Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ།
   
   
   
   
   
   
   
   
   
   


 
previousསྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ།next

སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ།


JKT017_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ་བཞུགས། ཨོཾ་ཨ་ཐཱ། མ་ཧཱ་པཎྜི་ཏ་དྷརྨ་ཀཱ་རའི་གསུང་རྒྱུན་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་སུ་མཛད་པའི་སྨན་མིང་


JKT017_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངོས་འཛིན་ནོར་བུའི་དོ་ཤལ་༥༤ལས། བཅུད་ཀྱིས་ལེན་པ་སོགས་ལ་བསྔགས་པའི་སྡེ་ཚན་བརྒྱད་ནི། བྲི་ཙྪིདྷི། འཕེལ་བ། ཛཱི་བ་ཀཿ འཚོ་བྱེད་རི་ཥ་བྷ༔ ཁྱུ་མཆོག ཀ་ཀོ་ལི༔ ར་མཉེ་སྟེ༔ འདི་ལ་རིགས་མང་བ་ལས་སེར་པོ། ཡང་ཀླུ་ར་ཀ་ཀོ་ལི༔ ར་མོ་ཤག་འོ་མ་ཅན་སྟེ། ར་མཉེ་དཀར་པོ་སྟོབས་བསྐྱེད་ཀྱི་སྨན་ལ་མཆོག །རྒྱ་ནག་ཤར་ཕྱོགས་ལེའུ་ཏང་ནས་འབྱུང་བ་གཞིན་གཡིན་ཞེས་པའང་དོན་དུ་ར་མཉེ་སེར་པོ། དེའང་གཞིན་མི། གཡིན་འདྲ་བའི་དོན་ཏེ་རྐང་པ་གཉིས་ཡོད་པ་ཞིག་གོ །འདི་ཤིན་ཏུ་དཀོན། དེ་ལས་ནུས་པ་དམན་པའི་ཅིན་ཅ་གཞིན་གཡིན་ཞེས་པའང་མིའི་འོ་མར་ལན་དགུ་སྤངས་ཏེ་ཟོས་ན་གཞིན་གཡིན་དངོས་དང་ནུས་པ་མཉམ་པར་བཞེད། རི་ཤ་ན༔ འདི་སྣུམ་ཟངས་རྩི་དང་གཅིག །མེད༔ ཞག་ལྡན། མ་ཧཱ་མེད༔ ཞགས་ཆེན། ཛཱི་བནྟི། འཚོ་བྱེད། འདི་སྡུམ་བུ་ཆུང་ངུ་རྩ་བ་མང་པོ་ཡོད་པ། རོ་དབང་ལག་འདྲ་བ་ཞིག་གོ །འདི་སྟེང་སྲན་མུངྒ༔ སྲན་སྡེའུ་ཞེས་སྲན་མ་སྔོན་པོ་འབྲུ་ཆུང་ངུ་དང་། སྲན་མ་སྟེ་མོན་སྲན་གྲེའུ་ཞེས་སྲན་མ་དམར་སྲེ་ལེབ་མོ་ཆེ་ཆུང་ནས་འབྲུ་ལེབ་མོ་བྱས་པ་འདྲ་བ་ཞིག་སྟེ་འཇམ་དཀར་སོགས་ཀྱི་ལས་སྦྱོར་ལ་འགྲོ་བ་སྟེ། དེ་གཉིས་ཀྱི་ལོ་མ་བསྣན་པས་འཚོ་བྱེད་བཅུའོ། ༈ །ཧ་རཱི་ཧ་ཀཱི། ཨ་རུ་ར་


