Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱ་བབ་ཀྱི་སྒེར་བརྟགས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱ་བབ་ཀྱི་སྒེར་བརྟགས།next

སྐྱ་བབ་ཀྱི་སྒེར་བརྟགས།


JKT017_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐྱ་བབ་ཀྱི་སྒེར་བརྟགས་ཆུ་ཡི་མཁར་གཡོ་བ་སོགས་འདྲ་ཡང་། ལུས་མདོག་སེར་ཤས་ཡོད། ཁ་མི་སྐོམ། རྩ་ཆུའི་ཚད་རྟགས་མི་འབྱུང་བས་དྲོད་བཅོས་ཅུང་ཟད་འཕྲོད། དེ་ཡང་ཆུ་སེར་བ་བྱུང་ན་དྲོད་ཕྲི། ཆུ་དངོས་ཀྱི་སྐབས་གྲང་ཆུ་སྐྱ་སྦབ་དང་འདྲ་ཡང་། ལུས་མདོག་མི་སེར། སྐྲངས་ཆེ་ལུས་ལྕི་སྐྲངས་པ་སྐྱེ་འཕྲི་བྱེད། ཚྭ་ཆུ་ཤིན་ཏུ་དམར་བ་ལས། ཆུ་བསོགས་ཆུ་སེར་ཁ་ཡོད་ཙམ་གྱིས་ཚ་བ་ཆེ། ཆུ་ཡི་འོག་ཏུ་ཚ་བ་གབ་པ་ཡིན་གསུངས། ཐོག་མར་གི་ཝང་བཅུ་གཅིག་དང་། འབོལ་བདུན་ནུབ་མོ་བཏང་། ཉིན་གུང་སྐྱ་རུའི་ཆིག་ཐང་བཏང་། ཆུ་སྔོ་ལ་ཚད་རྟགས་ནབ་ན་འབོལ་བདུན་རུ་རྟ་བ་ལུ མཆིན་པའི་ཟག་ཆུ་སོགས་ཚ་ཆུར་སྐྱུ་རུའི་ཆིག་ཐང་ཉིན་མོ་ཁ་སྐོམ་གསོད་བྱེད་དུ་བཏང་། དགོངས་ཞོག་བོང་བཅུ་དང་འབོལ་བདུན་གྱིས་ཚད་མགོ་ཆོག་ནས་གྲང་ཆུར་འགྱུར་རྟགས་སྦུ་བ་བརྟན་དུ་སོང་ན། འབོལ་བདུན་སྨན་དེའི་འཁོར་སྨན་ཕྱེད་ཆ་ཕྱེད་ཀྱི་གསང་སྨན་བསྣན་ནས་བཏང་བ་དང་། གུར་གུམ་བཅུ་གསུམ་ལ་ཆུ་སྨན་བསྣན་ནས་བཏང་། དེ་ཡིས་ཆུ་ཕལ་ཆེར་དྲངས་ནས་བ་ཆུའི་འཕྲུལ་སྦྱངས་བྱ། གློ་བའི་ཟག་ཆུ་དང་ལྡན་ཚུན་སྐྱུ་རུའི་ཆིག་ཐང་གི་ཚབ་ཏུ་ཨནྡྲི་དྲུག་ཐང་གཏོང་ན་ལེགས། ཚ་ཆུ་དྲག་པོར་དྲུག་ཐང་མི་འཕྲོད། བ་ཆུའི་སྦྱངས་ནི་ཉམས་ཡིག་ལྟར་སྨན་བྱིངས་ཀྱི་བུངས་


JKT017_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དམར་ཟལ་བ་ཆུའི་ཁཎྜ་བཏང་ན་ལེགས། ཚ་ཆུ་ཚབ་ཆེ་ན་བ་ཆུའི་ལྕགས་ཀྱིས་བསྐུལ། སྦྱངས་སྐབས་ཞོག་པར་འབོལ་སྨན་དགོངས་མོ་བ་ཆུའི་བཤལ་གྱི་རིལ་བུ་བདུན་སོགས་རིགས་མདས་བསྣུན་ཏེ་གཏོང་། ཞག་གྲངས་ཆུ་མ་ཕེབ་ན་མཇུག་ཏུ་མེ་དྲོད་གསོ་བྱེད་དྭངས་མ་གནས་འཇོག་གམ། མཁྲིས་ཤས་ཆེ་ན་ཀུན་ཕན་བདེ་བྱེད་སོགས་གཏོང་བས་ཆུ་ལྷག་རྣམས་ཕུད། ཚ་ཆུ་ཚབ་ཆེ་ན་བཅོས་བརྡུགས་ལ་ཆུ་སོགས་དྲགས་སྐྱེད་གཏན་ནས་མ་བྱུང་ཡང་། བ་ཆུའི་བཤལ་སྨན་བུངས་བསྐྱེད་ལན་གཅིག་གཏོང་། དེ་ཕྱིན་རིམ་པས་ཕྲི་ཏེ་བཏང་བས་ཐོན་སྲིད། ཚ་ཆུ་བབས་ཕྱོགས་ནད་གཞི་ལ་དཔག་ཏེ། གུར་གུམ་ཆུ་བསྒྱུར་སོགས་ཀྱང་རིག་པས་དཔྱད་ཅིང་དྲགས་ནས་རྗེས་གཅོད་ཚིགས་པ་དང་པོ། བཅོ་ལྔ་པ། བཅོ་བརྒྱད་པ་སྟེ་གསང་གསུམ་ལ་མེས་བསྲེགས། ཆུ་ནད་ཀྱིས་ཕོ་བ་ཆེར་སྐྲངས་ནས་ཚ་ན་ཅུ་གང་བདེ་བྱེད་དང་། གྲང་ན་སེ་འབྲུ་བཞི་སྟེང་། སྒ་ཏིག་ཁཎྜབ་༣༠ བ་ཆུའི་ཁཎྜ་༣༠ ཐར་ཁཎ༠་༡༠ བཅས་བསྣན་པས་ཆུ་འདྲོངས་བ་མྱོང་གྲུབ། འབོལ་བདུན་ཀྱི་ཀྱེ་དུག་ཉུང་བསྣན་པ་གཏོང་། ཡང་ན་གཟེ་མ་ཉི་དགའ་བཅས་བསྣན་པ་ཨོཾ་བྷའི་ཆིག་ཐང་གིས་ཕུལ། བདེ་བྱེད་ཆུང་ངུའི་སྐབས་ལི་ཤི་དང་ཤིང་ཚྭ་ཞད་ཙམ་ཆ་སྙོམས་པ་དང་ལྟག་པ་སྤྱད་ལ་ཨོཾ་བྷིའི་ཆིག་ཐང་


JKT017_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཕུལ་བས་ཚ་ཆུ་གྲང་ཆུར་འགྱུར་ནས་སྔོན་པོར་འགྲོ། དེ་ནས་བ་ཆུའི་འཕྲུལ་སྦྱོངས་གཏོང་། ལུས་ལ་བཅོས་སྐྱེད་ཀྱི་རྟགས་བྱུང་ན་ཆུ་དམར་སེར་བྱུང་ཡང་སྐྱོན་མེད་བ་ཆུའི་འཕྲུལ་བཤལ་ཁོ་ན་ལེགས། དེ་ཡང་ཉམས་ཡིག་ལས་བྱུང་བའི་བ་ཆུའི་འཕྲུལ་བཤལ་གཞུང་ལྟར་དང་། ཕོ་བར་ཆུ་བབས་ཤས་ཆེ་བར་བྱུང་ཚེ་སྔགས་གྲྭ་ཨེམ་མཆིས་ཚ་བ་ལ་ཅུ་གང་བདེ་བྱེད་དང་། གྲང་བ་ལ་སེ་འབྲུ་བཞི་སྟེང་སྒ་ཏིག་ཁཎྜབ་༣༠ བ་ཆུའི་ཁཎཱབ་༢༠ ཐར་ནུའི་ཁཎྜབ་༡༠ བཅས་བསྣན་བ་ཚ་གྲང་རྟས་བསྒྱུར་ལ་གཏོང་བར་བཤད་པ་འདི་ཤིན་ཏུ་ཟབ་བོ། །འབྲི་ལུགས་བོང་དཀར་བཅུ་སྟེང་བསྣན་རྒྱུའི་གསང་སྨན་གཉིས་ནི། སྲད་ནག་བྱ་མ་གྲག་གོང་བཏུས་ལ། ཨ་ལཀྟའི་མདོག་ཅན་ན་བའི་ནང་ཐོར་རེ་སྐྱེས་པ་སྡོང་པོ་ཕྲ་སེང་ལོ་མ་ཕྲ་བ་དེ་བདུན་པར་བཏུས་པ། སྦྱར་ཚད་མུ་ཟི་མདངས་མེད་བོང་དཀར་བཅུ་པའི་འཁོར་གཉིས་དང་མཉམ་པ། ཨ་ལཀྟ་འཁོར་གཉིས་དང་མཉམ། འདི་སྔོན་དུ་བཏང་སྲོལ་འདུག་ཀྱང་རྗེས་ལ་བཏང་ན་ལེགས་གསུངས། ༈ །གུར་གུམ་བཅུ་གསུམ་ལ་དབང་རིལ་བསྣན་པ་རབ། མེད་ན་ཨུཏྤལ་གསེར་མེ་བ་ཤ་འཇིབ་རྩི་བསྣན་པའི་གུར་གུམ་ཆུ་འབེབས་འཕྲོད། སྐྱུ་རུའི་ཐང་གིས་ཕུལ། མཆིན་སྐྱོན་ཡོད་ན་དབང་རིལ་ཁ་ཚར་ཅན་དང་གི་ཝཾ་དགུ་པ་བཏང་།


JKT017_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ནད་ཀྱི་ཁ་སྐོམ་ན་ཨམ་བྷིའི་ཐང་བཏང་། གློ་སྐྱོན་ལ་བོང་ང་ཕྲི་དགོས། གློ་ཚད་ཀུན་སེལ་དང་། ཙནྡན་བརྒྱད་པ། ཨ་བྷི་དྲུག་ཐང་རྣམས་ལེགས། ཚ་ཆུ་ལ་རྒྱུན་དུ་འབོལ་བདུན་དང་། ཅུ་གང་བདེ་བྱེད་གཉིས་མྱོང་གྲུབ། མཆིན་སྐྱོན་ཆེ་ནས་ཆུ་མདོག་དམར་སེར་རྒྱ་བཤལ་ལ་འབོལ་བདུན་སྟེང་གི་ཝཾ་བསྣན། གུར་གུམ་བཅུ་གསུམ་སྟེང་སྲད་དཀར་བསྣན། སུ་ཁ་ཙཀྲ་ཡང་ཨེ་འཕྲོད་བལྟ། སྦོས་ཞིང་ཕོ་མཆིན་ན་ན་རུ་རྟ་དྲུག་པ་སྤྲད། བདེ་བྱེད་ཆེན་པོའི་འཁོར་བསྒྱུར་ནི་སྲད་དཀར། མུ་ཟི་མདོག་མེད། ཨ་ལལྟ་སྲད་དཀར། ནཱི་ལའི་མདོག་ཅན། སྔོ་དེ་བ། བྱེ་རུའི་ཕྲེང་ལྡན་སྟེ་ཆབ་འདྲེན་དྲུག་གི་ཁཎྜ་སོ་སོར་བཟོས་ནས་ཚ་གྲང་གང་བབས་དཔྱད་ན་ལེགས། ཁཎྜ་དེ་རྣམས་དང་གསེར་སྡིག་ལྕམ་གསུམ་ཆ་མཉམ། གི་དགུ། དྭངས་གནས། ཅུ་གང་བདུན་པ། འབོལ་བདུན་རྣམས་གང་རུང་ལ་བསྣན་པ་སོ་སོའི་ཆུ་བསྒྱུར་ཞེས་ཟེར། གཞན་ཡང་དར་མོའི་ལུགས་ཀྱི་ལི་ཤི་འཕྲུལ་བཤལ། སི་ཏུ་རིན་པོ་ཆེས་བཞེད་པ་ཡངས་ཅན་རྒྱངས་རྩེའི་དར་སྨན་སོགས་ཀྱིས་ཆུ་འདྲོངས། ༈ །གྲང་ཆུའི་མན་ངག་ཆོས་དབང་ཕྱག་ལེན་ནི། ཞིང་ནང་གི་སྲད་མ་སོགས་སྲད་རིགས་གང་ཡོད་ཆ་མཉམ་ནུས་བསྲེགས་ཀྱི་ཐལ་བ་ཁོ་ན་ཆིག་ཐུབ་ཡིན་ཡང་། ཚ་ཆུའི་རིགས་ལ་ཕྱོགས་


