Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཤལ་གྱི་ཕྱག་ལེན་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཤལ་གྱི་ཕྱག་ལེན་སོགས།next

བཤལ་གྱི་ཕྱག་ལེན་སོགས།


JKT017_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༈ བཤལ་གྱི་ཕྱག་ལེན་ནི། སྦྱངས་མ་གཏོང་བའི་སྔོན་དུ་ཞག་གཉིས་གསུམ་ཚུན་བཏུང་བ་མ་གཏོགས་བཟའ་བ་སྤངས། དེ་ནས་གདོན་དང་འགྲུལ་སྲུང་། རླུང་གསང་དང་མཐིལ་བཞི་མར་དཀར་བྱུགས་ལ་ཙམ་པ་འདེབས། ནུབ་མོ་སྣ་སེལ། ཨ་རུ་མཆུ་རིང་། ལྕམ་རྩ། ཆུ་མ་རྩི། རྒྱམ་ཚྭ། པི་ལིང་བཅས་ཆ་མཉམ་བཏུལ་བའི་བསྡུས་ཐང་བཏང་། ནམ་གུང་ཇ་སླ་མོ་ཅུང་ཞིག་བཏང་། ཐོ་རང་སྦྱོང་བྱེད་རིལ་བུ་སྲན་ཙམ་ལྔ་བདུན་དགུ་སོགས་ལྟོ་བ་དང་བསྟུན་རིགས་པས་དཔྱད་ལ་ཆུ་ཁོལ་གྱིས་ཕུལ་ཏེ་གཏང་། མི་སྐྱུག་པའི་ཐབས་གཞུང་ལྟར་བྱ། སྦྱོར་སྡེ་ནི་མགྲོན་པོ་ལམ་བཤལ་ལ་མཚོན་ན། ཨ་རུ་མཆུ་རིང་མེ་མུར་དུ་མ་ཚིག་ཙམ་བརྗོ། དུར་བྱིད་རྐང་ཤུན་ཕྲལ་ནས་ཡོས་ཚན་ནང་དུ་རྔུལ་ཆུ་འོང་ཙམ་བར་བརྗོ། དན་རོག་ཤུན་པ་དང་མཆུ་ཅུང་ཞིག་ཡོད་པ་དེ་དོར་ནས་སླ་ངར་ཙམ་པ་ཡམ་གཅིག་ཙམ་བཀོད་པའི་སྟེང་དུ་


JKT017_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དན་རོག་བསྒྲིགས་སྟེང་དུ་ཙམ་པས་སྒྲིབ་ལ་ཙམ་པ་ཚིག་དན་རོག་མ་ཚིག་ཙམ་ནས་ལེན། ཤྲཱི་ཁཎྜ་མར་ཁུ་ནང་དུ་ཡུན་གཅིག་བཙོ་ལ་ཕྱུང་། ཐར་ནུ་རྐང་ཤུན་དོར་ལ་བ་ཆུ་རང་ནུབ་ཙམ་གྱི་ནང་དུ་བཙོ་ལ་ཁུ་བ་ཐིམ་པར་བྱ། དེ་ལྟར་དུག་འདོན་བྱས་པའི་སྨན་རྣམས་དང་། ལྕམ་རྩ། སྔོན་བུའི་སྡོང་པོ། ཁྲོན་བུའི་རྩ་བ། དན་ཁྲ། དོང་གའི་འབྲས་བུ་རྣམས་ཁྲོལ་བུར་བརྡུངས་པ་སོ་སོ་ནས་ལག་པའི་སྲང་རེ་བ་ཆུ་བྲེ་བཞིའི་ནང་དུ་མེ་ཤེད་ཆུང་བར་བཙོ་ནས་ཚིག་མ་བཙགས་ཅིང་དངས་མས་ཁཎྜ་བྱས་ནས་རིལ་བུ་སྲན་མ་ཙམ་དྲི་ཙམ་དྲིལ་ལ་གཏོང་། ཁ་བསྒྱུར་སོགས་གཞུང་གཏར་གའི་སྐབས་རྩ་གང་ཡིན་ལག་པའི་མཐེབ་འཛུབ་ཀྱིས་དམ་པར་བཟུང་ལ། དེ་མཚམས་ནས་སྨྱུག་ཁ་ལྟ་བུའི་སེན་རིས་བྱས་ནས་དེ་སྟེང་གཙག་བུ་གཟིར། ཁྲེབ་སྒྲ་གཉིས་བྱུང་ན་ཤ་དང་རྩ་ཕིགས་པའི་རྟགས་ཡིན་པས་བླངས། བཅད་རན་པ་ན་ཕྱིང་པ་ཆུར་བཅུར་བའི་ཚལ་བུ་སླན་ལ་བལ་ཐིག་གིས་བསྡམས། ཁྲག་ཆོད་དཀའ་ན་ཤིང་གཞོག་བསླན། གག་པའི་ལྕེ་ཟོར་གྱིས་རྩེ་མོ་ཟླ་གམ་རིང་ཐུང་ཕུན་གང་ཙམ་ཡོད་པའི་ཕྱེད་ཡན་དར་གྱིས་དཀྲི། དེ་ནས་ལྕེ་སྒངས་དབུས་སུ་གཞག་ལ་མཇུག་ནས་གྲི་ལྟག་ལྟ་བུས་བརྡེག་པས་རྣག་དོན་ཡོང་། དྲེག་རྩ་ནི་རྐང་པའི་མཐེ་བོང་དང་འཛུབ་མོའི་བར་གྱི་སུམ་ཅུ་སོ་བདུན་