JKT017_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་མིང་ཏེ། ཕལ་སྐད་དུ་ཧ་རི་ཏ། དེ་ཟུར་ཆག་པས་ཨ་རུ་ར། དེ་ལས་རྣམ་རྒྱལ་ནི་རི་སྤོས་ངད་ལྡན་སོགས་སུ་སྐྱེ་བ་ཕལ་པས་མི་རྙེད། རྒྱ་གར་དུ་བྷ་ར་ཧ་ར་ཅེས་ཟེར་བ་རྒྱལ་པོ་འགའ་ཞིག་གི་སྐྱེད་ཚལ་དུ་ཤིང་སྡོང་རེ་རེ་ཆེད་དུ་བཙུགས་པ་ལས་འབྱུང་བ་ཡིན་ཅིང་། ཆེ་ཆུང་ནི་སྐམ་པོ་ལའང་མི་ཆེན་པོའི་ལག་མགོ་ཙམ་ཡོད། འཇིགས་མེད་ཟུར་ལྔ་ནི་ཟུར་ལྔ་འཇོང་མོ། སེར་ཆུང་ནི་མིག་སྨན་ལ་བཟང་། བདུད་རྩི་ཤ་འཐུག་ནི་ཤ་ཆེ་ལ་འཐུག་པ། འཕེལ་བྱེད་ནི་བ་རུ་རའི་དབྱིབས་ཅན་བུམ་ལྟོ་བ། སུལ་མང་ནི་ཤ་སྲབ་ཅིང་སུལ་མང་པོ་ཅན། འབིགས་བྱེད་ནི། ཟུར་མཁར་བས། འབིགས་བྱེད་དཀྱིལ་དུ་རུས་པ་མེད། །ད་ལྟ་ནག་ཆུང་དེ་དང་འདྲ། ཞེས་བཤད། སྤྱིར་རྡོ་རྗེ་མཁའ་འགྲོ་ལས། སྨྱུང་པོ་དང་ནི་འཇིགས་མེད་དང་། །འཚོ་དང་དེ་བཞིན་བདུད་རྩི་སྟེ། །གཙང་སུལ་མང་གི་མིང་མ་དང་ནི་འཕེལ་བ་དང་། །རྣམ་པར་རྒྱལ་བ་བདུན་དུ་བརྗོད། །ཞེས་སོགས་གསུངས་པ་ལྟར་རིགས་བདུན་ནོ། །ཨ་རུ་མཆུ་རིང་ངམ། མཆུ་སྨྱུང་ངམ། སྨྱུང་པོ་རྣམས་གཅིག་པ་རང་ཡིན་ཞིང་། ཟུར་གསུམ་ནར་མོ་ཞིག་ཡོད། སྤྱིར་བཤལ་ལ་མཆུ་སྨྱུང་གི་མཆུ་དང་། འཁྲུ་གཅོད་ལ་རྩ་སྨྱུང་གི་རྩ་བ་གཏོང་བ་ནི་ཡོངས་སུ་གྲགས། ཨ་རུའི་རིགས་ཀྱི་བཟང་ངན་ཡང་། རྡོ་རྗེ་


JKT017_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོར། ཨ་རུ་ར་ནི་འབིགས་བྱེད་ཀྱི། །ནགས་དང་རི་བོ་དབང་ཆེན་སྐྱེས། །ནར་མ་ད་ཡི་ཆུ་སྐྱེས་མཆོག །གཞན་དག་དམན་དང་འབྲིང་པོ་ཡིན། །ཞེས་གསུངས་པ་མཆོག་དང་། །རྒྱ་གར་ནས་འབྱུང་བ་བཟང་ཞིང་། བལ་པོ་ནས་འབྱུང་བའི་མདོག་སེར་པོ་ཆུང་ངུ་འདི་ནི་ནུས་པ་དམན་པས་མི་བཏང་བར་གསུངས་སོ། ༈ །ཕལ་སྐད་དུ། བྷ་ཧུ་ལ། ཞེས་ཟུར་ཆག་པའི་བ་རུ་ར་ནི། རྡོ་རྗེ་མཁའ་འགྲོ་ལས། བ་རུ་ར་ནི་ཐ་མལ་བའི། །རི་ལས་སྐྱེས་པའམ་གཞན་ཡང་རུང་། །ལྕི་ཞིང་སྣུམ་དང་བཅས་པ་བཟང་། །ཞེས་གསུངས་ཤིང་། སམྦི་ཊ་ལས། གླེའི་འབྲས་བུ་ཞེས་པའང་འདིའོ། ༈ །སྐྱུ་རུ་ར་ནི། རྡོ་རྗེ་མཁའ་འགྲོ་ལས། སྐྱུ་རུ་ར་ནི་ཤ་ཆེ་ཞིང་། །རུས་པ་ཆེ་ལ་རོ་དང་ལྡན། །རྡོ་བ་ཅན་གྱི་རི་ལ་སྐྱེས། །ཤིན་ཏུ་སྨིན་པ་མཆོག་ཏུ་བཟང་། །ཞེས་གསུངས། སྤྱིར་ཨ་རུ་ར་ནི་རོ་ལྔ་ལྡན་སོགས་ཡོངས་སུ་གྲགས་པ་ལྟར་ལ། བ་རུ་ར་ཨར་སྐྱུར་དག་ལས་ཡོན་ཏན་ཅུང་ཟད་དམན་ཞིང་ཆུང་བ་མ་གཏོགས་རོ་ལྔ་ལྡན་སོགས་ཐུན་མོང་ཡིན་ལ། ནུས་པ་བསིལ། ཞུ་རྗེས་ཚ་མངར་ཤས་ཆེ། སྐྲན་དང་མིག་ལ་ཕན། སྐྱུ་རུ་རའང་རོ་དང་ཞུ་རྗེས་སོགས་ཨ་རུ་དང་མཚུངས་ནའང་ནུས་པ་བསིལ་བ་ཡིན་ཅེས་བརྒྱད་པ་རྩ་འགྲེལ་སོགས་ལས་རྒྱ་ཆེར་བཤད། གསུམ་ཀའི་མིང་ལ།


