Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ།
   
   
   
   
   
   
   
   
   
   
   
   


 
previousཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ།next

ཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ།


JKT017_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ་བཞུགས་སོ། །སྨན་གྱི་བླ་མ་དྲང་སྲོང་རིག་འཛིན་བཅས། །བྱམས་མགོན་ཐུགས་རྗེ་ཅན་ལ་གུས་ཕྱག་འཚལ། །ཚེ་རིང་རྒས་སྲ་སྟོབས་འཕེལ་དབང་པོ་གསལ། །བདེ་སྟོང་ཡེ་ཤེས་འབར་བའི་གདམས་པ་བཤད། །ཅོང་ཞི་བྲེ་གང་བྲག་ཞུན་སྤར་བ་གང་། །ཞིབ་བརྡུངས་ཆུར་གདུས་དྭངས་མ་སོ་སོར་བསིངས། །ཨ་རུ་བར་སྐྱུར་ཕྱེད་སྐྱུངས་སྙིམ་པ་གང་། །ར་མཉེ་ཉེར་ཤིང་ལྟ་བ་བ་སྤུ་པ། །གཟེ་མ་དབང་ལག་འོད་ལྡན་སྙིང་ཞོ་ཤ། །ཤུག་འབྲུ་སེང་སྡེང་ད་ལིས་མཁན་དཀར་མཚེ། །མ་ནུ་སླེ་ཏྲེས་སྟག་ཚེར་བཅའ་སྒ་རྣམས། །སྙིམ་པ་རེ་ཙམ་སྨན་མར་ཚུལ་བཞིན་བྱ། །བཟང་དྲུག་ཆུ་སེར་སྨན་གསུམ་ཨ་ཝ་སྦྲུལ། །ལྕགས་ཕྱེ་གོ་སྙོད་ཤིང་མངར་མདུང་རྩེ་དམར། །ཐུགས་འབྲས་གངས་གཙང་གངས་སྦལ་མཆོག་གླ་རྩི་གོ་བོའི་དུག་འཕྲོག་ཤ། །སྒྲ་རྒྱམ་པི་ལིང་བྲེ་ག་ཁ་ཚར་བསྣན། །ཐོ་རངས་ཁམ་རེ་བསྟེན་པས་བཅུད་ལེན་འགྲུབ། །ཚོ་ཆེས་ཤ་ལྷག་བད་མཁྲིས་མི་སྐྱེ་ཞིང་། །ཁམས་རྒྱས་འདུ་བ་སྙོམས་པའི་སྤྱི་སྨན་འདི། །གཞུང་གདམས་ལག་ལེན་གནད་དུ་དྲིལ་ནས་ཀྱང་། །ཚེ་དབང་