JKT017_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཤ་ན་ཡོད་པས། དྲེག་འབུག་གི་བུ་གར་དར་སྐུད་དམར་པོ་བརྒྱུས་ནས་ཕུག་ཅིང་འབུག་བླངས་རྗེས་དར་སྐུད་ཡར་མར་འདྲེན་ནས་མཐར་ཞབས་སུ་བླངས་ནས་དོར། ཕུག་གདན་འབོལ་འདྲ་བ་ཞིག་དགོས་སོ། ༈ །མེ་བཙའི་དམ་ནི། མར་ནག །རྒྱུངས་པ། སྒོག་པ་གསུམ་སྦྱར་བ་དགོས། ༈ ཤ་བའི་མིག་རྐྱག་བདུག་པས་གདོང་སྲིན་སོགས་ལ་མཆོག་ཏུ་ཕན། སྲིན་གྱི་ནད་ཀྱིས་ཆུ་སེར་དང་རྣག་སོགས་ཤད་པའི་བུག་པ་བརྡོལ་ན། གྲོ་ཟན་ཤིན་ཏུ་སྲབ་མོ་མར་གོར་འདྲ་བ་གཉིས་ཀྱི་བར་དུ་བུ་རམ་གྱི་ལྡེ་གུ་བྱུགས་ལ་རྨ་ཁར་ཞག་གཅིག་སྦྱར་ནས་བཞག སྲིན་འབུ་ཡོད་ན་ཟན་ཁྲོལ་བུར་ཕུག་ཡོད་པས་འབུ་ཡོད་ཐག་ཆོད་དུས་དུག་འབྱར་ནི། གྲོ་ཟན་གོར་མོ་སྔར་ལྟར་གསུམ་བཅོས་ལ་ཟན་ཞབས་མའི་སྟེང་དུ་བོང་ནག །བར་མའི་ཞབས་ལ་བུ་རམ། བར་མའི་སྟེང་དུ་བུ་རམ། སྟེང་མའི་ཞབས་ལ་བོང་ནག་གི་སྡེ་དགུ་བྱུགས་ལ་སྦྱར་ཏེ་སུམ་བཅག་བྱས་པ་དེ་ཡང་ཡང་མ་སོད་བར་དུ་བསྐྱུར་ལ་བཞག འབུ་མེད་དུས་རུས་པ་བསྣད་མེད་ན་རང་སོས་འགྲོ། སྣད་ཡོད་ན་རུས་ཕྱེ་དོན་ཕྱིར་རྨ་ཁུང་དུ། རྒྱ་ཚྭ་སྡོང་རོས་ཆ་མཉམ་གྱི་ཕྱེ་མ་ཡང་བླུགས་ལ་རྨ་ཁར་ཤོག་བུ་སྦྱར་རུས་ཕྱེ་དོན་རྒྱབ་རྨ་སྨན་བྱའོ། ༈ །སྐྲངས་པ་རྣག་ཏུ་འགུགས་ན། བྱུགས་པའི་དཀྱིལ་ཕུག་རོན་བྲུན་དང་ནས་སྔོན་ཕྱེ་