JKT017_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ཕ་ལཿ སྟེ་འབྲས་བུ་གསུམ་དང་། གཞན་ཡང་། བླ་མ་གསུམ་མཆོག་གསུམ་སོགས་ཀྱང་ངོ་། །བརྒྱད་པར། འབྲས་བུ་གསུམ་པོ་འདི་རྣམས་ནི། །བཅུད་ཀྱི་ལེན་མཆོག་མིག་ནད་སེལ། །རྨ་འཚོ་པགས་ནད་རྨ་རེངས་དང་། །ཚིལ་ཆེན་གཅིན་སྙི་བད་ཁྲག་སེལ། །ཞེས་སོ། །དེ་ཡང་ཨ་རུ་ནི་རྒྱ་གར་ཁོ་ན་དང་། བ་རུ་ནི་བལ་པོ་ལའང་རེ་གཉིས་འབྱུང་ཞིང་། སྐྱུ་རུ་ནི་དེ་དག་ཏུ་མ་ཟད་འཇང་དང་རྒྱལ་རོང་སོགས་རོང་མཚམས་ཐམས་ཅད་དུའང་འབྱུང་བར་གསུངས་སོ། ༈ །གིའུ་ཝཾ་ནི། རྒྱ་ནག་གི་སྐད་དེ། དེའང་། གྷི་ལུ བ་ལང་། དབང་བཅུད་སྟེ་བ་ལང་བཅུད་ཅེས་ཟེར། ལེགས་སྦྱར་དུ། གོ་རོ་ཙ་ན་ཞེས་པའང་དེ་ཉིད་དོ། །འབྱུང་ཁུངས་ནི་བ་ལང་གི་མཆིན་མཁྲིས་ལ་ཡོད་པ་སྟེ། དམར་སེར་སྨུག་ལ་སྣུམ་མདངས་ཆགས་པ། བཅག་འཕྲོ་དམར་སེར་རིམ་པ་ཆགས་པ། དྲི་རོ་བཟང་ལ་མཁྲིས་རོ་ཅུང་ཟད་བྲོ་བ། སྨན་གཞན་དང་སྦྱར་ཚེ་ཅུང་ཟད་རེས་ཀྱང་ཡུན་དུ་འདུལ་ཚེ་ཁ་དོག་སེར་པོར་བསྒྱུར་ནུས་པ་དེ་སླད་བྲལ་དང་། ཅུང་ཟད་དེ་ལས་དམན་པ་ནི་སླད་ཅན་དེ་སྔ་མ་ལས་སེར་ལ་འབོལ་བའོ། །གང་དག་གླང་ཆེན་གི་ཝང་ཞེས་གླང་པོ་ཆེ་ཁོ་ན་ལས་འབྱུང་བ་འདོད་པ་ནི་བླུན་གཏམ་ཁོ་ནར་ཟད་ལ། དེས་ན་རྒྱ་དཀར་ནག་གཉིས་ཀ་ནས་བ་ལང་ལས་ཤས་