JKT017_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་ཕན་བདེའི་གནས་སུ་བྲིས། ༈ །ཚེ་ལ་དབང་བའི་མིག་སྨན་གསལ་བྱེད་ཡེ་ཤེས་སྣང་བ་བཞུགས། ཨོཾ་སྭ་སྟི་ཨ་ཐཱ། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྟོབས་ལ་སོགས། །ཐུགས་རྗེ་མངའ་བ་ཀུན་ལ་གུས་བཏུད་ནས། །སྣ་ཚོགས་གཟུགས་དང་ཡེ་ཤེས་འཆར་བའི་སྒོ། །མིག་གི་གསལ་བྱེད་གདམས་པ་བཤད་པར་བྱ། །ཁོང་སྨན་བྱུགས་སྨན་གཉིས་ལས་དང་པོ་ནི། །ཨ་རུ་སྐྱུ་རུ་བ་རུ་འབྲས་བུ་གསུམ། །ཨ་ཝ་གུར་གུམ་རྟག་དུ་རྩི་སྨན་གསུམ། །ལྕགས་དྲེགས་མདུང་རྩེ་མཚལ་དཀར་རྡོ་སྨན་གསུམ། །གོ་སྙོད་ཤིང་མངར་སྐྱེར་ཤུན་གསང་སྨན་གསུམ། །ལྕགས་སྦྲུལ་དོམ་མཁྲིས་གི་ཝཾ་བཅུད་སྨན་གསུམ། །ཀ་ར་སྦྲང་གི་ལྡེ་གུའམ་རིལ་བུ་བསྟེན། །བྱུགས་སྨན་སྐྱེར་དཀར་བར་ཤུན་དགུན་སྨད་བཏུས། །གྲིབ་སྐམ་གངས་ཆུའི་ཁཎྜ་ངད་ཡལ་དུས། །ག་བུར་གི་ཝཾ་གུར་གུམ་ཨ་རུ་ར། །སྤང་མ་ལྡོང་རོས་ཏི་ཚ་ཚྭ་ལ་མཚལ། །བུལ་ཏོག་ཡུང་བ་དོམ་མཁྲིས་སག་རམ་རྩི། །སྟར་བུ་གླ་རྩི་པི་ལིང་རྒྱ་ཚྭའི་དུད། །གསང་སྨན་བ་རུ་ར་ཡི་ཚིག་གུའི་འབྲུ། །འདི་རྣམས་རྩི་བཞིན་ཞིབ་བཏགས་ཕྱེ་མ་བསྲེ། །ནས་ཙམ་ལྕགས་སྣོད་སྦྱངས་པའི་དྭངས་མ་བྱུགས། །མིག་ཆུ་ཚག་འགྲིབ་ལིང་ཏོག་རབ་རིབ་གསལ། །མིག་གི་སྟོབས་བསྐྱེད་ཕྲ་རགས་གཟུགས་མཐོང་འགྱུར། །གཞན་


JKT017_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཉན་དང་ཆུ་སེར་ཤས་ཆེ་ན། །རྩ་ལྟོ་སྦྱངས་དང་ཁོང་སྨན་བསྲེས་ལ་སྦྱངས། །ཁྲག་ཤས་ཆེ་ན་གཏར་དང་ཆུ་ལྕགས་བྱ། །གྲང་རླུང་ཤས་ཆེ་སྨིན་དཀྱིལ་སོགས་པའི་དབུས། །རྟིང་བའི་དྲེགས་མཚམས་མེ་བཙའ་རན་ཙམ་བསྲེགས། །ཚ་སྐྱུར་དྲག་ཤུལ་ཟས་སྤྱོད་བསྲུང་བ་སོགས། །གང་དགོས་ནད་ཀྱི་སྐབས་དང་སྦྱར་ལ་བཅོས། །རྟེན་དང་བརྟེན་པ་འཕེལ་ཟད་འཁྲུགས་པའི་ནད། །ལྡན་འདུས་བླ་གཉན་མ་འདྲེས་འབྱེད་ཅིང་རྟོགས། །དངོས་དང་སྦྱོར་པའི་རོ་ནུས་ཞུ་རྗེས་ཀྱིས། །འབྱུང་བ་ཁམས་སྙོམས་མཁས་པའི་བྱ་བ་ཡིན། །ཕྱོགས་ཙམ་རྟོགས་ནས་འགྲུབ་སླ་གནོད་པ་ཉུང་། །གང་ལའང་ཕན་སྟོབས་བསྐྱེད་པའི་སྤྱི་སྨན་འདི། །སྦྱངས་པ་ཆུང་ཞིང་བློ་གྲོས་དམན་གྱུར་པ། །བདག་དང་བདག་འདྲ་རྣམས་ཀྱི་གཅེས་ནོར་ལགས། །ཚུལ་འདི་གསོ་དཔྱད་རིག་པ་བསྟན་འགྲོའི་དཔལ། །ནུབ་པའི་གདུང་བས་ཅི་བྱ་གཏོལ་མེད་ཀྱང་། །ཚེ་ལ་དབང་བའི་མིང་ཙམ་འཛིན་པ་ཡིས། །རང་གཞན་བསོད་ནམས་འཕེལ་སླད་བྲིས་འདི་དགེས། ཤུ་བྷཾ། ༈ །ཀ་ཀ་དྷ་དབྱར་རྩ་དགུན་བུ་ནི་དགུན་དུས་བརྐོས། །ཏིལ་དང་ཀ་ར་སྦྱར་བྱས་ནས། །འོ་མས་འཕུལ་ཏེ་ལྟོ་སྟོང་བསྟེན། །ལུས་དཀར་སྟོབས་རྒྱས་རྩལ་ཤུགས་ལྡན། །རྒན་པོ་གཞོན་ནུར་བྱེད་པ་སྟེ། །ལུས་འཕགས་རྒྱལ་པོའི་སྦྱོར་སྡེ་ཡིན། །


