Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ།next

གསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ།


JKT017_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ་ལས། དོན་སྣོད་གང་གི་རྩ་གང་ན་གནས་བསྟན་པ་ནི། མདུན་གྱི་ས་མཚམས་ནས་གྱེན་དུ་སོར་བཞི་བཅལ་བ་ནས་འཚོགས་མའི་གསང་ཞེས་བྱ་སྟེ་བད་མཁྲིས་འདོམས་པའི་རྩ་ཡིན། ལྟག་ཟུར་གཡས་གཡོན་གཉིས་ནས་མར་ལ་འཕར་རྩ་ཟུང་ནི་ལྟག་རྩ་ནག་པོ་ཞེས་བྱ་སྟེ་མཁལ་མའི་རྩ་ཡིན། ཟ་འགྲམ་གཡས་གཡོན་གཉིས་ན་འཕྲེད་ཀྱི་འཁྱུག་རྩ་འཕར་བ་གཉིས་བད་ཀན་གྱི་རྩ་རིང་ཞེས་བྱ་སྟེ་བད་མཁྲིས་འདོམས་པའི་རྩ་ཡིན། མིག་ཟུར་གཡས་གཡོན་གཉིས་ནས་གྱེན་དུ་རྒྱུ་བའི་རྩ་ནི་མིག་རྩ་འགྲེང་བུ་ཞེས་བྱ་སྟེ་མཆིན་པའི་རྩ་ཡིན། དཔྲལ་བའི་དཀྱིལ་དྲང་པོར་གྱེན་དུ་རྒྱུ་བའི་རྩ་ནི་དུང་རྩ་ཞེས་བྱ་སྟེ་གློ་རྩ་ཡིན། མིག་གི་ནང་ཟུར་ཁུག་གཉིས་ན་མིག་གི་རྩེའུ་ཆུང་གཉིས་གནས་ཏེ་མཆིན་པའི་རྩའོ། །དེ་ཁུག་པར་སོང་བའི་སྣ་རྩེའང་མཆིན་རྩའོ། །སྣ་བུག་གཉིས་ཀྱི་ཕུགས་སུ་རྡུལ་རྩ་ནག་པོ་ཞེས་བྱ་སྟེ་དོན་སྣོད་ཐམས་ཅད་འདུས་པའི་རྩའོ། །ལྕེ་ཡི་འོག་ན་གནས་པའི་རྩ་ནི་ར་མ་ལུག་ཅེས་བྱ་སྟེ་མཆིན་པའི་རྩའོ། །མ་མཆུ་ལ་གནས་པའི་འཕར་རྩ་ནི་མཚེར་པའི་རྩའོ། །འགྲམ་པའི་ཟུར་ན་འཕར་བའི་རྩ་ནི་སྙིང་རྩའོ། །སྐེའི་རྩ་རྩེའུ་ཆུང་ནི་གློ་བའི་རྩའོ། །དེ་ལས་གྱེས་པའི་རྩ་ནི་རྩེ་ནག་ཅེས་བྱ་སྟེ་གློ་བུའི་རྩ་ཡིན། རྩེའུ་ཆུང་གི་མདུན་ངོས་ནས་མར་ལ་རྒྱུ་བའི་རྩ་ནི་རྩེ་


JKT017_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞེས་བྱ་སྟེ་སྙིང་གི་རྩ་ཡིན། ཨོལ་གོང་གི་སྟེང་ནས་མར་རྒྱུ་བ་ནི་སྙིང་རྩ་མེ་རུ་ཞེས་བྱ་སྟེ་སྙིང་རྩའོ། །དེ་ནས་ལག་པའི་རྩ་ལ་དཔུང་པའི་སྙིང་སྟེང་ནས་མར་ལ་རྒྱུ་བ་ནི་དཔུང་རྩ་ཞེས་བྱ་སྟེ་རྩེ་ཞབས་ཀྱང་ཟེར་གློ་མའི་རྩ་ཡིན། གྲུ་མོའི་ནང་ཟུར་ནས་སོར་བཞི་ཡར་བཅལ་བ་ན་གྲུ་མགོ་མཆིན་པའི་རྩ་ཡིན། ལག་པའི་ཁུག་ཟུར་ན་སྣོད་ཀ་ཞེས་ཀྱང་བྱ། ཕོ་བའི་ཨ་སོ་ལི་ཀ་ཞེས་ཀྱང་བྱ་སྟེ་ཕོ་བའི་རྩ་ཡིན། ཁུག་དྲང་པོ་ན་སྙིང་གི་ཨ་སོ་ལི་ཀ་ཞེས་བྱ་སྟེ། ཁ་ཅིག་སློ་སྙིང་འདམས་རྩའང་ཟེར། སྙིང་གི་རྩ་ཡིན། ཁུག་ཀྱི་མར་ཟུར་ན་གློ་བའི་ཨ་སོ་ལི་ཀ་ཞེས་གློ་མའི་རྩ་ཡིན། སྣོད་ཀ་ཞབས་ཀྱི་འདམས་རྩ་ཁ་སྦྲག་ཏུ་གནས་ཏེ་བད་མཁྲིས་ཀྱི་འདོམ་རྩའོ། །མཆིན་རྩ་ལས་ནང་དུ་གནས་པ་ནི་མཁྲིས་པའི་གསེར་མདུང་ཅེས་བྱ་སྟེ་མཁྲིས་པའི་རྩ་ཡིན། མཆིན་རྩ་ལས་གྲུ་མགོའི་གྱེན་སོར་བཞིར་གཞལ་མཚམས་མཆིན་པའི་རུ་ཐུང་ཞེས་བྱ་སྟེ་མཆིན་སྤང་ཆེན་མོའི་རྩ་ཡིན། དེ་ནས་ཡར་སོར་བཞི་བཅལ་བ་ན་གཤའ་རིང་ཞེས་བྱ་སྟེ་མཆིན་པ་སྤང་ཆུང་གི་རྩ་ཡིན། དེ་ནས་ཡར་སོར་བཞི་བཅལ་བ་ན་ཤར་མོན་རུ་ཞེས་བྱ་སྟེ་སྤང་ཆུང་དང་དགྲ་ལྕེ་འདོམས་པའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ན་ཕྲན་བུ་ཞེས་བྱ་སྟེ་དགྲ་ལྕེའི་རྩ་ཡིན། མཁྲིག་མའི་རྒྱབ་ཚིག་ཐོག་ལ་ཉེ་བ་ནི་རྒྱབ་རྩ་དྲུག་འདུས་ཞེས་