JKT017_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་འབྱུང་ཞིང་གཞན་མི་དང་། དུད་འགྲོ་ཕལ་ལས་ཀྱང་འབྱུང་བས། མི་ལས་བྱུང་ན་ནི་མཆོག་དང་། འབྲི་གཡག་དང་ར་ལུག་ལས་བྱུང་བ་དམན་པར་བཞེད། བདེ་མཆོག་རྩ་རྒྱུད་སོགས་ལས། མི་རྣམས་ཀྱི་སྙིང་གི་ཕྱོགས་སུ་རོ་ཙ་ན་སྟེ་བཅུད་ཡོད་པར་གསུངས་པ་འང་འདི་ཁོ་ན་འོ། ༈ །གེ་རི་ཡཾ། བྲག་ཞུན། འདི་རྒྱ་གར་དུ་མི་འབྱུང་བས། བོད་ནས་ཕར་འགྲོ་དགོས། འདི་ཡི་ནང་དུ་རིལ་མ་མང་པོ་ཡོང་བ་ནི། ལྕགས་བྱིས་འདི་ཟ་བས་དེའི་བྲན་ཡིན་པས་བྲག་ཞན་ཆུར་སྦངས་ནས་རིལ་མ་དོར་བའི་ཞན་བྱེད་པ་དགོས་སོ། ༈ །བམ་ཤ་རོ་ཙ་ན། སྨྲག་གི་བཅུད་དེ། རྒྱ་ནག་སྐད་དུ། །ཇུ་དབང་ཞེས་ཇུ་སྨྱུག་དང་། དབང་བཅུད་དེ་ཟུར་ཆག་པས་ཅུ་གང་། འདི་རྒྱ་དཀར་ནག་ནས་སྨྱུག་མའི་རྐང་ལས་འབྱུང་། དེ་ཡང་རྒྱ་གར་ནས་བྱུང་བ་དཀར་པོ་སྨུག་ཉམས་ཅུང་ཟད་ཡོད་པ་ཟོས་ན་སོ་༧ མི་སེག་པ། རོ་མི་གསལ་བ་ཞིག་དང་། རྒྱ་ནག་ནས་འབྱུང་བ། སྔ་མ་ལས་ཅུང་ཟད་ནག་པ། རོ་མི་གསལ་བ་ཞིག་གོ །དཀའ་འགྲེལ་ལས། ཅུ་གང་མཱ་རཱ་ཎ་སི་ལ། །སར་བཏབ་ཞེས་བྱ་འོད་མའི་རིགས། །དེ་ཡི་རྒྱུ་རུ་གྱུར་པ་ཞིག །སོ་ནམས་བྱས་པའི་བཅུད་ཡིན་ནོ། །ཞེས་བཤད་པ་ལྟར་སྨྱུག་མའི་རིགས་ལས་འབྱུང་། ཤེལ་ཕྲེང་དུ་ཤིང་སྨྱུག་མ་ལྟ་བུ་ཞེས་དངོས་མིན་པ་ལྟར་བཤད་པ་


JKT017_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནི་འོལ་ཚོད་ཙམ་མོ། །དེ་མ་རྙེད་ན། ཆོས་རྒྱལ་སྲོང་བཙན་ཞབས་ཀྱིས། མཚང་མ་སྲེ་ཏ་པུ་རི་རུ། །རང་བྱུང་དྲི་ཆུའི་ཇུ་གང་ཡོད། །ཅེས་སྲེ་ཏ་པུ་རི་ལས་འབྱུང་བ་དང་། དེའང་མ་རྙེད་ན་བྲག་ཕུག་གཏིང་རིང་བ་འགའ་ཞིག་ཏུ་ཆུ་ལ་ཆགས་པ་སྔ་མ་དག་དང་མདོག་དབྱིབས་རོ་རྣམས་འདྲ་བ་དེ་གཏོང་བ་ལས་འོས་མེད། ཕྱི་མ་འདི་དག་ནི། ཟླ་ཟེར་སོགས་སུ། མངྒ་ལ། སོགས་མིང་གིས་བཤད་ཅིང་། ས་དཀར་པོའི་མིང་དུ་བཤད་པ་དེའོ། ༈ །ག་བུར་ལ་རིགས་གསུམ་དུ་དབྱེ། དེའང་ལེགས་སྦྱར་དུ། ཀཀླུ་ར། དེ་ཟུར་ཆག་པས་ག་བུར་རོ། །འབྱུང་ཁུངས་ནི་ཁོང་རང་གི་ཤིང་ཟུར་པ་ཞིག་ལས་ཙནྡན་དཀར་པོ་སོགས་ལས་བྱུང་ཞེས་པ་ནི་མ་དག །ཚིདྷིང་། ཞེས་པ་རྒྱ་ནག་པའི་སྐད་དུ། ག་བུར་ཟེར་བ་ཡིན། བོད་དག །ཤིང་ཀཉྩལས་སྟག་ཟིལ། ཤིང་ཚིང་གིང་ལས་མང་། ཤིང་བྷི་མ་ལས་ཤེལ་ག་བུར་འབྱུང་ཞེས་པ་ནི་ཧ་ཅང་འོལ་ཚོད་དེ། དང་པོ་ནི། གསེར་ཤིང་སྟེ། དེ་ལས་ག་བུར་འབྱུང་བ་རྒྱ་གར་གྱི་གཞུང་རྣམས་ལས་མ་བཤད། གཉིས་པ་ནི། རྒྱ་ནག་པའི་ག་བུར་སྤྱིའི་མིང་ཡིན། གསུམ་པ་ནི། བྷི་མ་སེ་ནཱ་ཀཏྤ་ར་ཞེས་འཇིགས་སྡེའི་ག་བུར་ཞེས་དུག་རིགས་ཁ་རུ་འགྲོ་མི་རུང་པ་མིག་སྨན་གྱི་མཆོག་ཞིག་ཡོད་ཅེས་འབྱུང་བ་དེ་ཡིན་ནོ། །དེང་སང་ག་