JKT017_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆུ་ཉུང་ངུར་བཙོས་ལ་ཐིག་ལེར་བ་ཀོ་ཙམ་དུ་བརྐུས་ལ་སྟེང་དུ་ཤོག་བུས་བཀབ་ལ་སྦྱར་ནས་རྣག་མ་སྨིན་བར་དུ་འཇོག་རང་རྡོལ་འཇུག་ན་དེ་ཡི་དཀྱིལ་ཕུག་ལ། ཕུག་རོན་བྲུན་ཆ་གཉིས་དེ་ཕྱེད་ཀྱི་དུང་ཐལ། ནས་སྔོན་ཕྱེ་མ། རྒྱ་ཚྭ། ཐར་ནུ་ནུས་བསྲེགས་རྣམས་ཞིབ་བཏགས་ལྡེ་གུ་འཐུག་པོ་བྱས་ལ་བཀུས་ནས་སྐྱི་མོས་བཀབ་ལ་ཆུ་ཡིས་རྒྱུན་དུ་ནེམ་པར་བྱ་ཞིང་ཞག་གཉིས་གསུམ་ནས་བརྡོལ་ལོ། །འཕྲལ་ཕུག་འདོད་ན་ཟངས་ཐུར་གྱིས་སྲེགས་ལ་ཕིགས་དགོས། ༈ །ཟན་ཆང་ནི་ར་མེ། ལྟ་བ་གཟེ་མ་ལྕམ་པའི་འབྲས་བུ་རྣམས་སོ་སོར་ཁྱོར་གང་རེ་ཞིབ་བཏགས་ནས་སྔོན་རྗེན་འཐག་ཕུལ་དོ་དང་འདྲེས་པར་བསྲེས་ལ་ཆུ་བླུགས་ནས་ཟན་ལྟར་བརྫིས། ཐེབ་སྒྱུ་མང་དུ་བཟོས་ནས་ཆུ་དྲོན་རང་ནུབ་ཙམ་གྱིས་དྲོད་ཕབ་ལ་ཆང་ཕབ་ཅུང་ཟད་བཏབ་ནས་རྫ་བུམ་ནང་དུ་ཞག་གསུམ་དྲོ་སར་བསྙལ་ཞིང་ཆང་དྲི་སྣམ་དུས་ལང་པའི་ཚད་ཡིན་པས་བླངས་ལ་མར་ཁུའི་དྭངས་མ་བྲེ་གསུམ་གྱི་ནང་དུ་སྦྱར་ལ་ལྕ་སྒ་ཞིབ་བཏགས་ཁྱོར་གང་། བུ་རམ་སྲང་བཅུ་བཅས་བཏབ་དཀྲུགས་ཚུར་བླངས་ལ་ཞོ་ལྟར་འདྲེས་པར་བྱས་ནས་ལོངས་སྤྱད། ༈ །པུཏྤ་སྦྲང་ཆང་ནི། མེ་ཏོག་གཡར་མོ་ཐང་གྲིབ་སྐམ་རྫ་བུམ་དུ་བླུགས་ནས་ཆུ་དྲོན་གྱིས་བསྙལ། རིམ་གྱིས་བསྲིངས་པའི་ཁུ་བ་བཞུར་སྟེ། དེ་ནང་སྦྲང་


JKT017_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་གང་བཏབ་ནས་ཕབ་བཅས་ཞག་གསུམ་བསྙལ་བས་སྐྱུར་མནམ་པ་དང་ལྦུ་བ་ཆིལ་གྱིས་བྱུང་བ་ན་ལོངས་སྤྱད། ༈ །བདུད་རྩི་ལྔ་ལུམ་ནི། བྲག་མཚེ་དང་ཤུག་པ་ཚེར་མ་ཅན། མཁན་པ་གསེར་མགོ་སུར་དཀར། འོམ་བུ་བཅས་རློན་ཐུས་བྱས་པ་སོ་སོར་ཁྲོལ་བུར་ཞིབ་ཏུ་བརྡུངས་ལ་རེ་རེ་ལ་ཕུལ་གྱིས་འཇལ་བའི་བྲེ་གང་རེ་བྱས་ནས་ཕྱོགས་གཅིག་ཏུ་སྤུངས་ལ་ཟངས་སྣོད་ཆེ་བར་བླུགས་ཅིང་། །དེའི་སྟེང་དུ་ནས་སྔོན་ཕུལ་གང་བླུགས་ལ་བུལ་ཏོག་བཏབ་ཅིང་ཆུ་རང་ནུབ་ཙམ་དུ་བླུགས་ལ་ཐབ་ཏུ་བསྐོལ་ནས་ཡང་ཡང་ཆུ་སབ་ཅིང་ཁུ་བ་རང་ཐིམ་འགྲོ་དུས་བླངས་ལ་གྲངས་སུ་བཅུག་ནས་དྲོད་རྔ་ཡོད་དུས་ཆང་ཕབ་བཏབ་ཅིང་ཆང་ལྟར་ཞག་གསུམ་བསྙལ། དེ་དང་མཉམ་དུ་འབྲུ་ཆང་ཞིག་ཀྱང་བཙོ། དེ་ནས་གཟའ་སྐར་བཟང་པོ་ལ་བདུད་རྩི་ལྔ་ཡི་སྨན་སོབ་སྒྲ་དང་ཆང་དྲི་ལྟར་བྱུང་དུས་ཚུར་བླངས་ལ་ཁ་ཚར་གྱི་སྨན་རྩ་བ་ལྔ་དང་ཆུ་སེར་ཅན་ལ་མུ་ཟི་ཐུན་གཅིག་བཏབ་ནས་ཆང་བསྲིངས་ཁུ་བ་རང་ནུབ་ཙམ་བྱས་ནས་བསྐོལ་ཞིང་། སླར་ཚུར་བླངས་ཏེ་ཁ་བཅད་ནས་ཅུང་ཟད་བཞག །དེ་ནས་ཟངས་སྣོད་ཆེ་བ་བླུགས་ཅིང་སྔོ་ཁུ་དང་ཆུ་ཡིས་བུངས་བསྐྱེད་ལ་བསྐོལ་ཞིང་། དེ་ནས་ས་ལ་ལུས་དཀྱིལ་ཀྲུང་གི་ཚད་ཀྱིས་དོང་བྲུས་ལ་དེ་ནང་དུ་ཀོ་རློན་བཏིང་། ཟུར་རྣམས་དོང་ཁར་བརྒྱངས་ནས་དེ་ཡི་ནང་


