Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   


 
previousའབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ།next

འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ།


JKT017_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ་བཞུགས་སོ། །ཨོཾ་ཨ་ཐཱ། དཔལ་ལྡན་རྒྱུད་དང་མཉམ་མེད་དྭགས་པོའི་དགོངས་པ་དཔལ་འབྲི་གུང་པའི་ལུགས་ཀྱི་སྨན་ནག་འཁྲུལ་འཁོར་ཆེན་པོ་ལ། གཙོ་བོ་ག་བུར་ནག་པོ་ཕག་བྲུན། པུཥར་མཱུ་ལ་སྟེ་ཁམ་རུས། ཏིག་ཏ། ཨ་རུ་ར། གྲོགས་སྲད་དཀར། ཧོང་ལེན། སྔོ་དེ་བ། ཤིང་སྤྱི་ཞུར། ལྕུམ་རྩ། ཆུ་རྩ། ཤོ་རྩ། སྙ་ལོའི་རྩ་བ་སྟེ་གཙོ་གྲོགས་དགུ་པོ་སོ་སོར་ནུས་བསྲེགས་བཅས་སྨན་སྣ་བཅུ་གཉིས་རྩ་བའི་སྨན། དེ་སྟེང་ཁ་བསྒྱུར། དེ་བ༡ གསེར་མེ། པརྦ་ཏ། ག་དུར་ཨ་རུ་༢ར་སྟེ་དེ་བ་ལྔ། མི་ཐོད་རྙིང་པ། འབྲུག་རུས། ཏིག་ཏ་༣། གཡའ་ཀྱི། ཨ་བྱག་གཟེར་འཇོམས་དང་ཚེར་སྔོན་འདྲེས་པ་སྟེ་མགོ་ཐང་ལྔ། དུག་ཉུང་། བོང་དཀར། ག་དུར་། བ་ལེ་ཀ་སྟེ་ཨིནྡྲ་བཞི། དོམ་མཁྲིས། གསེར་མེ། དུག་ཉུང་༦། གླ་རྒོང་། བོང་དཀར་༧། བ་ལེ་ཀ་༨ རེ་ཀོན་ཏེ་མཁྲིས་ཕྱེ་བདུན། མ་ནུ། ཀཎྜ་ཀ་རེ། སླེ་ཏྲེས། སྒ་སྐྱ་སྟེ་མ་ནུ་བཞི། ཚོས་བཙོད། །ཤུག་པ་ཚེར་ཅན་ཏེ་དམར་པོ་གསུམ། གསོ་དཀའི་ནད་ཀུན་གྱི་གཉེན་པོ་དངུལ་ཆུ་གྲང་འདུལ། ཧོང་ལེན་༩། བ་ཤ་ཀ་བོང་དཀར་༡༠ ཏིག་ཏ་༡༡སྟེ་ཁྲག་མཁྲིས་གཉེན་པོ་བཞི། གླ་རྩི། ཤུ་དག་


JKT017_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ། གུ་གུལ་གི་ཝཾ་སྟེ་འབྲུམ་པའི་གཉེན་པོ་གཉན་སྨན་བཞི་དང་། གསང་སྨན་རྟ་བོན། ཨ་རུ་ར་༡༢། འཛིམ་པ། ཀྱི་ཀྱེ། ཧོང་ལེན་༡༣ཏེ་ཆམ་པའི་གཉེན་པོ་བཞི། གླ་རྩི༡༤། གུ་གུལ་༡༥། རྟ་བོན་གྱི་ཐལ་བ་སྟེ་ཞྭ་ལྷོག་གི་གཉེན་པོ་གསུམ། སྟག་ཤ། གུ་གུལ་༡༦། འཛིམ་པ་༡༧་གག་པའི་གཉེན་པོ་གསུམ། གླ་༡༨རྩི། གུ་གུལ་༡༩། འཛིམ་པ་༢༠སྟེ་གཉན་ཚད་སྤྱིའི་སྨན་གསུམ་བཅས་སྤྱིར་སྨན་སྣ་དྲུག་ཅུ་རྩ་གསུམ། སྔོ་དེ་བ་སོགས་འདབ་འཕར་ཉི་ཤུ་ཕྲི་བས་བཞི་བཅུ་རྩ་གསུམ། དེ་སྟེང་ཀྱི་ཀྱེ་སྤང་རྩི་སྤང་རྒྱན་དཀར་པོ་སྟེ་ལྷོག་པའི་གཉེན་པོ་གསུམ། མིང་ཅན་ནག་པོ། །རྒོད་སྤོས་ནག་པོ། སྤྲུམ་ནག་པོ་སྟེ་ཁྱད་པར་གྱི་སྨན་གསུམ་བསྣན་པས་ལྔ་བཅུ་ཐམ་པ། ཀྱི་ཀྱེ་གོང་དུ་སོང་བ་འཕྲི་བས་བཞི་བཅུ་རྩ་དགུའོ། །ཡང་གཞུང་དུ། བྲག་ཞུན་བོང་དཀར་འཇིབ་རྩི་གསེར་མེ་ཏོག །བསྣན་པས་ཕོ་བར་ཁྲག་མཁྲིས་ལྟུང་བ་སེལ། ཞེས་པའི་བོང་དཀར་གོང་དུ་སོང་བའི་འཕྲོས་སྨན་གསུམ་བཅས་ང་གཉིས། དེ་ལྟ་བུའི་སྨན་རྣམས་ལས་ག་བུར་ནག་པོ་ཕག་བྲུན་གནམ་མ་མཐོང་བ་ནུས་བསྲེགས་ཐལ་བ། སྲང་བཅུ་དྲུག་ཁམས་རུས་སྲང་བཞི། སུམ་ཏིག་དང་ལྕགས་ཏིག་འདྲེས་པ་སྲང་དོ། ཨ་རུ་ར་སྲང་གང་། ཧོང་ལེན་ཐལ་སྨན་བརྒྱད་བསྲེགས་ཟིན་པའི་ཐལ་བ་ངོ་མ་སོགས་གཞན་