JKT017_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུར་འདི་རྣམས་རྒྱ་དཀར་ནག་གཉིས་ཀྱི་མཚམས་བྲཧྨའི་ཡུལ་དག་ཉེ་བ་ནས་འབྱུང་ཞེས་རྒྱ་ནག་པ་རྣམས་ཟེར་རོ། །གབ་མིང་དུ་སེངྒེའི་འོ་མ་ཞེས་བཤད་པའང་འདི་ཁོ་ནའོ། ༈ །ཛཱ་ཏི། སྐྱེ་ལྡན་སྟེ། །བོད་དག །ཛཱ་ཏི། ཤིང་སྡོང་། ཛཱ་ཏི་མཱ་ལ། དེའི་མེ་ཏོག །ཛཱ་ཏི་ཕ་ལ། འབྲུའོ་ཞེས་ཟེར་བ་ནི་ཚོད་གཏམ་སྟེ། ཛཱ་ཏི་ལ་མེ་ཏོག་སེར་པོ་འཐུག་ཉམས་ཅན་ཛཱ་ཏིའི་རོ་བྲོ་བ་ཡོད། མེ་ཏོག་གི་ཤུལ་དུ་གང་བུ་སྔོན་པོ་སྙིམ་པ་ཙམ་བཟར་རུང་བ་འབྱུང་། དེའི་ནང་དུ་ཛཱ་ཏི་འདི་རྣམས་རུས་པའི་རྣམ་པར་ཡོད། རྒྱ་དཀར་ནག་གི་མཚམས་ནས་འབྱུང་། ཛཱ་ཏི་མཱ་ལཱ་སྟེ་སྣ་མའི་མེ་ཏོག་ནི། རྒྱ་གར་དང་བལ་ཡུལ་གྱི་མཐའ་སོགས་སུ་སྐྱེ་བའི། ཤིང་ཕྲ་མོ་སྡོང་ལོ་ལྗང་སྔོན་ལྕ་བའི་ལོ་མ་འདྲ་རུང་བ། མེ་ཏོག་དཀར་ཆུང་དྲི་བཟང་ཅན། སྲི་ཤིང་སྣ་མ་ཞེས་གྲགས་པ་སྟེ། དེས་ན་ཛཱ་ཏི་དང་འདི་གཉིས་ཤིན་ཏུ་ཐ་དད་པའོ། ༈ །སཱུ་ཀྵ་ལཱ། སྟེ་ཕྲ་མོ། ཟུར་ཆག །སུག་སྨེལ། འདི་ལ་རིགས་ཆེ་ཆུང་གཉིས་ཡོད། ངོ་བོ་ནོར་སོ་ཆུང་། ༈ །ཀཀྐོ་ལ་ཀཾ །ཚོགས་སྲེད་ཅན། ཟུར་ཆག་པས། ཀ་ཀོ་ལ། །ཀུང་མ། ཟུར་ཆག་པས། གུར་གུམ་སྟེ། རྡོ་རྗེ་མཁའ་འགྲོར། གུར་གུམ་ཀུ་སུམ་དམར་འདྲ་ཞིང་། །སྣུམ་ལ་གེ་སར་སྲབ་པ་མཆོག །གེ་སར་སྦོམ་ཞིང་སེར་བ་དང་། །སྦྲང་རྩིའི་དྲི་ལྡན་