JKT017_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་འགྲོ་མི་རུང་བར་ཀརྨ་ངེས་ལེགས་བསྟན་འཛིན་བཞེད། ༈ །འབམ་བཅོས་སྐབས། ཁྲག་རླུང་ཤས་ཆེ་བར་རཏྣ་བརྒྱད་པའི་ཐང་ནང་ནུབ་གང་རིགས་ལ་བཏང་། ཉིན་གུང་ཀོ་བྱི་བཅུ་གསུམ་དང་། ཨ་གར་བཅོ་ལྔ་དང་། ཉི་ཤུ་སོགས་འཕྲོད། སྨུག་པོའི་གཞི་ལ་ནང་ནུབ་ཐང་ཆེན་ཉེར་ལྔ་དང་། ཉིན་གུང་གླང་ཆེན་བཅོ་བརྒྱད་བསྔགས། འདུས་ནད་དང་འབམ་རིགས་སྤྱི་ལ་ནང་ནུབ་གསེར་ཐང་དང་། གུང་ལ་གླང་ཆེན་བཅོ་བརྒྱད་ཁོ་ནས་ཆོག །ཆུ་དམར་དུག་རྩ་གྲིམ་ཚད་རྟགས་སྟོན་ན་གཙོ་བརྒྱད་ཐུན་ཆ་ཤས་གཏོང་། ཆུ་དམར་སྨུག་བྱིངས་འཐིབས་ཆེ་ན་སེར་པོ་དགུ་ཡི་བཤལ་གྱིས་སྦྱངས། གཉན་འབམ་དྲི་ཆུ་བསྲི་ན་དཔའ་བརྒྱད་ལ། རྒྱ་སྡིག་གསེར་ལྕམ་བསྣན་པ་བསྔགས། འཁུམ་ཤས་ཆེ་ན་དངུལ་ཁྱུང་མེ་དབལ་ཅན་ཟབ། ཀླུ་བདུད་བཅོ་བརྒྱད་ཀྱང་བསྔགས། །ཆུ་འབམ་ཚ་ན་འབོལ་བདུན་སྐྱུ་རུའི་ཐང་གིས་ཕུལ་བ་དང་། གྲང་ཆུ་ཆུ་མདོག་སྔོ་ཞིང་སླ་ན་དྭངས་མ་ཆུ་འདྲེན་སོགས་བཏང་། ལ་ཕུག་གཏོང་དུས་ཕོ་བ་ཞན་ན་སེ་འབྲུ་བཞི་པ་དང་ལྟག་པ་སྤྲད། ལབ་རོ་ལ་ཆུ་རྩ་བུལ་ཏོག་ཚོས་གསུམ་གྱི་ཕྱེ་མ་རང་གི་དྲི་ཆུའམ་བ་ཆུ་སྦྱར་ལ་འབྱར་འཐུག་པོ་བྱ། རས་སོགས་ཀྱིས་དཀྲི་ལ་སྐྲངས་པ་མ་ཞི་བར་བཞག །སྐྲངས་པ་ཆེ་ནས་ཆུ་སེར་ཐོན་དཀའ་ན། རི་ཤོ་སྐམ་


JKT017_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནུས་བསྲེགས། ལྕི་བ་གསེར་ཁའི་ཐལ་བ་ཆ་མཉམ་བ་ཆུས་ཡང་ཡང་བྱུགས། གཉན་འབམ་ལ་ཞག་གསུམ་ལ་གཉན་ཐར་ནུ་ཆུ་ཙ་རུ་རྟ་ར་དུག་འབྱར་བྱེད། དེ་ནས་གོང་གི་འབྱར་བྱེད། ནད་པ་རང་གི་དྲི་ཆུས་ཞག་གསུམ་པར་སྐྲངས་དག་པར་བཀྲུ། རས་དཀར་དྲི་མེད་ཀྱིས་ཕྱི། དེ་རྗེས་མཛོ་སྔོ་རོག་ལྕི་བ། བུལ་ཏོག །གྱང་རྙིང་འགྲམ་གྱི་ས། ས་ཞག་རྣམས་ཆ་མཉམ་དྲི་ཆུའམ་བ་ཆུས་སྦྲུས་ལ་འབྱར་བྱས། འབྱར་ཤུལ་དྲི་ཆུས་བཀྲུས། ལོ་ཟླ་སོང་བའི་སྐྲངས་ཁྲེགས་པ། བྱང་བལྟས་གཡའ་སྔོན་རུལ་བ་ཞིབ་བཏགས་སླ་ངར་བརྔོས་ནས་མར་ནག་སྦྱར། ཞོ་ལྟར་སོང་ཚེ་སྦལ་མདུང་སྟག་ཤ་བཏབ་པ་བྱུགས། ཚ་འབམ་ནག་པོ་ཡུན་རིང་མཁྲེགས་པ་ལ། ཅོང་ཞི་སོལ་མེར་བསྲེགས་པ་སེང་སྒྱུར་དུ་རྒོད་བཏུལ་བགྱིས་པར་ཧོང་ལེན་བྲག་ཞུན་ཕྱེ་མ་བཏབ་ལ་འབྱར་ལུམ་མང་དུ་བྱ། ཆུ་རྒྱུས་འཁུམ་ནས་མཉེན་དཀའ་ན། སྤང་སྤོས་ཤུག་ཚེར་ཆ་མཉམ་བྱུགས་པའམ། ཡང་ན་ཕྱི་རྒྱུད་རྡོ་ཡི་བྱུགས་པ་བྱ། མི་རྟ་ཁྱི་རུས་ནུས་བསྲེགས་ཐལ་བ་ཆ་གསུམ། གཡའ་སྔོན་བསྲེགས་ཐལ་ཆ་གཅིག །དེ་སྟེང་ཁྱི་ནག་བྲུན་མཚོན་ཙམ་བསྣན། དེ་ལ་གུལ་ནག་ཁ་ཚར་བཏབ། རྟ་རྐང་ངམ་འབྲུ་མར་གང་རུང་གིས་སྐྲངས་པ་ཀུན་ལ་དང་པོ་སྲབ་པར་བྱུགས། ཉིན་གཉིས་པར་དེ་ལས་ཅུང་འཐུག་པ། གསུམ་པར་ཤ་


JKT017_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་འགྱུར་ཙམ་བྱུགས་ཕྱིར་མི་ལྡོག་ཞེས་འབྲི་གུང་པའི་ལུགས་དང་། ཡང་ན་སྦལ་རྒྱབ། རྡོ་རྒྱུས། འབྲུག་རུས། བྱང་བ། མི་ཡི་རྐང་མགོ །སྤང་སྤོས། ཤིང་མངར། གཡེར་མ། །ཤུ་དག །བུལ་ཏོག་བརྒྱད་པོ་ཞིབ་བཏགས་ལོ་མར་དང་སྦྱར་བ་བྱུགས། ཆུ་འབམ་ལ་ཆུ་སེར་གདོང་རྩ་གཉིས་པོར་མེ་བཙའ་རེ་བཞག །ཕྱིས་རླངས་ཐོན་ཙམ་རེ་གཏར། གཞན་འབམ་ཐམས་ཅད་ལ་ལོང་རྩ་བྱིན་གཞུག་གང་རུང་གཏར་ཞིང་རང་བྱུང་ངམ་བཅོས་མའི་ཆུ་ཚན་ལ་ཞུགས།། ༈ །།ཁྲག་གཅོད་སྐབས། སྤུ་མའི་འབུ་ནི་རྩ་བ་ན་གནས་པའི་འབུ་སྔོ་ཁྲ་ཞིག་ཡོད་པ་དེ་དང་། མ་རྙེད་ན་ལོ་མ་སོར་བཞི་དུས་བཏུས་པ་ཡིན། ༈ །ཐང་ཆེན་ཉེར་ལྔ་འཁྲི་ཤིང་སྔ་རབ་པ་རྣམས་འོམ་བུ་ལ་མཛད་ཀྱང་། སི་ཏུ་རིན་པོ་ཆེས་དབྱི་མོངས་དཀར་པོ་ལ་བཞེད། ༈ །ག་བུར་རང་ཕྱོགས་ལ་མང་ག་བུར་བཟང་། ༈ །མན་བསིལ་སྦྱོར་ཚད་མང་ཡང་། སི་ཏུ་རིན་པོ་ཆེས་སེ་འབྲུ། སྐྱུ་རུ། ཅོང་ཞི་གསུམ་སྨན་གཞན་རྣམས་ཆ་མཉམ་དྲིལ་པའི་ཕྱེད་ཐུབ་པར་བྱེད་པ་ཡིན། ༈ །ཕག་གྲུའི་སྦྱོར་བར། །ཅོང་ཞི་ནས་ཙམ་བརྡུངས་ལ་ནས་འབྲུ་གསུམ་འགད་རིང་བརྔོ་། ཅོང་ཞི་ཕུལ་གང་ལ་ཆང་ཐུར་མགོ་ཆེ་བ་གསུམ། ཅོང་ཞིའི་དཀྱིལ་དུ་ཀོང་ཙམ་བྱེད་ནས་ཆང་བླུགས། དེ་འཕྲལ་རླངས་པ་མི་འཆོར་


JKT017_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཀབ། ༈ །གྲུབ་ཐོབ་རིལ་དཀར་ལྷུ་བ་གར་ན་ཞེས། ལྦུ་བ་མང་དུ་ཆག་ན་སྦྲང་རྩི་སྦྱར། ༈ །ཟླ་ཤེལ་སྐབས། རྒན་བྱིས་ལ་ལྕགས་དྲེགས་བཟང་བར་བཤད་ཀྱང་། དེང་སང་ཐམས་ཅད་ལ་གཏོང་། ༈ །ཕན་པ་ཀུན་ལྡན་སྐབས་རྩ་བ་དང་འབྲས་བུ་གཏོང་ན་སྨན་གཅིག་གི་ཉིས་འགྱུར། ཁཎྜ་གཏོང་ན་མཉམ། སུ་རུ་པཉྩ་སྨན་གཅིག་གི་སུམ་ཆ་གཏོང་། གླང་ཐབས་གཡས་གཟེར་ན་ཁྲག་གླང་ཡིན་པས་ལོང་རྩ་གཏར། གཡོན་གཟེར་ན་སྲིན་གླང་ཡིན་པས་བཟི་སྨན་གཏོང་། འཆི་མེད་སྲིན་སེལ་དང་ཕན་པ་ཀུན་ལྡན་སོགས་བསྔགས། དབུས་གཟེར་ན་ཙམ་གླང་ཡིན་པས་མེ་བྱ། སྨུག་གླང་ལ་གཡུ་དྲིལ་བཅུ་གསུམ་ལེགས། གླང་ཐབས་སྟོབས་ཆེན་ལ་ཚ་གྲང་བརྟག་མི་དགོས་པར་ནི་རུ་ཧ་ལེགས། དེ་ལ་ཕྱི་རྒྱུད་ལྟར་གཅེའུས་ངོས་སམ་སྨྱུག་སྦུབ་སོར་བརྒྱད་པའི་སོར་བཞིའི་རྩི་བཞར་ནས་འཇམ་པོར་བྱས། ཚུར་སྣེ་གྲོད་པར་བསྡམ་ཆུ་དྲོན་མོའི་ནང་དུ་བ་ཆུའི་ཁཎྜ་སྦངས་པའམ། བ་ཆུ་ཉིད་ཕོར་གང་ཙམ་ལ་སྨན་ཐུན་གསུམ་ཙམ་བཏབ་ནས་དཀྲུགས། དྲོན་མོ་དེ་ཀ་གྲོད་པར་བླུགས་ནས་སྨྱུག་སྦུབས་འཇམ་པ་ཁོང་དུ་བཏང་ནས་བསྐྱར། སྟེང་ནས་བཤལ་སྨན་གཏོང་ན་ཡང་འོག་ནས་ནི་རུ་ཧ་ངེས་པར་དགོས། ༈ །བེ་ཁྲག་ཉེར་ལྔའི་རྒོད་ཁྲག་ནི། འབྲང་བུ་དར་མའི་སྙིང་ཁྲག་