JKT017_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ་དོན་སྣོད། མཐེབ་ཆེན་ཞབས་ནས་འཕར་རྩ་སོར་བཞི་བཅལ་བ་ན་སྐྱོར་གང་ཞེས་བྱ་སྟེ་གློ་བུའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ནི་གོང་རྩ་ཞེས་བྱ་སྟེ་གློ་སྟོད་བུ་ལ་ཉེ་བའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ན་སྒང་རྩ་ཞེས་བྱ་སྟེ་རྒྱབ་ཕྱོགས་གློ་མར་ཉེ་བའི་རྩ་ཡིན། དེ་ནས་ལག་པའི་རྒྱབ་ལས་མར་གྱེས་པའི་རྩ་ནི། ཞེས་བྱ་སྟེ་གློ་མའི་རྩ་ཡིན་ནོ། །ལག་པའི་ཐལ་གོང་གུང་མོའི་སྟེང་ནས། ཕོ་གདུང་ཞེས་མཆིན་པ་ཕོ་གདུང་གི་རྩའོ། །མཐེབ་ཆེན་གྱི་སྟེང་ན་ཡར་སོང་བ་མཐེབ་སྐྱོར་ཞེས་བྱ་སྟེ་གློ་བུའི་རྩ་ཡིན། སྐད་འགགས་སེལ། འཛུབ་མོའི་སྟེང་ནས་ཟུར་ལ་སོང་བ་འཛུབ་སྐྱོར་ཞེས་གློ་བུའི་རྩ་ཡིན། སྐད་ལ་ཕན། གུང་མོའི་སྟེང་ནས་ཟུར་ལ་སོང་བ་ནི་གུང་སྐྱོར་ཞེས་བྱ་སྟེ་མཆིན་པ་དང་ཕོ་བ་བསྡོངས་པའི་རྩ་ཡིན། སྲིན་ལག་གི་སྟེང་ནས་ཟུར་ལ་སོང་བ་ནི་སྲིན་སྐྱོར་མཆུ་ལ་ཕན་ཞེས་བྱ་སྟེ་ཕོ་བ་དང་མཚེར་པའི་རྩ་ཡིན། མཐེའུ་ཆུང་སྟེང་ནས་ཟུར་ལ་སོང་བ་ནི་མཐེའུ་ཆུང་སྐྱོར་ཏེ་མཁལ་རང་ལ་ཕན་མའི་རྩ་ཡིན། དེ་ནས་རྐང་པའི་གདབ་རྩ་བསྟན་པ་ནི། དཔུང་ཚིག་ནང་ཟུར་མཐོ་གང་གྱེན་ལ་བཅལ་བའི་ནང་མན་ཆོད། ཆག་གང་གྱེན་ལ་བཅལ་བ་ཡན་ཆོད་ཀྱི་བར་གྱི་རྩ་བོ་ཆེའི་གདབ་ས་སྣོད་ཀུན་གྱི་རྩའོ། །ལྷམ་སྒྲོགས་འཆིང་བའི་རྩའང་སྣོད་ཀུན་གྱི་རྩའོ། །དེ་ལས་གྱེས་ནས་ངར་