JKT017_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པོ་ཡིན། ཞེས་གསུངས། དེ་ཡང་ཨུ་རྒྱན་དང་། ཁ་ཆེར་འབྱུང་བ་སྟེ། ཁ་ཆེ་གུར་གུམ་ཞེས་གྲགས་པ་འདི་ནི་དངོས་ཡིན། རྒྱ་གར་གྱི་ཡུལ་ཐམས་ཅད་དང་། དེའི་རིགས་གཅིག་བལ་པོ་དང་། བོད་ཀྱིའང་སྡུམ་རར་སྐྱེ་བའི་ལེབ་རྒན་རྩི་ཞེས་གྲགས་པ་འདི་རྣམས་ནི་ཚབ་རུང་ཙམ་མ་གཏོགས། གུར་གུམ་དངོས་མིན་ཏེ། བརྒྱད་པ་རྩ་འགྲེལ་སོགས་སུ་གུར་གུམ་དང་། ལེབ་བརྒན་རྩི་ཐ་དད་དུ་བཤད་པས་སོ། ༈ །ལ་པདྨ་། ལི་ཤི། འདི་རྒྱ་དཀར་ནག་གཉིས་ཀ་ལས་འབྱུང་། ལི་ཤི་བུམ་པ་ཅན་ནི་སྐེད་པ་བུམ་པའི་ལྟོ་བ་འདྲ་བ་དཀྱུས་མ་ལས་ཆེ་ཙམ་སྟེ་རྒྱ་ཡུལ་དུ་ཡོད། ལི་ཤི་སྨུག་ཅིང་སྲ་ལ་ལྕི། །འབྲུ་རྣམས་ཉམས་པ་མེད་པ་བཟང་། །ཞེས་པ་ནི་ལི་ཤི་ཤི་མ་སོང་བ་དང་། མདོག་སྐྱལ་དྲི་ཆུང་བ་ནི་དྲི་སྣུམ་གྱི་ཆེད་དུ་བརྩིར་བའི་རོ་མ་ལ་ཤི་སོང་བ་ཡིན་པས་ཞན། རབ་གནས་ཀྱི་ཆོ་གར་ཁྲུས་ཆས་དྲི་སྣུམ་ཞེས་བཤད་པའང་ལི་ཤི་སོགས་ལས་སྦྱར་བའོ། ༈ །ཨ་མྲ ནད་བྱེད་དེ། ཨ་འབྲས་ནི་ཨམ་ཞེས་ཤིང་སྡོང་ཆེན་པོ་ལྗང་ནག །འབྲས་བུ་ལྗང་གུ་སྨིན་ནས་སྔོ་ལྗང་དུ་འགྲོ་བ། རོ་ཤིན་ཏུ་མངར་སྐྱུར་དང་ལྡན་པ་ཞིག་ཡོད། དེ་ལས་རྒྱ་བལ་དུ་ཁཎྜ་བྱས་པ་ཡོད། དེང་སང་བལ་སྨན་གྱི་ཁྲོད་དུ་འབྱུང་བའི་སྐྱ་བོ་སྤུ་སོབ་རྩ་རིས་ཀྱི་རྣམ་པ་ཡོད་པ་འདི་ནི་དེའི་


JKT017_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རུས་སོ། །འཇང་སོགས་ནས་འབྱུང་བའི་ཤིང་ཏོག་སེ་ཞགས་ཆགས་པ་འདི་ནི། ཤིང་ཏེན་ཏུ་ཀའི་འབྲས་བུ་ཡིན་གྱི། ཨ་འབྲས་མིན་ནོ། ༈ །སྲ་འབྲས་ནི། ཀཱ་ཀ་ཛམྦུ༔ སྟེ་བྱ་རོག་ཛམྦུ་ཟེར་བའི་ཤིང་འབྲས་ཡིན། ༈ །ཀ་ར་ཛ༔ འཇམ་འབྲས་འདི་ལ་རིགས་མང་ནའང་། ཐམས་ཅད་ཀ་རཉྫའི་ནང་གསེས་ཡིན་པས། འཇམ་འབྲས་དང་། ཀ་ར་ནའི་གཅིག་གོ ༈ །བལླེཛཾ། ཕོ་བ་རིས་ནག་པོ་དང་། ཤི་ཀྲུ། ན་ལེ་ཤམ་དཀར་པོ་སྟེ་རིགས་གཉིས་ལས། ཕྱི་མ་འདི་བུད་མེད་ཀྱི་སྐྱེ་རྒྱུན་གཅོད་པའི་སྨན་མཆོག་ཅེས་འཕགས་བལ་གྱི་སྨན་པ་དག་བཤད། ༈ །པི་པུ་ལཱི། ཟུར་ཆག་པས་པི་ལིང་། འདིའི་རྩ་བ་ལ། པི་ལིང་མཱུ་ལ་ཞེས་དེང་སང་བོད་རྣམས་ཀྱིས་ཙི་ཏྲ་ཀ་བྱེད་རྒྱུའི་སྐྱ་བོའི་ཚིགས་མདུད་མང་པོ་ཅན་འདིའོ། །སྡོང་པོ་ནི། ཙི་ཏཿ ཟེར་བའི་སྐྱ་བོ་སུག་པ་འདྲ་ཚད་པ་ཞིག་ཡོད། འབྲས་བུ་ནི་པི་ལིང་སྟེ་དེ་ལྟར་ན་ཤིང་གཅིག་ལ་སྨན་གསུམ་འབྱུང་བ་ཡིན་ནོ། །སྤྱིར་པི་ལིང་ཕྲ་མོ་ཁ་དོག་སྔོ་ནག་འབྲུམ་པ་ཞིབ་མོ་མི་གསལ་བ་འདི་ལ་སྡུམ་ལྕགས་སྐུན་མ་དང་། དེ་ལས་ནག་པ་འབྲུམ་པ་ཡང་གསལ་བ་འདི་ལ་བྱི་རིལ་མ་ཟེར་བ་སྟེ་འདི་གཉིས་རིགས་གཅིག་དང་། ཡང་ཀ་རི་པིཔྲ་ལཱི། གླང་པོའི་པི་ལིང་ཞེས་མདའ་སྨྱུག་ཙམ་པ་མདོག་ཁམས་པ་འབྲུམ་པ་རྩིང་ཞིང་རོ་