JKT017_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༈ །ཆུ་བསོགས་སྐབས། སྐྱེས་བུ་བདེ་བྱེད་སྙོམས་སེལ་ནི་ད་ལི། བཙུན་མོ་སྒྱུ་རུ། ༈ །ལྕགས་ཕྱེ་བཅོ་ལྔའི་སྐབས། ལྕགས་ཕྱེ་དངོས་ཨ་རུ་ར་དང་འདམ་འཐགས་འོད་མེད་པའི་བར་བྱས་ནས་བསྙལ་བའི་ཁུ་བས་རིལ་བུར་དྲིལ་བར་གསུངས། ༈ །སཱུརླའི་སྐབས། ཟངས་ཐལ་ཉེར་ལྔ་དང་། བསེ་རུ་ཉེར་ལྔའི་སྐབས་དངུལ་ཆུ་དཀར་འདུལ་དགོས། དམར་གསུམ་ཐང་གིས་ཕུལ་ན་ཟབ། ༈ །ཅུ་གང་ཉེར་ལྔའི་དམར་གསུམ་ནི། རྒྱ་སྐག་བཙོད་འབྲི་མོག་གསུམ་ལ་བཞེད། བོང་ཁྲག་ཉེར་ལྔ་སེང་སྡིང་ཐང་གིས་ཕུལ་བར་བཤད་ཀྱང་། སི་ཏུ་རིན་པོ་ཆེས་གུ་གུལ་ཐང་གིས་ཕུལ་ན་ཟབ་གསུངས། ཡང་ན་གུ་གུལ་ཐང་གིས་རིལ་བུར་དྲིལ་བ་གང་རུང་། ༈ །ཛཱ་དངུལ་ཕྱག་ལེན་མང་ཡང་། ཉམས་ཡིག་བདུད་རྩིའི་རྒྱ་མཚོར་བཤད་པ་ལྟར་ལེགས། དེ་ལ་ཁ་ཚར་ཟུར་ལུགས་སེ་འབྲུ་ལྔའི་སྟེང་དོམ་མཁྲིས་གོ་ཡུ་བསྣན་པ་དེ་བཟང་། འབྲི་གུང་ཁ་ཚར་ཟེ་ཚྭ་ཅན་དེ་ཅུང་མི་ལེགས་གསུངས། ༈ །རྒྱ་ནག་མའི་ཁ་ཚར་བཙོད་མདུད་མེ་ལ་སེར་ཙམ་བརྔོས་ནས་གཏོང་བ་དམར་བཤལ་ལ་ལེགས། འགྲམ་ལའང་བསྔགས། ༈ །གག་པའི་སྐབས། ལྕེ་ཆུང་བཅད་པ་ནི་རྩེ་མོ་ནང་ངོས་ཕྱིར་ཕུག་ནས་མཐུར་དུ་འཐེན་ལ་བཅད། ཤུལ་ཚུགས་ཀྱིས་བསྲེག ༈ །སེར་པོ་དགུ་སྦྱོར་དྲི་ཆེན་


JKT017_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ཤ་ཆེན་གཏང་བ་ལེགས། ༈ །སྦྲང་མའི་དུག་ལ་ཚྭ་ཆུ་བྱུགས་ན་ཕན། ༈ །བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་ལ། ཅོང་ཞི་ཆ་དྲུག མཚལ་དང་ཨ་བ་གཉིས་ཆ་རེ་བྱས་འདུག་ཀྱང་། སི་ཏུ་རིན་པོ་ཆེས་མཚལ་ཆ་གསུམ། ཨ་བ་ཆ་གཅིག་བཞེད་སྣང་། འདམ་རུའི་ཕྱག་ལེན་ནི། དབྱིབས་སྦུབས་རྭ་འདྲ་བ་བྱས་ནས་སྐམ་དང་ཁ་ལ་སྤྱིན་ཆུ་བྱུགས་ཏེ་རྨ་ཁར་སྦྱར། རྩེ་མོ་ཁ་ཡི་དབྱིབས་ལ་བུག་པ་ལེགས་པོ་བྱེད་དགོས། ༈ །བཅོ་ལྔ་དྲག་སྦྱོར་སྐབས། ཚྭ་དང་ཅོང་ཞི་ནས་ཙམ་བརྡུངས་པ་ཕུལ་རེ་སླ་ངར་ནས་འབྲུ་གསུམ་འགད་རིང་བརྗོ། དཀྱིལ་ཀོང་བུ་བྱེད་ནས་ཆང་ཐུར་མགོ་འབྲིང་དྲུག་བླུགས། དེ་མ་ཐག་རླངས་པ་མི་འཆོར་བར་བཀབ་ནས་འདག་པས་བྱུགས། ད་ལི་དབྱི་མོང་གཉིས་འཛུབ་མགོ་ཙམ་རེ་བརྡུངས་པ་ཕུལ་རེ་རེ་མཉམ་དུ་ཆང་གིས་ནེམ་ཡོད་པར་བྱེད་ནས་དུ་བ་མ་ཤོར་བར་ནུས་བསྲེགས་བྱ། ཁ་ཚར་གཞུང་ལྟར་རོ། ༈ །ཚྭ་རིལ་ནི། ཚ་བརྔོས་ལ་ཆུ་ཆོད་སྐྱ་སེང་འགྲོ་དུས་ཐར་ནུ་ཐེབ་ཙམ་ཞིབ་བཏགས་དྲི་ཆུར་བཏབ་པ་ཚྭ་ནང་དུ་བླུགས། དེ་མ་ཐག་རླངས་པ་མི་འཆོར་བར་བཀབ། བྲང་ནས་དྲི་ཆུས་འདམ་འཐག་ལེགས་པར་བྱས་ནས་ཁ་ཚར་ཞལ་ཤེས་བཞིན་བཏབ་ལ་ཕྱེ་རིལ་གང་རུང་པར་བུར་བཅང་། ཕྱེ་མ་ཐུར་མགོ་རེ་ཆུ་ཚན་གྱིས་ཕུལ་བའམ། རིལ་བུ་མི་


JKT017_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཕབ་རྡོག་ཆུང་ཤོས་ཙམ་དང་། རྟ་དྲེལ་ལ་ཕབ་རྡོག་ཆེ་བ་ཙམ་གཏོང་། ༈ །རྒྱམ་ཚྭའི་ཚྭ་ཚད་ནི། མཁལ་སྐེད་ཆུ་སྲི་ལ་ཕན་པའི་སེ་འབྲུ་བརྒྱད་པ་དང་རྒྱ་ཚྭ་སྦྱར་བའམ། ཡང་ན་ཚྭ་སྦྱོར་ཆེན་པོ་གང་རུང་སྦྱོར་གྱི་རྒྱམ་ཚྭ་རྐྱང་པས་མིན། ༈ །དྲེག་ནད་ལ། ཐོག་མཱར་སླེ་ཏྲེས་བ་ལྕིའི་འབྱར་གྱིས་ཚ་འབྲབ་ཞི་བར་བྱེད། སྲན་ཆུང་སྐྱོ་མ་ཡང་ཡང་བྱུགས་སྨན་ནི་སྤོས་ཁྱུང་ལ་དངུལ་ཆུ་ཚ་འདུལ་དང་སེང་ཁཎ་བསྣན་པ་ཁོ་ན་ཟབ། དངུལ་ཆུ་ཉེར་ལྔ་ཡང་འཕྲོད། གཉན་ཤས་ཡོད་ན་ཝ་ཏའི་བཅིང་ལུམ་བྱེད། ཚ་བ་མེད་ན་ཟྭ་ཡི་ཁཎྜ་དང་སྦྲང་རྒོད་སྦྱར་བ་བྱུགས། ༈ །གྲུམ་བུ་ནི། རྩ་དཀར་དང་བསྡོངས་ན་གཉའ་བའི་རྩ་རྒྱུད་ནས་མར་ན། དེ་ལ་བསམ་འཕེལ་ཉེར་ལྔ་དང་། ཚད་མཇུག་བྱུང་ན་ག་བུར་ཉེར་ལྔ་ཡང་འཕྲོད། སྤྱིར་ཐོག་མར་ཚིག་མིག་སྦྱང་ཕྱིར་འབྲས་བུ་གསུམ་ཐང་ཡང་ཡང་གཏོང་། དེ་ནས་སྤྱི་ཞུར། འབྲུག་རུས། དུར་ཐོད་རྙིང་པའི་ཐང་གིས་ཞག་ཤས་ནས་ཚད་དཔུང་གཞོམས། དེ་རྗེས་བོང་ཁྲག་བཅུ་གཅིག་དང་། ཉེར་ལྔ། སྤོས་ཁྱུང་བཅུ་དགུ། མཁལ་གྲུམ་ལ་ཀོ་ལ་བཅུ་པ་བཏང་། གཉན་མགོ་ཆོག་ནས་གཏར་ག་བྱ། དེ་རྗེས་ལག་མགོ་དང་རྐང་མགོ་སོགས་ཚིག་གར་བབས་ཐམས་ཅད་དུ་དབུས་མ་ཡིན་པའི་གཡས་གཡོན་ཟུར་གཉིས་སུ་མེ་བཙའ་


JKT017_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་ཕྱེད་ཙམ་གྲངས་མེད་བཞག མཇུག་ཏུ་བདུད་རྩི་ལྔ་ལུམ་དང་། ཆུ་ཚྭན་ལ་ཞུགས་པ་ལེགས་གསུངས། ༈ །སེམས་ཀྱི་བདེ་སྐྱིད་སྐབས་གོ་ཡུ་ནར་མོ་བཟང་། མཁལ་ནད་སྐབས་ཟླུམ་པོ་བཟང་། ༈ །སྐྲན་སྐབས། ཚ་སྐྲན་མན་རྒྱུད་ཀྱི་སྐྲན་བཅོས་ལྟར་ཟབ། མཁྲིས་སྐྲན་ལ་གར་ནག་བཅུ་གཅིག །སྣོད་ཀྱི་མཁྲིས་སྐྲན་སྔོན་གྱི་ལས་ནད་ཡིན། སྨུག་པོའི་ཁྲག་གི་སྙིགས་མ་འདྲིལ་བའི་སྐྲན་ལ། རུ་རྟ་དྲུག་སྟེང་སྟར་བུ་དང་མགྲོན་ཐལ་བསྣན་པ་གཏོང་། གྲང་བའི་སྐྲན་ལ་ཐལ་སྨན་གྱི་སྦྱོར་བ་རྣམས་ཟབ། བུད་མེད་ཁྲག་སྐྲན་ལ་ཚྭ་བསྲེགས་སྦྱོར་བའི་སྟེང་། སྟར་བུ། མཛེ་ཚྭ། ཟེ་ཚྭ། མགྲོན་ཐལ་རྣམས་བསྣན་པ་ཟབ། ཤ་ལྤགས་བར་གྱི་ཆུ་སྐྲུན་ལ་ཁྱུང་སྟེང་མགྲོན་ཐལ་བསྣན་པ་ཟབ། གི་ཝཾ་དགུ་སྟེང་མི་ཐོད་སུམ་ཐང་བསྣན་ན་མགོ་གཟེར་ལ་ཕན། ༈ །མིག་གི་འགྲིབ་རྩ་བཅད་ལུགས་ནི། མིག་གི་ཕྱི་ཟུར་ནས་མཚོན་གང་བཅལ་བའི་མཚམས་མུར་འགྲམ་གཤོང་ལྤགས་པ་མཐེ་བོས་དལ་བུར་འཕུར་ནས་གྱེན་ལ་བཀས་པས། རྩ་གཉིས་འདུག་ན་གོང་མ་མཐོང་བྱེད་ཡིན་པས་གཞག །འོག་མ་སྒྲིབ་རྩ་ཡིན་པས་ལྕགས་ཀྱུས་ལེན་ནས་བཙག་བུས་བཅད། གསུམ་ཡོད་ནའང་འོག་མ་བཅད། བསྒྲིལ་ཡོད་ན་རྩ་བ་ཟུག་མཚམས་ལེགས་པར་བརྟག་ནས་འོག་མ་བཅད། དེ་