JKT017_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨན་གྱི་ཆུ་ཁོལ་བླུགས་ལ་ཉལ་ནས། དང་པོ་ཆུ་ཚན་དེས་མགོ་དང་ཁོག་སྟོད་བཀྲུས་ནས་ཉལ། སླར་ཅུང་ཟད་རེ་གྲང་དུས་ཐབ་ཀྱི་སྨན་ཁུ་ཚན་མོ་རེ་དང་བརྗེ་རེས་བྱེད་ནས་ཡུན་ཇེ་རིང་ལ་གཏོང་ནས་ལན་ལྔ་བདུན་དགུ་དང་བཅོ་ལྔ་ཕྱིན་ཡང་ཉལ་བར་བྱ། ཁྲག་དང་བད་ཀན་སོགས་སྟོད་དུ་འཕྱུར་སྙམས་བྱུང་ན་གསེར་ཐང་བརྒྱད་པ། ཨ་གར་སོ་ལྔ་སོགས་རིག་པས་དཔྱད་ལ་གཏོང་། །མཚམས་སུ་ཤ་གསར་དང་ཕྱེ་ཐུག་དྲོད་བཅུད་ཅན་གྱི་ཟས་ཀྱང་ཁམས་དང་བསྟུན་ནས་བཏང་། ཉལ་ཚེ་རླངས་པ་ཕྱིར་མི་ཤོར་བར་གོས་ཀྱིས་ཀླུབས། ལུམ་འཇོག་མཐར་མར་དཀར་དང་ཕྱེ་བསྲེས་པས་བཀུ་མཉེ་བྱའོ། ༈ །ཙནྡན་མར་ཁུ་ནི། ཤུག་པ་སྤ་མ་སྡོང་པོ་ཐང་ཆུ་ཅན་བཞོག་པ་དེ་རྫ་མའི་ནང་དུ་གང་བར་བླུགས། །ས་ལ་དོང་བྲུས་པའི་ནང་ནས་སྣོད་ཞིག་ཡར་འཛེད་ལ་སྟེང་དུ་རྡོ་ལེབ་ཁུང་བུ་བདུན་ཅན་གྱིས་ཁ་བཅད། དེ་སྟེང་རྫ་མ་ཤུག་པ་ཅན་ཁ་སྦུབས་ལ་ས་དོང་མཚམས་ནས་སྲུབ་མེད་པར་རྫ་མའི་ཕྱི་འདག་ཞལ་བྱས་ནས་སྐམ་དུ་བཅུག་ལ་སོལ་མེ་འབུད་ལ་ཉིན་གཅིག་ཙམ་བསྲེགས་པས་ཤུག་པའི་ཁུ་བ་རྡོ་ཡི་ཁུང་བུར་ཞུགས་ནས་དོང་གི་སྣོད་དུ་འཁྱིལ་བ་ཡིན་ནོ། །


previousབཤལ་གྱི་ཕྱག་ལེན་སོགས།next