JKT017_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པ་འདི་ནི། པི་ལིང་སྦོམ་པོ་སྟེ། འདི་གཉིས་རོ་ནུས་ཅུང་ཟད་མི་མཚུང་པས་ཟླ་ཟེར་སོགས་སུ་སྨན་སོ་སོར་མཛད། རྒྱ་ནག་ནས་འབྱུང་བའི་དབང་ཕྱོགས་པི་ལིང་ཞེས་གྲགས་པ་ནི་སྔ་མ་གཉིས་དང་རིགས་མཚུངས། ཀོང་པོ་སོགས་བོད་རོང་ནས་འབྱུང་བ་འདི་རྣམས་ཀྱིས་ཀྱང་ཚབ་རུང་བར་གསུངས་སོ། ༈ །ཤུཎཱི། སྨན་སྒ་ནི་སྒ་སྐམ་པོ། ཨཏྠ་ཀཾ། སྒེའུ་གཤེར་ནི་སྒ་རློན་པའོ། །བོད་རྣམས་སྒ་མདོག་སྐྱ་བོ་རོ་མི་ཚ་བ་དེ་ལ་ས་སྐྱར་བྱེད་ནས་མ་ནུ་བཞི་ཐང་སོགས་ལ་བཏང་བ་ནི་ནོར་བ་སྟེ། སྒ་ཕལ་པ་རོ་མི་ཚ་བ་འདི་རྒྱ་གར་བ་རྣམས་ཀྱིས་སྨན་ལ་བཏང་སྲོལ་མེད། མ་ནུ་བཞི་ཐང་སོགས་སུ་བཏང་རྒྱུ་ནི་སྒེའུ་གཤེར་ཉིད་དོ། ༈ །ཤིང་ཚ་ནི། རྒྱ་བལ་འཇང་རྒྱལ་རོང་སོགས་སུ་སྐྱེ་བའི་ཤིང་བོད་རྣམས་ཨ་གར་གོ་སྙོད་མར་བྱེད་པ་དེའི་ལྤགས་པ་སྟེ་ཇི་ལྟར་འཐུག་པ་བཟང་། སྲབ་མོ་ནི་ཤ་སྤྱོད་བྱེད་པ་ལས་སྨན་དུ་མི་གཏོང་། བོད་དག་སྲབ་མོ་ལ་ཤིང་ཚ་དང་འཐུག་པ་ལ་དོ་ཚར་བྱེད་པ་ནོར་བ་ཡིན་ལ། འདིའི་རིགས་གཅིག །ཤིང་པི་ལུ་སྟེ་ཤིང་རོ་ཚ་ཟེར་བ་ནི་བརྒྱད་པར། ཕྱི་ལུ་འབྲས་བུས་མཁྲིས་པ་བསྐྱེད། །བད་ཀན་རླུང་ནད་སེལ་ཞིང་འཁྲུ། །ཞེས་པ་དེའོ། ༈ །ཨེ་རཎཱ དན། འདི་སྡོང་པོ་ལྕམ་ལྡོང་འདྲ་བ་སྟོད་དམར་སྨུག་ཁོང་སྟོང་ཚིགས་ཐག་ཐུང་བ། ལོ་མ་ཡང་