JKT017_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཚུགས་བྱ། ༈ །རྣ་བ་འོན་པ་ཕྱེ་བ་ནི། རྣ་རྒྱབ་རྩ་གསུམ་ཡོད་པའི་དང་པོ་གཉིས་སྐམ་ཡང་རུང་། འོག་མ་མ་སྐམ་ན་དབྱེ་རུང་། ནུབ་མོ་ནས་ཆུ་འཇུག་ཇ་ཁུ་དྲོ་འཇམ་བླུགས་ལ་རྣ་སྤབ་དང་དྲི་མ་སོགས་དག་པར་བྱ། ཉིན་གུང་དྲང་པོ་ལ་རྣ་བའི་ནང་ལ་བལྟས་པས་འོ་ཀྲིས་འདྲ་བའི་སྔོ་འོད་སྲབ་མོ་ཡོད། དེ་སྟེང་གསོར་མཆུས་ཐུག་ཙམ་བྱས་པས་བུག་འགྲོ། དེ་འོག་རྩ་དེ་ལྕགས་ཀྱུའི་ཁུག་ལ་ལེན་ནས་འཐེན་པས་ཆད་འགྲོ། དེ་ནས་སྲིན་བལ་ལ་ཛཱ་ཏིའི་ཕྱེ་མ་མར་ནག་དང་སྦྱར་བས་བུ་ག་བཀག །ནད་སྨན་ཁ་ཕྱེ་བའི་ཉམས་ཡིག་ལས། ཁྲག་རླུང་ལ་ཐོག་མར་ཐང་བཏང་། ཚབ་ཆེ་ན་ཀོ་བྱི་བདུན་པ་དང་། རྡོ་རྗེ་རབ་འབྱམས་སོགས་ཟབ། ཆམ་རིམས་བསྡངས་ན་སྲོག་འཛིན་ནོར་བུ་བཏང་། གཟེར་ཁ་དང་ཁྲག་ཤས་ཆེ་ན་ཁྲག་ཐང་། སྐྱུ་རུ་ཉེར་ལྔ། སྒ་ལོ་སོགས་བཏང་། ༈ ། ཆམ་པ་སྤྱི་ལ་ནོར་བུ་བདུན་ཐང་། གཙོ་བརྒྱད་སྤྲིན་ཟླ་སོགས་ཟབ། ཁྲག་རླུང་ཆམ་པར་ཞུགས་པ་ལ། བསིལ་བཅུད་བཅོ་ལྔ་དང་། ཨ་གར་བཅོ་ལྔ། སྲིན་བསྡངས་ན་གུརྒུམ་བཅུ་གསུམ་དང་། །སྙན་ངགས་དྲུག་པ། གར་ནག་བཅོ་ལྔ་ཟབ། དེ་ལ་ཚ་བ་བསྡོངས་རྟགས། རྩིབ་མ་གཟེར། ལུས་ལ་རྔུལ་ཆུ་འབྱུང་། ཁ་ལུད་ཚ་བྲོ། གཟེར་མི་འཕོ། རེས་འགའ་ལུད་པའི་ནང་ལ་ཁྲག་ཟེར་


JKT017_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། འཁྱགས་འདར་ལང་། རྩ་གྲིམ། ཆུ་ཅུང་སེར་ནད་འབྱུང་བ་ཚ་བ་མ་སྨིན་པའི་སྐབས་ཡིན། དེ་དུས་ནོར་བུ་བདུན་ཐང་ཚ་མོ་ཕོར་ཕྱེད་ཙམ་གྱིས་སྤྲིན་ཟླ་ཕུལ་བ་ལན་གསུམ་ཙམ་བཏང་བས་ཚབ་ཆུང་རིགས་རྣམས་དེས་བཟློག་ནུས། གལ་ཏེ་མ་ནུས་ཀྱང་འཁྱགས་འདར་ཆད། ཆུ་རྟགས་སེར་ན་ཚ་བ་སྨིན་པའི་རྟགས་ཡིན་པས། གཙོ་བོ་བཅུ་གཉིས་བཟི་མེད་དང་། སྤང་རྩི་བཅུ་གཉིས་བཟི་ཁ་ཅན་བཏང་། མགོ་དང་ཚིགས་བཞི་གཟེར་ཆེ་ན་སླེབ་ཆོག་བསྔགས། ལུད་པ་ཁྲག་ཟེར་ཡོད་ཅིང་རྩིབ་མ་གཟེར་ན་རྟ་ཟི་དམར་པོ་ཐང་ཆེན་བརྒྱད་པ་དྲོ་འཇམ་གྱིས་ལན་གསུམ་ཙམ་ཕུལ། དེས་ཆུ་དྭངས། གཟེར་ཁ་ཆག །སྣང་བ་དྭངས། མཚན་མོ་གཉིད་དུ་ཁུག །རྩ་དལ་ལུས་བདེ་བ་བྱུང་ན་ཚད་མགོ་ཆོག་རྟགས་ཡིན་པས་སྨན་མུས་མི་བརྗེ་བར་ཞག་གསུམ་ཙམ་བཏང་། དེ་རྗེས་ཨ་གར་བཅོ་ལྔ། སྤྲིན་ཟླ་སྤང་རྩི་བཟི་ཁ་ཆུང་བ་སོགས་བཏང་རྗེས་ལུས་ཁམས་དྭང་རྩ་ཆུ་བདེ་མུས་རེད་ན། ནོར་ཤ་གསར་པའི་སྲེ་ལོང་གཅིག་པུ་དེ་ཤ་རྒྱུས་བྲད་ཅིང་ག་དར་བྱས། མེ་མུར་ནང་དུ་འདྲེ་ལོག་བརྗེ་ནས་བཅག་བརྡུངས་སོགས་མི་བྱེད་པར་ཆུ་ཕོར་དོ་ཙམ་ནང་བསྐོལ། ཁུ་བ་ཕོར་ཕྱེད་ཙམ་དུ་འཐགས་པ་དང་སྲོད་འཁོར་བཏང་པས། དེ་ནུབ་གཉིད་ཁུག་ཅིང་། ཕྱིར་ནང་བདེ་མུས་རེད་ན་སྲེ་ལོང་ཁྲོབ་


JKT017_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་བསྐོལ་ནས་ཁ་ཞག་བཅད་པ་དགོངས་མོར་བཏང་བས་བདེ་མུས་བྱུང་ན། སྨན་བཏང་ལུགས་སྔར་ལྟར་དང་། ཤ་གསར་ཕྲན་བུ་སོགས་ཁ་ཟས་རིམ་གྱིས་ཀློད་པས་འཐུས། ༈ །བད་ཀན་སྨུག་པོ་དང་མ་ཞུ་བ་འདྲེས་པས་མཆིན་ཁྲག་རྒྱས་ཕྱི་དྲོའི་ཁ་ཟས་ཡི་གར་མི་འོང་བ་དང་། ཕྱིར་ཉིན་མ་ཞུ་བའི་རྟགས་དང་ག་འགགས་པ་དང་སྟོང་སྐྱུགས་བྱེད་པ་སོགས་བྱུང་ན། འདི་ལ་རྐྱེན་ནས་འབམ་དང་ཆུ་བསགས་སོགས་གྲང་བའི་ནད་གཞི་ཕལ་ཆེར་འབྱུང་བས་གཟབ་དགོས། མ་ཞུ་སྤྱི་ལ་དཀར་པོ་དྲུག་སྦྱོར་དང་། བྲང་ཚ་ཆུ་སྐྱུར་སྐྱུགས་དང་རོ་རྒྱབ་གཟེར་བ་ལ་སྨུག་པོ་གཡུལ་རྒྱལ་མཁྲིས་རྐྱེན་གྱིས་ཆུ་སེར། ལུས་བྱིངས་ཉོབ་པ་སོགས་ལ་མན་ངག་བསིལ་སྦྱོར་དང་། ཕོ་མཆིན་མཁལ་རྐེད་ཀྱི་ནད་རིགས་ལ་བདེ་བྱེད་ཀུན་ཕན། སྦྲན་དུག་གཟེར་ཆེན་ལ་རུ་རྟ་དྲུག་པ། ཟླ་ཤེལ་དྲོད་སྦྱོར། གཡུ་དྲིལ་བཅུ་གསུམ་རྣམས་ཟབ། བྲང་ཚ་ཆུ་སྐྱུར་སྐྱུགས། མགོ་ན། ཞེན་པ་ལོགས་པ་སོགས་ཀྱི་སྨན་ལ་བདུད་རྩི་སུམ་སྦྱོར་དང་། རིལ་དཀར་པད་སྡོང་མ་ཟབ། ཟས་ཡི་གར་མི་འོང་བ་དང་། སྣང་བ་ལྗི་འཐིམ། མགོ་གཟེར། ལུས་བྱིངས་ཉོབ་པ་ལ་གསེར་ཞིས་ཕན་ཆེ། སྨུག་པོ་མཆིན་མཁྲིས་རྐྱེན་ལས་ཁ་ཟས་དྲོད་བཅུད་ཐལ་ཆེ་བས་མཁྲིས་པ་སློང་། ཁ་ཁ་མགོ་ན་ལུས་ཉོབ་པ་


JKT017_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་གི་ཏིག །གསེར་ལྔ་མཁྲིས་ལས་རྣམ་རྒྱལ་སོགས་བཏང་། ཆུ་སྐྱེར་ཁུ་ལྟ་བུ་བྱུང་ནས་སྨན་གྱིས་མ་ཆོག་པར་ཡུན་རིང་ལོན་པས་མིག་དང་ཤ་རྩ་སེར་བ་སོགས་བྱུང་ན་མཁྲིས་པ་ཤ་ལྤགས་ལ་གྲམ་པ་ཡིན་པས། གཡའ་ཀྱི་ཉེར་ལྔ། གཡའ་ཀྱི་བདུན་པ་སོགས་ཟབ། དེ་རྣམས་གཉུག་བསྲིངས་པས་ནད་ལས་གྲོལ་བའི་རྟགས་ཡིད་ཆེས་པ་བྱུང་དུས་གོང་བཤད་ལྟར་སྲེ་ལོང་སོགས་གཏོང་བ་རིགས་པས་དཔྱད། སྨུག་པོ་མཆིན་མཁྲིས་ལས་རྐྱེན་ནས་སྐྲངས་གཞི་ཚ་བབས་འབྱུང་བ་མང་བས། དེ་རྟགས་ལུས་ལྕི། ཤེས་པ་ཉོབ་ཤིང་འཐིབས། མིག་ལྤགས་དང་གདོང་ཁུག་གི་མདོག་ཅུང་ཟད་སྔོ་ལ་སྐྲངས། རྐང་སྡེབས་དང་ངར་གདོང་སྐྱངས་འབྱུང་། ཆུ་རྟགས་དམར་སྨུག་མར་ཁུ་ཐོན་པའི་མདོག་ལྦུ་བ་སོབ་པ་ནོར་གྱི་ཁ་ལྕེ་ལྟ་བུ་འབྱུང་བས། དེའི་ངོ་ལོན་དུ་འབོལ་བདུན། གི་དགུ། བོང་བཅུ་སོགས་བཏང་། ༈ །འབམ་འབེབས་མ་ཐུབ་ནས་གཏོར་ན། སོ་ལྔ་གཉན་སྨན་བཞི་ཆ་བསྐྱེད་པ་དང་། དཔལ་བརྒྱད། ཀླུ་བདུད་བཅོ་བརྒྱད་སོགས་བླུད། ལ་ཕུག་བཏང་། ལོང་རྩ་གཏར་ཞེས་སྣང་། ༈ །ཕྱི་མ་ཕྲིན་ལས་རྒྱུད་ཀྱི་སྐབས། ལེའུ་དང་པོར། བྱེའུ་འུར་པ་ཆ་ག་པ། བྱིད་པོ་རྒྱ་མཆིལ་མགོ་དམར། ནས་ཟན་བོད་མཆིལ། ལེའུ་གཉིས་པར། བསྐོར་ཞེས་པ་རྩིས་ཀྱི་གབ་རྩེ་