JKT017_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལུའི་མེ་ཏོག་སེ་འབྲུ་དང་། །སྡིག་སྲིན་ཨ་བ་བུ་རམ་སྦྱར། །ཟོས་ན་རོ་ཙ་ཤ་ཚག་དམ། །སྤྱི། རྨ་བཅོས་ནི་འཕོག་ས་དང་སྦྱར་ཏེ་ཉེ་རིང་སྒོ་བསྲེགས། ཕག་ཤ་འཛེམ། ནང་དུ་སོང་ན་དེ་འཕྲལ་བཙོད་བུལ་སྟར་བུ་མཛོ་མོ་ཤིང་རྣམས་གང་འཛོམས་ཀྱི་ཐང་མང་དུ་གཏང་། གཟེར་སྟེང་བཙོད་རོའི་དུགས་བྱ། དེ་འཕྲལ་ཁྲག་བཤལ་ནི། སྲད་དཀར་བུལ་ཏོག་ཚྭ་ལ་དན་རོག་དུར་བྱིད་ཐར་ནུ་ཆུ་རྩ་བྱིས་པའི་ཆུས་དྲིལ་པའི་སྦྱོང་གཏོང་། དེ་རྗེས་དོན་སྣོད་གང་བབས་ཀྱི་སྒོས་བཅོས་བྱ། ཡན་ལག་སོགས་ཀྱི་སྤྱི་སྨན་ནི། ག་བུར་གིའུ་ཝཾ་ཁ་ཆེ་གླ་རྩི་གུ་གུལ་རུ་རྟ་གསེར་མདོག་དོམ་མཁྲིས་སྟག་ཤ་རྣམས་ཡུག་ཤིང་ཁཎྜས་སྦྲུས་པའི་རིལ་བུ་བསྟེན། འདི་ལ་བྱང་པ་རྒྱ་ཚྭ་བསྣན་པ་རྩ་སྦྱོངས་ཟབ། རྨ་ལ་སྦང་འབྱར་བྱ། གཏར་ག་དང་མེ་བཙའ་སྐབས་དང་བསྟུན། གཟེར་དང་སྐྲངས་ཆེ་ན་གཉན་བཤལ་གྱིས་སྦྱོང་། རྗེས་སུ་བདུད་རྩི་ལྔའམ་སློ་ལུམས་ཆུ་ལུམས་བྱ། ལར་རྒྱུད་དང་མན་ངག་མཐོང་བའི་ལག་ལེན་ཉམས་མྱོང་རྣམས་བསྟུན་ནས་དང་པོར་ངོས་བཟུང་། བར་དུ་གཉེན་པོ་འཕྲོད་མི་འཕྲོད་བལྟ། རིམ་གྲོ་བསྐུལ། མཐར་གཉུག་བསྲིངས་ཏེ་ནད་རང་ལ་དྲིས་ཤིང་བཅོས་པར་བྱའོ། །འབྱུང་བའི་མཚན་ཉིད་འཕེལ་ཟད་འཁྲུགས་པ་ལ། །རོ་ནུས་ཞུ་རྗེས་སྨན་གྱི་མཐུན་སྡེབས་ནི། །


JKT017_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བསྐུལ་བཞིན་ཚེ་དབང་ཞེས་བྱ་བས། །བླ་རྟར་བྲིས་པའི་དགེ་དེས་ཀུན་མཁྱེན་ཤོག། ཤུ་བྷཾ། །


previousཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ།next