བཏང་། །ཀུན་གྱིས་སེལ་དཀའ་པདྨེ་དམར་ཁྲ་ནི། །ཉེར་གཅིག་ནག་པོ་གསུམ་དང་རྒྱ་ཚྭ་རྣམས། །ལུག་རིལ་ཙམ་དང་སྡིག་སྲིན་མཚལ་དཀར་དང་། །ཉི་དགའི་འབྲས་བུ་ཧ་ཤིག་ཐུན་རེ་མཉམ། །དུར་བྱིད་མཐེབ་ཙམ་དན་རོག་རྡོག་པོ་ལྔ། །ཨ་རུ་མཆུ་སྨྱུང་བཅུ་དགུ་ཐར་ནུ་ཡི། ཁཎྜ་མཐེབ་ཙམ་རེ་ལྕག་དེ་དང་མཚུངས། །ཆུ་རྩ་ཞོ་གཅིག་སྒ་ཏིག་ཁྱོར་བ་གང་། །ལྕམ་དཀར་རྩ་བ་མཐེབ་ཚིག་ཙམ་པ་གཉིས། །དེ་རྣམས་ཞིབ་བཏགས་ནུས་ལྡན་ཨེ་ཀྲོ་ཡིས། །ཁཎྜར་ལེགས་བསྡུས་དེ་སྟེང་ཨར་ནག་དང་། །ཆུ་སེར་སྨན་གསུམ་སྤུ་བ་ཤུ་དག་ནག །རྟ་བོན་མུ་ཟི་སྡོམ་སྡིག་སྦྱར་བ་ནག །སྦལ་ཉའི་ཤ་དང་དངུལ་ཆུ་ཁྲག་སྣ་ལྔ། །སྒོག་གཅིག་ཤིང་ཀུན་རུ་རྟ་གླ་བའི་རྩི། །གསེར་མདོག་ཆོས་སྨན་བྱ་མོ་ཁྱི་སྤྱང་དང་། །ཕག་བྲུན་རུས་སྦལ་པིར་ཤ་གཟའ་དུག་པ། །ཀླུ་བདུད་ཉ་ཁྲབ་སྟག་ཤ་རྒྱ་ཚིལ་དང་། །གཞོབ་ལྔ་རྨོངས་ཁའི་སྤྲེ་


JKT017_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནལ་བུ་དང་། །སྲེ་མོང་བྱ་རྒོད་པུ་ཤུད་སྐྱེ་བདུན་ནམ། །གྲུབ་པ་ཐོབ་པའི་གདུང་རྣམས་རྩི་བཞིན་བཏགས། །ཆང་ཞིམ་དག་གིས་རིལ་བུ་སྲན་སྦོས་ཙམ། །རབ་གནས་སྔགས་ཀྱིས་ངར་བཏབ་དགོངས་དུས་སུ། །གཡེར་ལྕམ་ཐང་གིས་རྩ་ཁ་དབྱེ་བྱས་ཏེ། །ཐོ་རངས་ལྔ་བདུན་དགུ་སོགས་སྟོབས་སྦྱར་བཏང་། །སྔོན་དངོས་ལས་ལྔ་སྤྱི་དང་མཐུན་པར་སྤྱད། །དེ་ཡིས་གདོན་བྱེར་བགེགས་འདུལ་ནད་ཀུན་བཅོམ། ཁ་ཟས་བསིལ་དང་རྩུབ་པའི་རིགས་རྣམས་དང་། ཁྱད་པར་གྲིབ་གདོན་བསྐྱེད་པའི་ཟས་ཀུན་གདོན་ཅན་གྱི་ས་ནས་ཁྱེར་བའི་ཤ་ཆང་སོགས་སྤངས། །ཡང་ཤིང་འཇུ་སླ་དྲོད་བཅུད་ལྡན་པ་བསྟེན། །ཞུན་མར་བཟའ་དང་བྱུག་ཅིང་རླུང་གསང་མཉེ། །སྤྱོད་ལམ་གྲོགས་མེད་ཉམས་ངར་སྡོད་པ་དང་། །སྨྲ་མང་མྱ་ངན་འཇིགས་སྔངས་འུར་ཟིངས་སྒྲ། །ཁྱད་པར་སློང་རྐྱེན་གང་ཡིན་རྟག་ཏུ་བསྡམས། །དབེན་ཞིང་ཉམས་དགའ་མི་མཐུན་བྲལ་བའི་སར། །ཡིད་འོང་གྲོགས་བསྟེན་སྙན་པའི་ཚིག་གིས་བྲིད། །རིགས་སྔགས་སྤྱི་དང་རྨ་བྱ་ཆེན་མོ་སོགས། །ཁྱད་པར་གདོན་གང་ཡིན་པའི་གཉེན་པོ་བཟླ། །དེ་ཡི་མི་བཟད་གདུག་པའི་གདོན་ལས་གྲོལ། །རྗེས་གཅོད་མཚོག་གསང་སྡུད་སྒོ་དྲུག་བདུན་དང་། །དཀར་ནག་མཚམས་རྣམས་བསྲེགས་ཅིང་ཙཀྲ་གདགས། །གཞན་