JKT017_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དང་། ཕྱ་ཞེས་པ་མོ་ཕྱ་བཏབ་པ། ཐང་གི་སྐབས། སྤྱིར་ཁུ་བ་འབྱིན་པ་ཐང་། རྩི་བཞིན་བཏགས་པ་ཕྱེ་མ། མགོ་བསྡུས་ཏེ་དྲིལ་བ་རིལ་བུ། མངར་གསུམ་གྱི་འདག་པ་དང་སྦྱར་བ་ལྡེ་གུ། ཉིང་ཁུར་བསྡུས་ཏེ་བཅུད་ལེན་པ་སྨན་མར་སྟེ་ལྔ་པོའི་ནང་། ཞི་བྱེད་གཞན་ཡང་བསྡུ་ལུགས་ནི། ཐལ་སྨན་རྣམས་ཕྱེ་མ་བྱེད་པ་ཤས་ཆེ་བས་ཕྱེ་མ་དང་། ཁཎྜ་རྣམས་རིལ་བུར་དྲིལ་བཏུབ་ཙམ་གྱི་འདག་པར་སྦྱོར་བས་ལྡེ་དགུ། སྨན་ཆང་ཁུ་བ་འདོན་དགོས་པས་ཐང་དང་རིན་པོ་ཆེའི་སྦྱོར་བ་རྣམས་རིལ་བུར་བསྒྲིལ་ཚུལ་བཤད་པས་རིལ་བུར་བསྡུ་ཞིང་། སྔོ་སྦྱོར་ནི་ཐང་ཕྱེ་གང་རིགས་སུ་བསྡུ་བ་ཟུར་མཁར་བའི་བཞེད་པའོ། །སྦྱོར་བ་དངོས་གཞིའི་སྐབས། གང་གཏོང་རྒྱུའི་སྨན་གྱི་ངོས་འཛིན། གང་ལ་བཏང་ཡུལ་ནད་ཀྱི་དམིགས་དབྱེ། ཇི་ལྟར་གཏོང་ཚུལ་སྦྱོར་སྡེའི་ལག་ལེན། སྦྱོར་སྡེ་ཚད་ལྡན་སྨན་གྱི་ཕན་ཡོན་སྟེ་ས་བཅད་བཞིའི་སྒོ་ནས་ཞིབ་བར་འཆད། ཐོད་རུས་གསུམ་སྟེང་རླུང་ལ་སླེ་ཏྲེས་དང་། རྒྱས་ཚད་ལ་གཙོ་བརྒྱད་ཀྱི་ཕྱེ་མ་ཐང་འདིས་ཕུལ། སྣ་ཁྲག་གཅོད་ཐང་ལ་གུརྒུམ་བསྣན་པ་ཕྱག་ལེན། ཨིནྡྲ་བཞི་སྟེང་གླ་རྩི་དང་། འཛིན་ལོ་བསྣན་པས་རྒྱུ་གཟེར་ལ་ཕན། ལྕགས་ཁུའི་ཆིག་ཐང་དུ་ཨ་རུ་ར་ཅུང་ཟད་བསྣན། ཕྱེ་མའི་སྐབས་གཙོ་བརྒྱད་ཀྱི་ཞལ་ཤེས།


JKT017_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཚད་ལ་ཙནྡན་དཀར་པོ། གློ་ཚད་ཅུ་གང་། མཆིན་ཚད་གུརྒུམ། མཁྲིས་ཚད་ཏིག་ཏ། ཁྲག་ཚད་བ་ཤ་ཀ །འཁྲུགས་ཚད་ཧོང་ལེན། རིམས་ཚད་བོང་དཀར་རྣམས་ཐུན་ལོག་སྦྱར། རུ་རྟ་དྲུག་པར། ཚ་ཤས་ཆེ་ན་བསིལ་སྨན་གསུམ་དང་། གྲང་ཤས་ཆེ་ན་དྲོད་སྨན་གསུམ་ཆ་བསྐྱེད། ཚ་གྲང་ཆ་སྙོམས་ལ་མཉམ་སྦྱོར་རོ། །སྤྱིར་གཙོ་བོའི་སྨན་ཐུན་ལོག །འཁོར་སྨན་དེ་ཡི་ཕྱེད་ཆ། ཁ་འཛིན་རྣམས་ཅུང་ཟད་ཙམ་ལས་མི་གཏོང་སྟེ། དྷརྨ་སྭ་མིས། ཁ་འཛིན་ཐུན་ཆེ་གཙོ་བོའི་ནུས་པ་འཇོམས། །འདིས་ནི་སྲན་མ་ཙམ་གྱིས་དོན་ཆེན་འགབས། །ཞེས་གསུངས་པས་འཁོར་སྨན་གྱི་སུམ་ཆ་ཙམ་གཏོང་། རྭ་ཤིང་སོགས་གང་སྲ་བའི་རིགས་སྔོན་ལ་བརྡུངས། ཤིང་ཀུན། གླ་རྩི། གུ་གུལ། ཅུ་གང་། བུལ་ཏོག །ལན་ཚྭའི་རིགས་སོགས་དང་། བརླན་གཤེར་སྣུམ་བག་ཅན་གྱི་སྡེ་ཚན་རྣམས་རྗེས་སོར་བརྡུངས་ཤིང་ཚགས་ལ་མི་དྲངས། ག་བུར། གི་ཝཾ། གུར་གུམ་གསུམ་ནི་བསྲེ་འདུལ་བྱེད་དུས་འདྲེས་བར་བཏགས་པས་ཆོག །ཅོང་ཞི་མ་གཏོགས་པའི་རྡོ་སྨན་རིགས་གང་གཏོང་ཡང་འཇུ་རྩི་ཚྭ་ལ་དུལ་མ་དང་། ཟེ་ཚྭ་ཐུན་བཟང་བ་རེ། སྔོ་སྨན་རྐྱང་བ་སྦྱོར་དུས་དུག་འདོན་པི་ལིང་བྲག་ཞུན་གཉིས་ཐུན་བཟང་རེ་དང་། ཕོ་བའི་གཞི་འཛིན་སེ་འབྲུ་བཅས་སྦྱར་བ་ཕྱག་ལེན་ལ་


JKT017_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། རིལ་བུའི་སྐབས། ཟི་ར་ལྔ་པ། ནད་པའི་སོ་རྩ་མཚུར་དཀར་གྱིས་དག་པར་བཀྲུས། རས་ཐུམ་བྱས་ནས་སོ་བར་དུ་བརྩིར། སེར་རུས་ནི་ལུག་གི་རུས་པ་ཛམ་བྷ་ལའམ་དོན་འགྲུབ་བམ་ནོར་བུར་འབོད་པ་དེ་ལ་བཞེད་པའང་སྣང་། སྨན་མར་སྐབས། བ་ཡི་རྣམ་ལྔ་སྦྱར་ལུགས། ལྕི་བ་སྣོད་དུ་བཙིར་བའི་དྭངས་མ་བ་ཆུ་དང་བསྲེས། དེ་ཡི་དྭངས་མ་བྲེ་གསུམ་ཙམ་ལ་ཞོ་དེ་དང་མཉམ་པར་བླུགས་ནས་བསྐོལ། ཕྱེད་དུ་བསྡུས་ནས་འོ་མ་ཞོ་དང་མཉམ་པར་བླུགས། དེ་རྗེས་མར་དུམ་རེ་འཕང་ནས་བསྐོལ་ཏེ་ཆུ་ཆོད་པ་དང་། སྦྲང་རྩི་སླད་མེད་བསྲེས་པ་དཀྲུགས་ལོག་བྱ་སྟེ། དེ་ལྔ་པོ་བ་གཅིག་ལ་བྱུང་ན་མཆོག་ཏུ་བསྔགས་སོ། །ཀ་རས་ཁ་བླངས་ཞེས་ཤེལ་དཀར་ཕྱེ་མ་བཏབ་དཀྲུགས་བྱས་པ། འབའ་སམ་ཞེས་སྣ་མོང་པོ་འདྲེས་པའི་དོན། ཐལ་སྨན་སྐབས། ཟ་འོག་ནི་གོས་ཆེན་ཁྲ་བོ་མཚོན་སྣ་ལྔ་པ་སོགས་རྒྱུ་སྤུན་གཉིས་ཀ་མ་སྒྲིབས་པ་ལྷུག་འཐག་བྱས་པ་དེ་ལ་བཞེད། རིན་ཆེན་སྦྱོར་བའི་སྐབས། འབྲུམ་པ་སེལ་བའི་རིལ་བུར་མཚལ་དཀར་བསྣན་པ། མན་ངག་སྔོ་སྦྱོར་སྐབས། ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས་ཞེས་པ་ནི། གཉན་ཚད་ལ་འཛིམ་པ། ཁྲག་ཚད་ལ་རེ་སྐོན། མཁྲིས་ཚད་ལ་གཡའ་ཀྱི། འཁྲུགས་ཚད་ལ་ཧོང་ལེན་སོགས་ཀྱིས་ནི་ག་བུར་གྱི་


JKT017_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའང་ཟིལ་གྱིས་གནོན་པའོ། །སྣུམ་འཆོས་སྐབས། གཏང་བྱ་ནི། བཤད་རྒྱུད་ལས། དེ་ཡུལ་རླུང་ཆེ་ཟུངས་ཟད་ཁྱིམ་གསར་དུབས། ཞེས་སོགས་གསུངས་པ་དེའོ། །རྩུབ་འཆོས་ནི་བྲ་སྲན་དར་བ་སོགས་སྣུམ་མེད་རིགས། དར་རྙིང་ནི་དར་རུལ་བ། བཤལ་སྐབས། རིལ་བུ་ཡིན་ན་གྱུར་མིད་བྱེད། ལྕག་ཞེས་པ་རྟ་མགྱོགས་པར་བསྐུལ་བའི་ལྕག་ཚན་ལྟ་བུ། བཤལ་བཅད་པའི་སྔགས་༧ ནི། ཨོ་ཀུན་དྲེ་ཀུན་དྲེ་ཀུན་པཾ་ལཾ་བྷོ་ཤར་ཤར་ཤལ་སྭཱ་ཧཱ༔ ཞེས་སྨྲ་བཅད་མང་དུ་བཟླས། ཆུ་གྲང་ལ་བཏབ་ནས་ཕུལ་བས་ཕན་ངེས་ཟབ། སྐྱུགས་སྐབས། རི་ཤོ་ནི་རྐྱང་ཤོག་པ་ལ་བྱེད། སྣ་སྨན་ཟླ སྐབས། ནམ་ཚོང་ནི་མཆན་ཁུང་དང་། དཔུངས་པ་གཡས་གཡོན་པར་ལ་བྱ་སྟེ། ནམ་ཚང་མགོ་དང་སྐེ་ཡི་རྟེན། །མགོ་འཛིན་ཞེས་ནི་བཤད་པ་ཡིན། །ཞེས་སོ། །ཁྲག་གཅོད་སྔགས། ཨོ་ཙ་ལ་རྦད༔ ཅེས་སྨྲ་བཅད་བྱ་ཞིང་། སུམ་བརྒྱ་རེའི་མཚམས་སུ་ཕུ་འདེབས། ཟབ་སྤྱི། མཇུག་དོན་སྐབས། སོ་ནམ་དུས་བཞི་ནི། ཞིང་ལས། འབུན་གཏོང་། ཚོང་ལས། ཕྱུགས་སྤེལ་བ་དང་བཞི་ཞེས་བཤད་སྣང་ལགས།། ༈ །།ཨ་གར་སོ་ལྔའི་ཨ་བྱག་གཉིས་ནི། ཨ་བྱག་གུརྒུམ་ཞེས་སམ། མིང་ཅན་སེར་པོར་གྲགས་པ་འུག་ལག་དང་། ཨ་བྱག་གཟེར་འཇོམས་ཞེས་སྦྱང་གུར་གྱི་འདབ་མ་


JKT017_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། འབམ་སྟོད་དུ་ཡོད་སྐབས། གཉན་སྨན་བཞི་ཕྲི་ནས། གི་ཝཾ། པྲི་ཡངྐུ། བྲག་ཞུན་གསུམ་བསྣན། ཀོ་བྱི་ལ་སྤུ་ལྡན། ནཱ་ག་གེ་སར། གཟེར་འཇོམས་གསུམ་བུངས་བསྐྱེད། །ས་ལོ་སྨན་མར་ལ་སྐྱུ་རུ་ར་བུངས་བསྐྱེད། སྤང་རྒྱན་དཀར་པོའི་མེ་ཏོག་འཁོར་སྨན་གཅིག་དང་ཆ་མཉམ་བསྣན་པས་གྲེ་ཐོག་ལ་ཟབ། སྤང་རྒྱན་བཅོ་ལྔ་དང་། མན་ངག་བསིལ་སྦྱོར་སོགས་ཀྱང་འཕྲོད། ༈ །མིག་ནད་འགྲིབ་རིགས་ལ། དཀར་པོ་དྲུག་སྦྱོར་གྱིས་ཕན། རྗེས་སུ་ནང་གསང་བརྒྱད་དང་། ཕྱི་གསང་རྣམས་ལ་མེ་ཚུགས་གང་བདེ་བྱ། ༈ །ལིང་ཏོག་ལ་ནི་ལ་ཐོ་ཋ་ཞིབ་བཏགས་སྐམ་འདེབས་ཀྱིས་འཕྲལ་དུ་ཕན་པ་ལག་བླངས། ཁོང་སྨན་སྤང་རྩི་བཅུ་གཉིས་སྨན་ནད་ཐོན་པ་ལན་འགའ་བཏང་། ༈ །སོ་སྲིན་དང་མགོ་སྲིན་ལ་བདུག་པ་ཡ་འཇོམས་རྡོ་རྗེ་ལེགས། གདོང་སྲིན་ལའང་ཕན་ཆེ། སོ་སྲིན་ལ་ཁྱུང་ལྔ་སོ་བར་བཟུང་། ༈ །སེ་འབྲུ་བདེ་བྱེད་ཀུན་ཕན་ལས་དྲོད་སྨན་རྣམས་ཆ་འཕྲི། གསེར་བྱེ་བསྣན་པས་ཆུ་ནད་ཚ་གྲང་ཕལ་ཆེར་ལ་ཟབ། ༈ །ལི་དྲུག་དང་ཁྱུང་ལྔ་བསྲེས་པར། ཨ་རུ་དང་། རུ་རྟ་གཅིག་ཤོས་ཚབ། སྤང་རྒྱན་དཀར་པོ་དང་། སྤང་རྩི་བསྣན་པ་གག་པ་དང་། གྲེ་ཐོག་གཉན་ཤས་ཅན་ལ་ཟབ། ༈ །མེས་ཚིག་གི་རྨ་སྤྱི་ལ། རྟ་ཕུ་རློན་པའམ། །