JKT017_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྲང་རེའི་བརྩིས་དགོས་པས་སོ་སོ་སྲང་བཞི་རེ་བསྲེགས་པས་སྲང་གང་ཡར་མཐོ་ཙམ་འབྱུང་བར་སྣང་། འདབ་འཕར་རིགས་ཕལ་ཆེར་སྲང་དཀར་སྔོ་དེབ་ཤིང་སྔོན་ཅ་ཆ་ཇ་ཉ་ཤའི་མུ་ལ་བཅས། །མང་པོ་བཏང་མ་དགོས་ཀྱང་། ཕྱག་ལེན་ལ་ཅུང་ཟད་རེ་བཏང་སྲོལ་ལྟར་ཞོ་ལྔ་རེ་ཙམ་དང་། ཁྱད་པར་ཐལ་སྨན་དུ་ཡོད་པའི་དེ་བ་ལྟ་བུ་ནི་ཟུར་དུ་མ་བསྲེགས་པའང་སྲང་རེ་བཏང་ན་ལེགས། བདུད་རྩི་ལོ་མ་སུམ་ཆ་གཉིས་དང་། འཛིམ་པ་ནུས་ལྡན་སུམ་ཆ་གཅིག་གི་བརྩིས་བྱས་ཏེ་གཉིས་ཀ་བསྡོམས་པས་ཆ་མང་ཉུང་སྣ་ཚོགས་བཤད་ཀྱང་སྨན་ནད་ཐོན་པ་རེ། གླ་རྩི་དྲི་ཐོན་ཙམ་བཅས་ཞིབ་བཏགས། བྲག་ཞུན་གྱི་ཁཎྜ་སྲང་གང་། ཕུར་མང་ནག་པོའི་ལོ་མ་རྒྱས་དུས་ཀྱི་ཁཎྜ་སྲང་གང་། བ་གསར་དམར་ཟལ་གྱི་ཆུ་སྨན་གྱི་ཚོད་དང་སྦྱར་བ་བཅས་ཀྱིས་འདམ་བཏགས་ཉིན་གཉིས་སུ་བྱས་ཏེ་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། ཅུང་ཟད་སྐམ་ནས་རིལ་ཆགས་ཐེམ་པར་བྱས་ལ་བྱིན་གྱིས་བརླབ། རླུང་མི་འཆོར་བའི་སྣོད་དུ་བསིལ་སྨན་གྱི་དྲི་དང་བཅས་ཏེ་ཚགས་བྱ། འདིས་ནི་ཚད་པ་གསར་རྙིང་བྱེར་གསུམ། གག་ལྷོག་ཆམ་གསུམ། འབྲུམ་རིམས་རྒྱུ་གཟེར་དམར་བཤལ་གཙོར་གྱུར་གཉན་རིགས་བཅོ་བརྒྱད་ཐམས་ཅད་ལ་ཕན་ཅིང་། གཞན་ཡང་རྨ་ཆུ་སོགས་ཁོང་ནད་རིགས་ཐམས་ཅད་


JKT017_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཚོན་ནད་རིགས་ཐམས་ཅད་ལ་ཕན་པས་འཆི་མེད་སྨན་ནག་འཁྲུལ་འཁོར་སྤྱི་སྨན་ཆེན་མོ་ངོ་མཚར་སྲོག་སྟེར་ཞེས་ཡོངས་སུ་གྲགས་སོ།། །།


previousའབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ།next