JKT017_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཨ་ཝ་དྷཱུ་ཏཱིའི་འོག་རོལ་གྱི། །ཡིད་ཀྱི་རྩ་ལ་གདོན་ཞུགས་ལམ་བཀག་པས། །རྣམ་ཤེས་སྨྱོ་བྱེད་ནད་འབྱུང་དེ་ཉིད་ལས། །ཐོག་མར་བདུད་རྩི་ལྔ་དང་ཏིལ་མར་གྱིས། །བཀུ་མཉེ་བྱ་ཞིང་བཙན་དུག་སྨན་མར་རམ། སྙིང་འཕྱོའི་སྐབས་སུ་བཤད་པའི། འབྲས་གསུམ་མར་སྟེང་ཞོ་ཤ་རྒོད་སྤོས་དང་། །རི་བོང་ཙིཏྟ་ཁ་ཚར་གདབ་པ་བཟའ། །ཁྱུང་སྟེང་ཛཱ་གུལ་ཤིང་ཀུན་ཨ་གར་ནག །སྤོས་དཀར་རི་སྙིང་སྦྱར་བའི་རིལ་བུ་བསྟེན། །ཟས་སྤྱོད་རྗེས་གཅོད་གོང་དང་རིག་པས་འཁྲུལ། །བྱེ་བྲག་རླུང་གྱུར་ཨ་གར་སྦྱོར་བ་བསྟེན། །ཨན་སྟོང་དཀར་ནག་མཚམས་བསྲེགས་མཁྲིས་ཤས་ཆེ། །སྙིང་རྩ་གཏར་ཞིང་ཏིག་ཏའི་སྨན་མར་སྦྱར། །བད་གྱུར་སྐྱུག་བྱ་མེ་ཡིས་རང་གསང་བསྡམས། ཚིག་པ་གསུམ་པ་སོགས། འདུས་པར་དེ་ཀུན་ལྡན་པས་བཅོས་པར་བྱ། །མྱ་ངན་ལས་བྱུང་མཐུན་པས་ཡིད་གསོ་ཞིང་། །དུག་ལས་གྱུར་པ་དེ་ཡི་གསོ་དཔའ་བོ་སེར་པོ་བོང་ང་དཀར་དམར་རྩད་རེ་རལ་ཡུང་བ་རྣམས་དྲི་ཆུས་རིལ་བུ་སྦྱར་ཞེས་རྒྱུད་ལས་འབྱུང་། ཐབས་སྦྱར། །གདོན་གྱུར་བྱུག་བདུག་རིལ་བུ་སྔར་བཞིན་བསྟེན། འབྱུང་གདོན་སྐབས་སུ་བཤད་པ་ལྟར། །དེ་བཞིན་བརྗེད་བྱེད་སྙིང་འདར་མགོ་འཁོར་ཞིང་། །ནམ་ལངས་དུས་སུ་འགྱེལ་དང་ལྦུ་བ་སྐྱུག །རྐང་ལག་གཡབ་ཅིང་མུན་པར་ཞུགས་སྙམ་སེམས། །དེ་ལ་ནི་རུ་ཧ་དང་སྣ་བཤལ་