JKT017_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པོ་ཆུར་སྦངས་པ་བརླན་པ་ཆིག་ཐུབ། ༈ །བུ་དང་ཤ་མ་མ་ཐོན་པ་ལ། ཞི་དྲུག་དང་། ཨ་རུ་བཅོ་བརྒྱད་བསྲེས་པ་ཟབ། ༈ །བཅོ་ལྔ་དྲག་སྦྱོར་ཅོང་ཞི་ནས་ཙམ་བརྡུངས་ལ་སླ་ངར་ནས་སུན་བདུན་འགད་རིང་ལན་ཚྭ་དང་མཉམ་དུ་བརྔོ་། དེ་འཕྲལ་སྣོད་གཞན་ཞིག་ཏུ་བྱོ་ལ། ཆང་རྒན་གྱི་སྙིང་ཁུས་ཁ་ཕྲུ་གདབས། རླངས་པ་མི་འཆོར་བར་ཁ་གཅོད་རྒྱབ་ལ་བཞག །ད་ལིས་དབྱི་མོང་གཉིས་གཞོན་ནུས་དུས་བཏུས་པ་གྲིབ་སྐམ་ལེགས་པར་བྱ། དུམ་བུར་བཏུབས་ནས་རྫ་སྣོད་དུ་བསྲེག །ཚིག་ཚར་ནས་འཕྲལ་དུ་རླངས་ལ་ཆང་རྒན་གྱི་སྙིང་ཁུས་ངར་བསད་པའི་བླངས་པ་མི་འཆོར་བར་ཁ་གཅོད་དམ་པར་བྱས་ལ་བཞག །སྐམ་པ་དང་ལོངས་སྤྱད་དོ། ༈ །རྒྱ་ནག་རིལ་བུ་རྐྱང་པ་འབམ་སྨད་དུ་བབས་པ་སོགས་གཉན་རིགས་ཀྱིས་མཁལ་རྐེད་སོགས་ལ་ལེགས། ཆོས་ཉིད་རིལ་བུ་དམར་བཤལ་ལ་ལེགས་ཀྱང་བསིལ་ཁ་ཅུང་ཆེ་མཁལ་རྐེད་གྲངས་ནད་རིགས་ལ་མི་ལེགས། ༈ །ཆུ་འགགས་རིགས་ཕལ་ཆེར་ལ་བདེ་བྱེད་ཀུན་ཕན་དང་། །ཉི་དཀྱིལ་སོགས་ལེགས། ༈ །རྩ་འགགས་པ་དང་དྲི་འགགས་ལ་དཀར་པོ་དྲུག་སྦྱོར་གྱིས་ཕན། ༈ །མགོ་སྲིན་གཟེར་ནད་ཚབ་ཆེ་ལ་མགོ་ཐང་བཅུ་གསུམ་དང་། གར་ནག་བཅུ་གཅིག་བཏང་། ༈ །བད་རླུང་མགོ་ནད་ལ། བདུད་


JKT017_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་སུམ་སྦྱོར་སྟེང་། བུང་མཉམ་གྱི་སེ་མེ་བསྣན་པས་ཕན་པ་མཐོང་། ཡང་ན་བདུད་རྩི་སུམ་སྦྱོར་སྟེང་། ཨར་སྒྱུར་མ་ནུའི་བུང་མཉམ་དང་། སེ་མེ་གོང་ལྟར་བསྣན་པས་ཕན་པ་མྱོང་གྲུབ། མགོ་བོའི་ཕྱོགས་བཞིར་ཚུགས་བྱ། ༈ །བད་མཁྲིས་ལ་བདུད་རྩི་སུམ་སྦྱོར་དང་། ཏིག་བརྒྱད་མཉམ་སྦྱོར་གྱིས་ཕན། ཁྲག་ཤས་ཆེ་ན་གི་ཏིག་ལེགས། ༈ །སྙིང་རླུང་ལ་མདེ་ཐུང་ནས་བཤད་པའི་ཨར་བརྒྱད་དང་། སེམས་ཀྱི་བདེ་སྐྱིད་ཚད་ལྡན་རང་ལེགས། ༈ །གློ་ཚད་ལ་ཁྱུང་སྔོན་དགུ་པ་ཟབ། གཉན་ཤས་ཆེ་ན་སྲོ་ལོ་ཆ་ཕྲི། འཁྲུགས་གློ་ཚ་ཤས་ཅན་ལའང་ཁྱུང་དགུ་ལེགས། དེ་ལ་ཅུ་གང་བསྣན་པ་ཕྱག་ལེན། ཆམ་གཞུག་གི་ལུ་བ་བཅོས་བརྡུགས་ཚེ། དར་མ་མཁྲིས་ཤས་ཆེ་བར་ལུག་མུར་བདུན་པ་ཙནྡན་དཀར་པོ་དང་དམར་པོ་ཆ་མཉམ་པ་དང་། བད་ཤས་ཆེ་ན་སྒ་ལོ་སྨན་དམར་སྟེང་། ཤིང་མངར་འཁོར་སྨན་གཅིག་གི་བུང་མཉམ་བསྣན་པ་ཆང་གིས་ཕུལ་བས་ཕན། བད་གློ་རྒྱུན་དུ་ལུ་བ་ལ་རྒུན་འབྲུམ་བདུན་པ་ཁ་ཚར་ཅན་ལེགས། ཡང་རྒྱུན་དུ་གློ་རོ་ལུ་བ་ལ་ག་བུར་ཉེར་ལྔའི་ག་བུར་ཚབ་སྟོང་ཟིལ་དང་། སྲོ་ལོ་དམར་པོ་ཁ་ཚར་བཏབ་པས་ཕན་པ་ལག་བླངས། ༈ །མཁལ་རྐེད་ཀྱི་ནད་སྤྱི་ལ་ཨ་རུ་བཅོ་བརྒྱད་དང་། ཁམས་ཟག་ལ་རྒྱ་ནག་མ་དང་། ཚ་ཤས་ཡོད་ན་ཆོས་


JKT017_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རིལ་བུས་ཕན། མཁའ་རྐེད་གཉན་ཤས་ཅུང་ཡོད་པའམ། ཕལ་ཆེ་ལ་མན་ངག་གམ་ཕྱེ་དམར་པོ་ལེགས། ༈ །ཕོ་ནད་སྤྱི་ལ། ཅོང་ཞི་ཅུར་ནིའི་སྟེང་། ཚྭ་ལ་ཆུ་བཅད་མང་ཙམ་བསྣན་པས་ཤིན་ཏུ་ཕན། ཕག་གྲུབ་ཀྱང་ལེགས། ༈ །མ་ཞུ་བའི་རིགས་སྤྱི་ལ་ཞི་དྲུག་དང་། བཅོ་ལྔ་དྲག་སྦྱོར། གླང་ཐབས་གཟེར་ཆེ་བ་སྲིན་གླང་སྟེ་ཕན་པ་ཀུན་ལྡན་དང་། གཟེར་ཆུང་བའི་རིགས་ལ་ཟླ་ཨ ཤེལ་གཡུ་དྲིལ། ཞི་དྲུག་སོགས་གང་འཕྲོད་ལྟ། མ་ཞུ་དུག་ཐབས་ཀྱི་རིགས་ལ་དྭགས་པོ་སྨན་ནག་ལེགས། ༈ །གཅིན་འགགས་ལ་ཉི་དཀྱིལ་སྟེང་རྒྱ་ཚྭ་སྡིག་སྲིན་གསེར་བྱེ་བསྣན་པ་དང་། ཀུན་ཕན་གྱིས་ཕན། ༈ །གཅིན་སྙི་ལ། ཚ་ཤས་ཆེ་ན་ཨ་རུ་བཅོ་བརྒྱད་དང་། གྲང་ཤས་ཆེ་ན་ཀུན་ཕན་ནམ། ཉི་དཀྱིལ་གང་རིགས། ཡུང་བ། སྐྱེར་པ། སྐྱུ་རུ། གཟེ་མ་བཞི་བསྡུས་ཐང་གིས་ཕུལ། ཚིགས་པ་བཅུ་དགུ་པ་ཁ་གསུམ་ལ་མེ་བྱ། ༈ །རྒྱ་ནད་ཚད་འཁྲུལ། རབ་ར་རྒོད་ཀྱི་ཁྲག་དྲོན་མོ་དང་། འབྲིང་ཤ་ཁྲག་ཚིལ་གསུམ་གང་རུང་གི་ཁུ་བ་ཆིག་བརྒྱུགས་ཆོག་པའི་གསང་སྨན་ཡིན། ༈ །དྲེག་ནད་ལ་སྤོས་ཁྱུང་དང་། བྱུགས་པ་བྱ་ཁྱུང་སྔོན་པོ་ཟབ། ༈ །གྲུམ་བུ་ལ་བོང་ཁྲག་ཉེར་ལྔ། །སེང་ལྡེང་ཉེར་ལྔ། ཀླུ་བདུད་བཅོ་བརྒྱད་རྣམས་ཟབ། ཁྱུང་ལྔ་ཚད་ལྡན་ཀྱང་


JKT017_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། ༈ །རྩ་དཀར་ལ་བསམ་འཕེལ་ནོར་བུ་དང་། ད་ལིས་བཅོ་བརྒྱད་བཏང་། མ་སྔས་པར་ཚུགས་དང་མེ་བཙའ་གང་རིགས་བྱ། ༈ །ལྤགས་ནད་ཆུ་སེར་ཟ་འཕྲུགས་ལ་སྤོས་ཁྱུང་དང་། མན་ངག་གམ་ཕྱེ་དམར་པོ་སོགས་ཀྱིས་ཕན། ༈ །ཕྲན་བུའི་ནད་ཀྱི་བཅོས་ལྷན་ཐབས་ལྟར་ལེགས། ཁྱད་པར་གཉིད་སྲུང་འགུགས་ཀྱི་གདམས་པ་འདི་ཟབ་ངེས་ལག་བླངས། ༈ །རྐང་འབམ་བཅོས་པ་ཟུར་དུ་གསལ། བྱིས་པའི་ནད་སྤྱི་ལ་གཅིག་ཤེས་ཀུན་གྲོལ་ཟབ། ཕོ་ནད་སོགས་ལ་མན་ངག་བསིལ་སྦྱོར་ཀྱང་འཕྲོད། ༈ །མོ་ནད་ཁྲག་ཤས་ཆེ་བ་ལ་ཁྲག་བཤིགས་རིན་ཆེན་ཕ་ལམ། ཨ་གར་སོ་ལྔ། ཙནྡན་བཅོ་བརྒྱད་སོགས་ལེགས། སྤྱིར་འོལ་མོ་ཉེར་ལྔ་དང་། རྒྱ་རུ་བཅུ་བཞི་སོགས་ཟབ། ༈ །འབྱུང་གདོན་སྤྱི་ཁྱབ་བདུག་པ་རྒྱན་འཁོར་དང་། བྱུག་པ་རྒྱན་འཁོར་ཟབ། ༈ །རྨ་སྤྱི་ལ། ཁོང་སྨན་ཐོག་མར་སྤང་རྩི་བཅུ་གཉིས་དང་། ག་བུར་ཉེར་ལྔ་སོགས་བཏང་། ཡུག་ཤིང་ཁཎྜ་བྱུགས། ལྡུམ་ཆེན་དགུ་སྦྱོར་ཀྱང་ཁོང་སྨན་ཤིན་ཏུ་ཟབ། བརྡབས་འགྲམ་།རིགས་ལ་བུལ་ཏོག་དང་། སྟར་བུ་གཉིས་སྦྱར་བས་མཆོག །མགོ་ཆག་ལ་བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་དང་། ཚབ་ཆུང་རིགས་ལ་བདུད་རྩི་སུམ་སྦྱོར་དཀྱུས་མས་ཀྱང་ཕན། སྔགས། ཏིར་ཏི་