JKT017_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ནག་པོ་ཞེས་བྱ་སྟེ་མཁལ་མའི་གཞི་ཆེ་བའི་རྩའོ། །ལོང་བུའི་ནང་ལོག་གི་རྩ་ནི་ལོང་བུ་དཔྱངས་ཞེས་བྱ་སྟེ་ལོང་གི་རྩ་ཡིན། སྒབ་ཁུང་བྱིན་པའི་སྟེང་ནས་མར་རྩ་གསུམ་ཡོད་པའི་ས་ནི་སྒབ་རྩ་ནག་པོ་སྨད་གསུམ་ཞེས་བྱ་སྟེ། དེའི་དབུས་མའི་ལྷམ་སྒྲོགས་འཆིང་སའི་འོག་བྱིན་སྙིང་གི་གོང་དུ་མཆིན་པའི་རྩ་ཡིན། རྟིང་པའི་དྲེགས་མཚམས་ནས་གྱེན་ལ་འཛུབ་གང་བཅལ་བ་ན་གནས་པ་ནི་བྱིན་འཇུག་ཅེས་བྱ་སྟེ་མཁལ་མའི་རྩ་ཡིན། ལོང་བུའི་ཕྱི་ལོག་ནས་ཚུར་ལ་འཁྱུད་པ་ནི་ལོང་བུའི་ཕྱི་གྲ་ཡིན་ཏེ་མཁལ་མའི་རྩ་ཡིན། བོལ་གྱི་ཡོབ་གང་ན་མར་རྒྱུག་པ་ནི་ཡོབ་གོང་ཞེས་བྱ་སྟེ་མཁལ་ལ་མའི་རྩ་ཡིན། བོལ་གོང་ནས་འཕྲེད་ལ་རྒྱུག་པ་ནི། བོལ་གྱི་རྩ་འཕྲེད་ཐག་པ་འདྲ། ཞེས་པ་སྟེ་དེའང་མཁལ་མའི་རྩའོ། །རྐང་པའི་རྒྱུ་མའི་ནང་དུ་བཀུག་ན་རྒྱུ་མ་གོང་དུ་གཉེར་མ་གསུམ་འབྱུང་སྟེ། དེའི་གཉེར་མ་དབུས་མའི་འོག་ཏུ་རྒྱུ་མ་ཁུང་གི་རྩ་ནག་ཞེས་བྱ་སྟེ། དེ་ནི་མཆིན་པའི་རྩ་ཡིན། གདབ་ཐབས་གཉིས་ལེན་ནི་ཐོག་མར་པགས་པ་དང་རྩ་དཔྲལ། དེ་ནས་རྩར་གདབ་པའོ། །མཛོ་སྣ་ནི་ལག་པས་རྩ་བགག་སྟེ་འཕྲེད་དུ་ཐལ་མར་ཕུག་ནས་རྨ་ཁ་ནས་ཁྲག་དབྱུང་ངོ་། །མདུང་ཐབས་ནི་གཡོན་གྱིས་རྩ་བགག་ལ་གཡས་ཀྱིས་མདུང་ཐབས་སུ་བརྒྱབ་སྟེ་རྩ་གཤག་པའོ། །དོལ་ཆོད་ནི་ཙག་བུ་


JKT017_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྙལ་ཏེ་མཛོ་སྣ་བཞིན་ཏལ་གྱིས་བཏང་ལ་སོ་གྱེན་ལ་བསྟེན་ཏེ་བཅད་པའམ་རྩ་ཕྲན་ལྟ་བུ་འདྲུད་ནས་བཅད་པའོ། །གློ་ཕུག་ནི་གློ་གཡས་གཡོན་ཕུག་པའོ། །ཕོ་བའི་གོང་ཨ་སོ་ལི་ལ་འཕར་རྩ་ཡོད་པས་མ་བསྙལ་གོང་དུ་ཐད་ལ་གདབས། གྲུ་མགོ་ལའང་སྙིང་རྩ་ལ་གཟབ། གློ་བའི་སྐྱོར་གོང་ལ་གཤོང་གཤོང་པོར་བལྟ་རྩ་ལོད་པས་གཟབ། ཕོ་གདུང་ལ་གུང་སྲིན་བར་ན་སྨིན་བུའི་གནད་ལ་གཟབ། ཡོབ་གང་ལ་སྙིང་རྩ་ཡོད་པས་གཟབ། སྒབ་རྩའི་སྐབས་བྱིན་སྙིང་ལ་གཟབ། མིག་རྩ་འགྲེང་བུ་ནི་སྐྲ་མཚམས་སུ་སྟོད་ལ་གདབ། དེ་དམས་ན་མིག་ཅ་རེ་ལོང་དུ་འགྲོ་བས་གཟབ། སྙིང་རྩ་མེ་རུལ་གཉིས་ལེན་བྱས་སྟེ་པགས་པ་དྲལ། རྩ་མངོན་པ་དང་རྒྱ་ཁབ་བཀུག་པས་རྩ་ཡར་བསླངས་ལ་མདུང་ཐབས་ཀྱིས་བཀལ་ལ་གདབ་བོ། །རྒྱུ་མ་ཁུག་གི་རྩ་ནག་ལ་བཙག་བུ་སོར་གཅིག་གཏིང་དུ་བརྒྱབ་ལ་ཁྲག་ནག་པོ་བཏོན་ལ་མེ་བཙའ་བསྲེག་གོ། །།


previousགསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ།next