JKT017_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། །འག་པ་བྱ་རོག་བྱ་རྒོད་གཟུགས་མོ་སྦྲུལ། །ཁྱི་སྤྲེ་རྟ་ཡི་ཆུ་སྒྲོ་བྲུན་དུད་བདུག །བ་སེར་མཁྲིས་ཁུ་སྦྱར་བའི་སྣ་སྨན་བླུགས། །ཤུ་དག་རུ་རྟ་མར་རྙིང་སྦྲང་སྦྱར་བྱིན། །འབོག་ཡུན་རིང་ན་སོར་མོ་ཉི་ཤུ་བསྲེགས། །དཔྱད་དང་རྗེས་གཅོད་གོང་བཞིན་རིགས་པས་འཁྲུལ། །གཞན་ཡང་འབོག་གྲབས་དུས་སུ་རྐང་མཐེབ་ཉིད། །སྐུད་པས་བཅིངས་ཏེ་བཟུང་བས་འབོག་འཕྲོ་བཅད། །ཚབས་ཆེ་ཙིཏྟ་རྣམ་གཉིས་ཆང་གིས་ཕུལ། །དེ་རྗེས་ཨ་གར་བརྒྱད་པའི་ཕྱེ་མ་བསྟེན། །ལྐུག་ན་གསང་བའི་སྨན་མཆོག་མིད་བས་འབྱེད། །གཞན་ཡང་ནད་གང་ཤས་ཆེའི་གཉེན་པོ་བསྟེན། །ཁྱད་པར་།ཟས་གོས་ལ་སོགས་འགོ་གྲིབ་རིགས། །བསྲུང་དང་གསོ་བའི་རིམ་པ་འདི་ལྟར་བྱ། །ཐོག་མར་གྲོ་ག་འམ་ནི་ཤོག་བུ་ལ། །མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར་ཡཏོརཡ སཱཧཱ། འདི་ཚག་མེད་དབུ་ཅན་བྲི། །དེ་རྒྱབ་མུ་ཁྱུད་འདབ་བརྒྱད་སྔགས་ཨུཏམིཊཡཏོརཡཏོརཡ། མོན་ཊ་ཀྲོདྷཡ༔ ཨཀཊོཏཡཏོར། ཨབྷུཀྲོདྷཡ། ཨུཊཤཊཡ། ཨེལིངཨེཊཡ། ལམོནཊཡ། ཨསནིཔིསནནཏྲཡཏོརཡཏོརཡསྭཱཧཱ། འདི་བཀོད། །དེ་རྒྱབ་རིམ་པར་ཨ་ལི་ཀ་ལི་དང་། །རྟེན་འབྲེལ་སྙིང་པོ་མེ་རིའི་འཁོར་བར་འབྲི། །ག་བུར་བཟང་དྲུག་བྱུག་ཅིང་ལྟེ་བ་རུ། །ཟུར་ཡང་མ་ཉམས་ཆུ་ཤེལ་


JKT017_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གཞུག །ཡེ་ཤེས་བསྐྱེད་ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཅིང་སྤྱན་དྲངས་རབ་ཏུ་གནས། །བྱ་རྒོད་སྡེར་མོ་གྲུམ་པའི་སྤུ་དང་ནི། །དར་དམར་གིས་དྲིལ་དྲོད་དང་མ་བྲལ་འཆང་། །འདིས་ནི་གྲིབ་གདོན་རིགས་ཀུན་ངེས་པར་ཐུབ། །རྟེན་འབྲེལ་རྫས་ཀྱི་སྒོ་ནས་གསོ་བ་ནི། །གཙོ་བོ་གསང་བའི་སྨན་ཅིག་ཐུན་ཅིག་ལ། །བཟང་དྲུག་ཙནྡན་དཀར་པོ་ཨ་གར་དང་། །གི་ཝཾ་སྤོས་གཉིས་ཟི་ར་གུ་གུལ་༧ གཉིས། །ཤུ་དག་དཀར་པོ་བཅས་ཏེ་ལེགས་སྦྱར་ཏེ། །བ་མར་འོ་མས་རིལ་བུ་དྲིལ་བ་ཉིད། །བཟའ་བྱུག་བདུག་པས་སྙིང་འཐིབ་བྱིང་རྨུག་སེལ། །གཞན་ཡང་དེང་དུས་ཕན་ཚུན་མ་འཆམས་པར། །ནུས་ཅན་ཀུན་གྱིས་རིག་སྔགས་སྦྱོར་བ་ཡིས། །སྒོ་གསུམ་བཅིངས་ནས་ཚུལ་མིན་སྤྱོད་པ་དང་། །སྡུག་བསྔལ་ཚོར་བ་དྲག་པོ་གཟིར་བ་ཉིད། །སྲུང་བའི་གདམས་པ་རྫས་དང་ཟ་ཡིག་གཉིས། །དང་པོ་རྨ་བྱ་བྱ་རོག་སྒྲོ་གཉིས་དང་། །སྟག་ཤ་ཙིཏྟ་བཅས་པ་མགུལ་དུ་གདགས། །ཡང་ན་མུ་ཟི་ལྡོང་རོས་རེ་ལྕག་པ། །རྟ་བོན་ཟི་ར་གུལ་ནག་བི་ཤ་དང་། །ཐར་ནུ་བརྒྱད་པོ་དར་དཀར་ནང་དུ་བསྐུམ། །སྤྱི་བོར་བཅིངས་ངམ་ཡང་ན་མགུལ་དུ་འདོགས། །དེ་བཞིན་ཡུངས་ཀར་ཀེ་ཤངས་དུག་ཁྲག་སོགས། །སྤྲེའུ་རི་བོང་ཏེ་ལོ་ནེ་ཙོའི་སྙིང་། །ཐལ་ཆེན་སྦྱར་བ་དྲི་ཆུས་རིལ་བུ་དྲིལ། །སྔགས་ཀྱིས་ངར་