JKT017_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནྱ་མ། ཟབ། ༈ །དུག་རིགས་ཀྱི་བཅོས་ཟུར་དུ་གསལ། ཤ་དུག་སོགས་དུག་ནད་སྤྱི་ལ་དཔའ་བོ་ཉེར་ལྔ་མཆོག །ཡང་ཞི་དྲུག་འོམ་བུའི་ལོ་མ་བསྣན་པའང་ལེགས། རྟ་དུག་སྨན་ཚ་རིལ་ཁ་ཚར་ཅན་ཟབ། ཁྱི་དུག་དང་རེག་དུག་བཅོས་ཟུར་གསལ། ༈ །འབའ་སམ་སྨན་མར་ཚད་ལྡན་སྟེང་། སེ་འབྲུ་ཉི་དཀྱིལ་ལ། དབང་ལག། བྲེ་ག། གངས་སྦལ་ལམ་སྲམ་ཤ་བསྣན་པ་ཁ་ཚར་བཏབ་པས་མཁལ་རྐེད་གྲང་ནད་སྤྱི་དང་། ཁྱད་པར་ལུས་སྟོབས་ཆུང་བ་ལ་བསྔགས། ཡང་མཁལ་རྐེད་རྐྱང་པ་ལ་གོ་ཡུ་དགུ་སྦྱོར་ཁ་ཚར་བཏབ་ཀྱང་ལེགས། གོ་ཡུ་དགུ་སྦྱོར་སྟེང་། དངུལ་ཆུ་གྲང་འདུལ། དབང་ལག། རྩ་བ་ལྔ། སྲམ་ཤ་རྣམས་བསྣན་པ་བུ་རམ་གྱི་མགོ་བསྡུས་སྟེ་རིལ་བུར་དྲིལ་བ་སྟོབས་བསྐྱེད་ཀྱི་སྨན་ཁྱད་པར་ཅན་ནོ། ༈ །ནོར་གྱི་གློ་ནད་ལ། འབྲས་བུ་གསུམ་བསྣན་པའི་ག་བུར་ཉེར་ལྔའི་སྟེང་། སྲོ་ལོ། སྤང་རྒྱན། ཨ་ཀྲོང་། ཤུ་དག །གླ་རྩི་རྣམས་བསྣན་པ་འདི་རང་ལེགས། སྐྱ་རྩི་ལ་ནག་པོ་དགུ་སྦྱོར་ཚང་བར་བྱ། ༈ །ཁྱུང་ལྔ་ཚད་ལྡན་གྱིས་ནད་རིགས་གང་ལའང་ཕན་ཞིང་། ཁྱད་པར་གཉན། རིམས་སྲིན་གླང་ཐབས་རྨ་ཐོར་མཁལ་རྐེད་རྐང་ནད། གག་ལྷོག །ཆུ་སེར་སོགས་དང་། སྙིགས་དུས་ངོས་བཟུང་དཀའ་བའི་ནད་རིགས་གང་ལའང་སྨན་ནད་ཐོན་ཙམ་


JKT017_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལན་འགའ་རེ་བཏང་པས་ཕན་པ་མྱོང་གྲུབ་མའོ། ༈ །དབང་ལག་བརྐོས་མ་ཐགས་དྲེགས་བཤལ། ཆུ་གཙང་ཉིས་འགྱུར་དུ་ཁུ་བ་རང་ཐིམ་བཙོས་པས་དྲོད་དུ་འགྲོ། ཚོས་མ་ཐག་ར་འོ་ཉིས་འགྱུར་ཁུ་བ་རང་ཐིམ་བཙོས་པས་བཅུད་དུ་དགུག་ར་མྱེ་ལའང་དེ་ལྟར་བྱེད། ཉེར་ཤིང་ཕྱི་ལྤགས་དང་། ནང་ཤིང་རྒྱུས་པ་དོར་ལ་ཆུ་ལ་བཙོས་པས་དྲོད་དུ་དགུག །གཟེ་མ་སྲིད་པའི་བྱེ་མའི་མཉམ་དུ་སྣ་ཚིག་ཙམ་བརྔོ་། བ་སྤུའང་ཆུ་བཅད་དགོས་ཟེར།། ༈ །།རྩ་སྦྱོངས་ཀྱི་ལག་ལེན་ནི། སྔོན་འགྲོ་རྒྱས་པར་སྤྲོ་ན་རྩ་ཁུ་བྱུག་སྟེ་ཀོ་ཋ་འཁྲུལ་མེད་ཀྱི་ལོ་མའི་ཐང་ཞག་གསུམ་བཏང་། དེ་ནས་གཟའ་སྐར་ལེགས་པའི་ཉིན་གཡེར་མ་དང་ཉི་དགའི་འདབ་ཚོད་ཚྭ་ཅུང་ཟད་ཡོད་པ་ཕོར་པ་གང་བཏང་། ཉི་ནུབ་ར་ཡི་ཝ་གདོང་དང་། གཞན་ནོར་ལུག་གང་བྱུང་གི་སེར་རུས་དང་། དེའི་རུས་པ་གོར་མོའི་ཁ་གདོང་གོར་མོ། སྲེ་ལོང་། ལྕམ་པ་བཅས་བསྡུས་པའི་ཐང་ཚྭ་ཅུང་ཟད་ལྡན་པ་བཏང་། མུན་རུག་སྣ་སེལ་གྱི་ཐང་བཏང་། དེའི་ཐོ་རངས་སྨན་གྱི་རིལ་བུ་བཅུ་བདུན་བཏང་། བྱང་བ་ཉེར་གཅིག་དང་ཆ་གའི་མགོ་ཆུ་སྦུར་གང་རྙེད། ཤིང་མངར་པི་ལིང་ནས་འབྲུ་ཙམ་རྣམས་ཆམ་ཆོམ་བརྡུངས། རས་དཀར་དྲི་མེད་དུ་བཏུམ་ལ་ཆུ་ཚན་ཧུབ་གསུམ་ཙམ་ནང་དུ་སྦང་། ཇ་ཡུན་ཙམ་སོང་དུས་མཐེབ་འཛུབ་


JKT017_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དལ་བུར་ཆུ་ནང་དུ་མཉེས། ཆུ་མདོག་སྨུག་དྭངས་བྱུང་དུས་རས་ཀྱི་སྨན་ཐུམ་ཚུར་བླངས་ལ་ཆུ་དེ་ཁེབ་ལེགས་པར་བྱས་ནས་ཞག་གཅིག་བཞག་པའི་ཁུ་བ་དེ་ཉིད་ཧུབ་གང་འཐུང་། དེ་རྗེས་རིལ་བུ་དགུ་ཆུ་བསྐོལ་གྲང་གིས་ཕུལ། ཡུན་རིང་སྔས་མཐོར་བྱས་ནས་གཉིད་ལོག་དགོས། དེ་རྗེས་བར་བར་དུ་རྒྱུད་ཀྱི་མདུངས་སྨན་བཏང་། ཐེབ་པའི་དུས་སུ་ལྕག་ཆང་གསུངས་ཀྱང་ཆུ་བསྐོལ་གྲང་རང་ལེགས། དེས་མ་ཐེབ་ན་ཕྱིར་ནང་སྔ་མའི་བྱང་བའི་རོ་མའི་ཁར་བྱང་པ་གསུམ་ཙམ་བསྣན་ནས་བཙིར་བའི་ཁུ་བ་ནུབ་གསུམ་ཙམ་དང་རིལ་བུ་བདུན་སྒྱུར། རྗེས་ཐུག་པ་སྣུམ་ལྡན་ཚྭ་ཡོད་བཏང་། ༈ །རྩ་བཤལ་སྐབས་ཀྱི་ཕྱག་ལེན་ནི། ར་ཡི་ཚང་འཇུག །སྲོག་ཆག་གང་རུང་གི་ཨོ་ཐོ་རུ་ལུ་ཡས་མར་གྱི་རུས་པ་ཆ་གཉིས་ཙམ་དང་། སྲེ་ལོང་ཐེ་ཁེ་གསུམ་ཙམ་ཤ་མེད་པ་དང་། ཉི་དགའ་དབྱར་ཡིན་ན་ལོ་མ། དགུན་ཡིན་ན་འབྲས་བུ། གཡེར་འབྲུ་བདུན། ལན་ཚྭ་བྲོ་ཙམ་ཚྭ་འབྲིང་ཙམ་བསྐོལ་བའི་ཁུ་བ། གཞུང་བཤད་སྔོན་འགྲོ་ཁྲུས་བྱུགས་ལྟོ་བ་མ་གཏོགས་པར་ཐེམ་པར་བྱས་ནས། དེ་ནུབ་ཉི་མ་ལ་ཁ་ལ་འགྲོ་དུས་ཕོར་པ་གསུམ་ཙམ་གཏོང་། སྲོད་འཁོར་ནས་སྣ་སེལ་དེ་གོང་སྔ་ཙམ་ནས་དཀར་ཡོལ་དུ་བྱང་བ་དམར་ཁྲ་བར་གཤོག་ཅན་གམ། སྨན་ཐུན་གཅིག་ཆུ་སྐོལ་གྱིས་གཏོང་། དེ་ཡང་དབྱར་ཡིན་ན་རྩ་ཁ་


JKT017_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ཐང་ཉི་མ་མདུང་གང་ཙམ་ནས་གཏོང་། སྣ་སེལ་ས་རུབ་འཕྲལ་གཏོང་། ཁུ་བྱུག་མེ་ཏོག་ཚབ་དབྱི་མང་དཀར་པོའི་མེ་ཏོག་དང་པོ་ལྕམ་འབྲས་བུ། དེ་ལས་ནུས་པ་དམན་ན་བཅུ་བདུན་ཙམ་དང་། སྦུར་མགྱོགས་ཡོད་ན་ལྔ་ཙམ། མེད་ན་ཆ་གའི་མགོ་བོ་གསུམ་ཙམ་དང་ལྷན་དུ་ཤིང་མངར་དང་པི་ལིང་གཉིས་ནས་ཙམ་རེ་ཆོབ་ཙམ་བརྡུངས་ནས་གོས་ཆེན་དུ་བཏུམ་ནས་བཞག དེ་ནས་ཆུ་ཚན་ཧུབ་གསུམ་ཙམ་བླུགས་ནས་རྒྱང་ཙམ་བཞག དེ་མཚམས་སུ་ས་རུབ་ཙམ་ལ་ཐུམ་གྱི་ཕྱི་ནས་ཤེད་མ་བཏོན་པར་མཐེ་བོས་དལ་བུས་བསྣུར་ནས་ཆུ་མདོག་སྨུག་ཆིལ་བྱུང་བ་དང་། སྨན་རོ་མི་གཏོང་ཐུམ་བུ་ཟུར་དུ་བཏོན། དཀར་ཡོལ་གཅིག་ཏུ་རྒྱ་ཚྭ། སྡིག་སྲིན། ཧ་ཤིག་དཀར་པོ། ཚྭ་ལ་དུལ་བ་དེ་རྣམས་ཁ་ཚར་གཞན་མི་དགོས་ཞིབ་པར་བཏགས་ནས་ཆང་གིས་བསྒོས། རིལ་བུ་སྲན་མ་ཙམ་དྲིལ། རིལ་བུ་དགུ་དར་ནང་དུ་བསྟུམ་ནས་ཆང་ཧུབ་གསུམ་ཙམ་ལ་སྦངས། རྒྱངས་ཙམ་སོང་ནས་དལ་བུས་ཐེབ་བསྣུར་བྱེད་པ་སྔར་དང་འདྲ། རོ་མ་བཏོན་པའི་ཁུ་བ་གཉིས་ཀ་ཁེབ་ལེགས་པར་བརྒྱབ་ནས་མཚན་མོ་དེ་གར་བཞག །དངོས་གཞི་ཐོ་རངས་ཀྱི་དུས། ཐོག་མར་བྱང་པའི་ཁུ་བ་ཐོན་ངེས་བཏོན་འཕྲལ་སྨན་གྱི་ཁུ་བ་བཏང་ནས། ཁ་ཆུ་སྐོལ་གྱིས་བཤལ་ནས་མིད་བཅུག །དངོས་གཞི་