JKT017_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་དཔྲལ་བར་ཐིག་ལེ་བྱ། །གྲི་ལྕགས་སོར་གདུབ་རྫས་དང་སྔགས་ཀྱི་ངར། །གདགས་ཏེ་སྲིན་ལག་ལ་བཅིངས་ངེས་པར་ཐུབ། །གཞན་ཡང་ཙཀྲ་ཟ་ཡིག་ལ་སོགས་པ། །མང་དུ་མཆིས་མོད་དེ་དག་གཞན་དུ་གསལ། །ཡང་ཅིག་དེང་སང་རྒྱལ་བཙན་གཟེར་དང་ནི། །ཁྱབ་འཇུག་མིག་ཟུར་དག་གིས་མཐོང་བ་ཡིས། །དྲན་མེད་བརྒྱལ་ཅིང་དབང་པོ་མ་ལུས་འཆོར། །དེ་རྣམས་མ་ཡིན་ཀླད་དཀྱིལ་མིར་ཁི་ཞེས། །འབུག་ནས་དེ་ཉིད་སྔོན་གྱི་ལས་དང་ནི། །འཕྲལ་བྱུང་གདོན་རྐྱེན་དག་གིས་འགུལ་བ་ལས། །དྲན་མེད་བརྒྱལ་ནས་སྤྱོད་ཡུལ་མ་ལུས་འཆོར། །དེ་ལ་སྲུང་དང་གསོ་བའི་རིམ་པ་གཉིས། །དང་པོ་སྔར་བཤད་གདོན་སྲུང་རིགས་དང་ནི། །ཁྱད་པར་རྒྱ་ཤོག་དག་ལ་རྒྱ་སྣག་གི །འདི་ཉིད་ཨོཾ་མ་ཏྲིང་ཏྲི་ཁྱིམས་སུ་སྭཱ་ཧཱ། བྲིས་ཏེ་ཐོ་རངས་དུས་སུ་བཟའ། །གསོ་བའི་ཐབས་ལ་གཏི་མུག་འཁོར་ལོ་དང་། །དེ་ཡི་བདུད་རྩི་ཝ་ར་སྐད་ཆེན་གྱིས། །དྲི་ཆུར་ཞིབ་བཏགས་སྣ་སྨན་མང་དུ་བཏང་། །འབུ་བྲལ་ཤི་རྟགས་སྣ་ནས་ཁྲག་རྒྱུན་འབབས། །ཡང་ན་མོད་ཀྱིས་འཚོ་ཡང་སྲིད་པ་ཡིན། །རྗེས་སུ་འཚོགས་གསང་སྨིན་མཚམས་སྡུད་སྒོ་བཞིར། །མེ་བཙའ་གདབ་བམ་ལྕགས་ཀྱི་ཏེལ་པས་སྲུངས། །དེ་ལྟར་ཟབ་རྒྱས་ས་སྲུང་དབང་པོ་སྟེ། །འཇོ་སྒེག་གཡོ་བའི་རྒྱུད་དོན་ལྷ་དབང་


JKT017_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གིས་། །མན་ངག་རྡོ་རྗེའི་རྩེ་བརྒྱ་གདེངས་པ་ཡིས། །འབྱུང་གདོན་ལྷ་མིན་མངལ་ཁུར་མངོན་པར་འཆིངས། །ཚུལ་འདི་ཚད་མེད་སྙིང་རྗེའི་ཟླ་གཞོན་གྱིས། །གཞན་ཕན་ཀུནྡའི་ལང་ཚོ་དར་བ་ལས། །ལེགས་འོང་ཕན་བདེ་སྦྲང་རྩིའི་དོག་པ་ཡིས། །འགྲོ་ཀུན་འཕྲལ་ཡུན་ཐར་པའི་གསོས་སྦྱིན་ཤོག །ཁྱད་པར་ལུང་རྟོགས་ཨུཏྤལ་གཞོན་ནུའི་གཟུགས། །ཆེས་ཆེར་མཚར་སྡུག་རྫོགས་བའི་རྣམ་འདྲེན་མཆོག །བསྐལ་བར་མི་ཤིགས་བཅུད་ལེན་གྲུབ་པ་ཡིས། །དོན་གཉིས་དགའ་སྟོན་གསར་པ་སྤྲོ་གྱུར་ཅིག །ཞེས་འབྱུང་གདོན་སྨྱོ་བརྗེད་སོགས་ཀྱི་བཅོས་ཚུལ་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ཡང་སྐྱེས་སྦྱོང་གི་སྤོབས་པ་ཤིན་ཏུ་དམན་པའི་གྱི་ན་པ་འཇིགས་མེད་མཁྱེན་བརྩེས་སྦྱར་བའོ།། །སརྦ་ས་མནྟ་བཱི་མངྒ་ལཾ་ཀུརྦནྟུ།། །།


previousའབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ།next