JKT017_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་རྗེས་སྔས་མཐོ་སར་བསྙལ་ནས་གཉིད་དུ་གཞུག །ཤིན་ཏུ་དྲི་བ་གལ་ཆེ། ནང་སྔ་ཉི་ཤར་ལ་ཐེབས་པའམ། ཐེབས་རྟགས་མ་བྱུང་ན་རིལ་བུ་བདུན་སྨན་རོ་དང་སྦྲགས། བྱེད་ལུགས་སྔ་མ་ལྟར་མ་བྱུང་བར་བསྐྱར། སྔར་གྱི་བྱང་རོའི་ནང་དུ་བྱང་བ་གསར་པ་གཉིས་བསྣན་ནས་སྦང་ནུར་སྔར་ལྟར་བྱ། ཁུ་བ་སྔ་ཕྱི་གཉིས་ཀ་ཧུབ་ཕྱེད་དོ་ཙམ་གྱིས་ཆོག །སྨན་ཁུ་ཉི་མ་ཤར་དྲོས་ནས་ཀོ་རིམ་སྔ་མ་ལྟར་གཏོང་། ཞོག་པ་སྔ་མོ་ནས་ལྕགས་སེང་པོ་གཏོང་། གྲུམ་བུ་སོགས་ཚ་ཤས་ཆེ་ན་བཟང་ཇའི་ཁུ་བ་བ་མཛོའི་ཆུ་ཉུང་ཉུང་ཡང་ཡང་གཏོང་། ཉི་ཤར་ནས་ཤིན་ཏུ་ཐེབ་པ་བྱུང་ན་སྨན་འཕྲོ་བཅད། ལྕགས་རང་བསྐྱར། འབབས་སྟོང་ཞེན་ན་རིལ་བུ་ལྔ་བདུན་ཙམ་དང་། བྱང་བ་ཕྱེད་གཉིས་ཙམ་རེ་ཁུ་བ་ཧུབ་གང་ཙམ་ལ་སྔར་ལྟར་སྦྱར་ནས་སྔ་གོང་གཉིས་སུ་ལན་གཉིས་གཏོང་། སྤྱིར་གཏོང་སྔ་དགོངས་བར་བར་དུ་མདུང་སྨན་ཐུན་གཉིས་ཙམ་གཏོང་། སྔ་དགོངས་ནས་ཆུ་འགྲམ་གྱི་རྡེའུ་འཇམ་པོ་བྲེ་གང་ཙམ་བསགས་ལ་ཞོག་པ་སྔ་མོ་ནས་སྣོད་དུ་ཆང་སིང་པོ་ལ་བཙོ་བར་བཞག །བཤལ་སྐབས་ཕོ་བ་རྫིང་པ་རྒྱུ་མ་གཟེར་པ། ཕོ་བ་ན་བ་སོགས་བྱུང་ན། རས་ཕྱིས་སམ་ཕོར་ཁུག་ལྟ་བུ་དྲེགས་པ་ཡོད་པར་བླུགས་ནས་ཚན་མོ་དེ་ཡིས་དུགས་བྱ། ཟུག་ཆེ་ཞིང་འབབས་མི་ཐུབ་པ་འདྲ་འདུག་


JKT017_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ན། པི་ལིང་འབྲུ་བདུན་གྱི་ཐང་ཚན་མོ་བཏང་། ཟུག་ཆེ་ཞིང་འབབས་ན་མི་གཏོང་། དངོས་གཞི་ཉིན་ལྕགས་མ་གཏོགས་གང་ཡང་མི་གཏོང་། སྔོན་འགྲོའི་སྐབས་ཚིགས་དང་གཙོ་བོར་མཚན་མ་མཉེ། དངོས་གཞི་ཉིན་ཚ་ཙག་བྱུང་ན་མཚན་མ་འཕུར་བ་རང་གནད་ཆེ། སང་ཉིད་ཐུག་པ་སླ་མོ་མར་དཀར་ཞེད་ཙམ་ཡོད་པ་ལན་གཉིས་གསུམ་ཙམ་དང་། སིང་པོ་དང་། ཞག་བདུན་ནས་ཤ་གསར་གཏོང་། ཐེབ་ནས་ཞག་བཅུ་སྐོར་ལ་མི་འཆད་པར་འབབས་པ་ཡོད་ཀྱང་ཞད་མི་དགོས། ཟས་སྤྱོད་ཆ་ཡིས་གློད། ཧ་ཅང་ཐེབས་ཆེ་ན་གཅོད་པའི་སྨན་ཡང་སྟ་གོན་བྱ། གཅོད་དགོས་རྟགས་ཟུངས་ཁྲག་དྭངས་མ་མཚལ་འདྲ་བྱུང་ན་གོང་དུ་སྟ་གོན་བྱས་པའི་རྒྱ་སྐྱེགས་ཞུ་མཁན་མི་དགོས་པས་ཁུ་བར་དོམ་མཁྲིས་བཏབ་ལ་བཏང་། དེ་ཡིས་ཀྱང་མ་ཆོད་ཚེ་ནད་ཆུ་ནད་པས་མི་མཐོང་བར་ཁྲག་བབ་དེ་ཉིད་ལ་དོམ་མཁྲིས་བཏབ་གཏོང་པས་ཆོད་པ་མན་ངག། ༈ །།མགོ་ཆག་ཆིངས་ཀོང་པོ་ལྷ་རྗེ་མགོ་སྔོན་གྱི་ཕྱག་ལེན། ཞིབ་ཤིང་རྩེ་མོ་སོར་དོ་རེས་དཀྱུས་སུ་མཐོ་གང་རེ་ཡོད་པ་བཅུ་གཉིས་ཟུར་སྲབས་ཤིང་ནང་ཁོད་སྙམས་པ་ཅན་དང་། ར་སྤུ་ཉིས་སྦྲེལ་བྱས་པ་བྱིས་པའི་འཛུབ་ཆུང་ཙམ་པ་ནད་པ་རང་གི་འདོམས་བཅུ་གཉིས་ཡོད་པ་བྱེད། མགོ་བོའི་སྐྲ་བཞར་ནས་ཆིངས་གདན་ནང་ནས་རས་ཞྭ་


JKT017_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་བཞག །དེ་ནས་མགོ་ལ་རྣ་ལྟག་ནས་ར་སྤུའི་སྐུད་པ་སྐོར་གཅིག་བྱེད། དེ་ཡི་ནང་དུ་ཤིང་བྱང་རྣམས་ཟུར་གཅིག་ཞབས་གཅིག་ནོན་པར་བྱས་ནས་བསྒྲིགས། དེ་ནས་སྐུད་པས་རིམ་བཞིན་དཀྲི་ལ་དམ་གློད་སེན་མོས་དེད་ཆོག་པ་བྱེད་ནས་སྐུད་པ་མ་ཟད་བར་དཀྲི། དེ་ལས་སྐུད་པ་ལ་ཆུ་དྲོན་ཁྱབ་བར་བྲན། ཤིང་རྩེ་ནང་དུ་མི་རུག་པའི་ཕྱིར། མགོ་ཡི་སྟེང་དུ་རས་ཕྱིས་སོགས་ནང་ཚང་གང་རུང་བཞག །དེ་ནས་རང་དམ་དུ་སྡོམ་འགྲོ་བས་ཆག་ཡོད་ན་དབང་པོ་ཤོར་གྲབ་བྱེད། འགྲམ་ན་སྐྱུགས་སྙམས་བྱེད། ཇ་ཡུན་ཙམ་བཞག་ནས་འདུག་མི་ཚུགས་སྐབས་ཆིང་བཀྲོལ། དེ་མ་ཐག་དཔྲལ་རྩ་གཏར། རྣ་བའི་རྩེ་གཉིས། ལྟག་པ། སྐྲ་མཚམས་སྡུད་སྒོ་བཞི་ཚུགས་གིས་མནན། འདིས་ནི་ཆག་པ་དང་རྒྱ་ཉམས་པ་རང་འགྲིགས་སུ་འགྲོ་བར་བོན་རྒན་རིན་པོ་ཆེའི་ཕྱག་ལེན་ཟབ་ཁྱད་ཅན་ཡིན།། ༈ །།ནོར་ལ་གློ་རྩི་བླུད་སྐབས། སྐྱ་རྩི་ལ། རི་བོང་གི་གཟུགས་དང་ཁྱད་པར་མགོ་བོ་མིག་བཅས་ཚང་མའམ། ཡང་ན་གནའ་ཁོག་ཤ་སྣ་ཚང་མ་དང་། མགོ་སུག་བསྲེགས་པའི་གཞོབ། མན་ངག་ཏུ་ཤ་བའི་བཙོ་ཁྲག་བཅས་ལ་གཞི་བྱས། ཟོག་བརྒྱ་ལ་ཀཎྜ་ཀ་རཱི་དཔུང་པ་གསུམ་བཞི་ཙམ། འོམ་བུ་དཔུང་གང་ཙམ། གཞན་ཡང་པ་ལུ། ཤུག་པ། མཚེ་ཉ་སྦྲིད་སྤེན་དཀར་སོགས་ཤིང་


JKT017_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཚད་མཚོན་ཙམ་བཅས། ཐམས་ཅད་གཞོན་ནུ་བརླན་དང་མ་བྲལ་བ་ཁྲོལ་ཙམ་དུ་བཏུབ་ནས་བརྡུངས་ཤིང་ཁུ་བ་ལེགས་པར་བཅད་པ་ཉིད་གྲང་ནས་ཡང་ཡང་ཕྱར་ནས་སྦུ་བ་མ་ཐོན་བར་བཅད། དེ་ནང་སྨན་ཕོར་པ་འབྲིང་པོ་གང་ཙམ། ག་བུར་སྲན་མ་གསུམ་བཞི་ཙམ། གླ་རྩི་ཐུང་མགོ་ཆུང་བ་གང་ཙམ་བཅས་བཏབ། དེ་ནས་གནའ་བ་རི་བོང་གང་རུང་ཤ་རློན། ཤ་བའི་བཙོ་ཁྲག་རྣམས་བསྲེས་དཀྲུགས་ནོར་ཆེ་བ་རྣམས་ལ་ཕོར་པ་གསུམ་རེ་ཙམ་བླུད་དོ། གནའ་བའི་ཁོག་གསོན་ཞིག་གིས་ནོར་ལྔ་བརྒྱ་ཙམ་དང་། རི་བོང་གིས་བརྒྱ་ཙམ་ལ་ཁྱེབ་ཞེས་ཟེར། དམར་རྩི་ལ། །ནོར་གློ་ཐུ་ཤོས་དེ་ལ་རྩ་ཆུ་སོགས་མི་སྦྱིན་པར་འདོགས། ཤི་ནས་ཁྲག་གཟག་ནས་བླངས་པས། གངས་ཆུ་སེར་དྭངས་ཁྲག་མ་འདྲེས་པ་དེ་ཉིད་ཚག་བྱ། ཅུང་ཟད་རུལ་ཡང་སྐྱོན་མེད། འཁྱག་གཏན་མི་ཉན། ཤིང་སྣའི་ཁུ་བ་དང་སྨན་སྔར་ལྟར། གངས་ཆུ་ནི་ཟོག་བརྒྱ་ལ་ཕོར་པ་འབྲིང་ཤོས་ཉི་ཤུ་ཙམ་མ་མཐར་དགོས། བེའུ་མི་སྐྱུར་བའི་ཕྱིར་བེའུ་ཅན་རྣམས་ལ་ན་བུན་བུ་མོའི་ཁོག་པ་རེ་རེ་བཏང་། །ཤིང་སྣའི་ཁུ་བ་ལ་གངས་ཆུ་བསྲེ་ནས་སྨན་བཏབ། མང་ཉུང་སྐྱ་རྩི་དང་འདྲ། འདི་འགོག་དང་ཐར་བྱེད་གཉིས་ཀ་ཡིན་པས་ཤིན་ཏུ་ལེགས་སོ།། །།


previousསྐྱ་བབ་ཀྱི་སྒེར་བརྟགས།next