JKT017_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་ལོ་འདྲ་བ་རྩེ་མོ་ལྔ་དྲུག་བདུན་པ་ཁོ་ན་ཡོད་པ་སྟེ། རིགས་གཉིས་ཡོད། དན་རོག་འབྲས་བུ་དབྱིབས་རུ་སྦལ་འདྲ་བ་རུ་སྦལ་མ་ཞེས་གྲགས་པ་དེ་ནི་རྒྱ་ཡུལ་དུ་ལོ་མས་དར་གྱི་འབུ་གསོ་བའི་ཤིང་དར་ཤིང་ཟེར་བ་དེའི་འབྲས་བུ་སྟེ་དནྡ་དཀྱུས་མ་དང་མིང་གཅིག་གོ ༈ །བྲི་ཁཎྱ ནི་བལ་པོ་སོགས་སུ་ཞིང་གི་རིབ་མའི་དོན་དུ་བཙུགས་པའི་ཤིང་ཚེར་མ་ཅན་ལོ་མ་དང་མེ་ཏོག་མེད་པ་བཛྲ་དྷུསྟེ་རྡོ་རྗེའི་ཤིང་སོགས་སུ་གྲགས་པའི་འོ་མ་ལས་ཁཎྜ་བྱས་པ་སྟེ། ཟླ་ཟེར་སོགས་སུ་སྦྱོང་སྨན་ལ་ཚེར་མ་རྣོ་ཞིང་འོ་མ་མང་བ་དེ་བཟང་བར་བཤད། ཌ་མ་རུ་དྲྭ་བ་ཅན་གྱི་ཁ་ཤིང་ཡང་འདི་ལས་བཟོ་བར་བཤད་དོ། ༈ །བི་ཌརཿ ཟུར་ཆག་པས་བྱི་ཏངྒ། འདི་ངོ་བོ་འཁྲུལ་སོ་ཆུང་། ༈ །ཙནྡན་དཀར་པོ་ལ། མཱ་ལ་ཡར་སྐྱེ་བའི། གོ་ཤྲིནྟཾ། ས་མཆོག །སདྲེ་ལྔ། སྦྲུལ་སྙིང་སོགས་སུ་གྲགས་པ་ནི་དེང་སོང་མི་ཕལ་བའི་སྤྱོད་ཡུལ་དུ་མ་གྱུར་ལ། ད་ལྟ་རྒྱ་གར་ནས་འབྱུང་བ་འདི་རྣམས་ནི། ཡུལ་མལླ་ར་ནས་འབྱུང་ཞིང་། དེའང་དཀར་སེར་སྨུག་གསུམ་འབྱུང་ངོ་། ༈ །ཙནྡན་དམར་པོ་ནི་བལ་པོ་དང་ཉེ་བའི་ས་ཆ་རྣམས་དང་། རྒྱ་ཡུལ་འཇང་དང་ཉེ་བ་སོགས་སུའང་འབྱུང་། ཇི་ཙམ་མཁྲེགས་ཤིང་ལྕི་བ་བཟང་། སོབ་པ་ཞན་ནོ། ༈ །ཨ་གུ་རུ། ལྕི་མེད། དེ་ཟུར་ཆག་པས་ཨ་ག་རུ། འདི་ལ་རིགས་


JKT017_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། ད་ལྟ་སྐྱ་སོབ་གསོ་མ་འདྲ་བ་ལ་སྨྱུག་མའི་རྩི་གཞོག་པ་འདྲ་བ་དང་། བསམ་པ་ཆུ་ནང་དུ་རུལ་བ་འདྲ་བ་འདི་རྣམས་རྒྱུ་གཅིག་ཅིང་ཨར་སྐྱ་ཞེས་ཟེར། དེ་ལས་སྔ་མ་བཟང་བར་བྱེད་མོད། གཙོ་ཆེར་བསྲེག་ན་དྲི་ཇི་ཙམ་བཟང་བ་རང་ལེགས། བོད་རྣམས་ཨར་སྐྱ་འདི་ལ། ཨ་གར་འབའ་ཞིག་ཅེས་བཏགས་པ་ནི། མདོ་རྣམས་ལས། ཨ་ག་རུ་ཁོ་ནས་བདུག་པའི་དོན་ལ་ཨ་ག་རུ་འབའ་ཞིག་གིས་བདུག་པར་བྱའོ། །ཞེས་འབྱུང་བ་མ་གོ་པའི་འོལ་ཚོད་ཙམ་མོ། །ཨར་ནག་ནི། ཕྱི་ཤུན་ལྤགས་ནག་པོ་ལ་ནང་སྨྱུག་མའི་རྩི་བཞོག་པ་འདྲ་བ་དེ་ལ་ངོས་འཛིན་ཏེ། ཤིང་དངོས་ནི་སྐྱ་སོབ་ཉིད་དོ། །ད་ལྟ་བོད་རྣམས་ཨར་ནག་མཆོག་ཏུ་ངོས་འཛིན་པ་རྒྱ་ཡུལ་ནས་འབྱུང་བའི་རྒྱ་སྐད་ཚིན་ཤང་ཞེས་ཟེར་བ་འདི་ནི། རྒྱ་གར་བ་རྣམས་ཙནྡན་སྦྲུལ་གྱི་སྙིང་པོ་རྒྱ་མཚོའི་རླབས་ཀྱིས་ཁྱེར་བ་ཡིན་ཟེར་སྲོལ་ཡོད། འབྱུང་ཁུངས་ནི་མཐའི་རྒྱ་མཚོའི་འགྲམ་གྱི་བྱེ་མའི་གསེབ་ནས་དོན། མཆོད་རྫས་སུ་བྱེད་ཅིང་རིན་པོ་ཆེའི་རིགས་ལྟ་བུར་འདོད་པ་ལས་ས་འདི་ན་སྐྱེ་ཞེས་ངེས་པ་མེད། ཤིང་རུལ་སོང་བའི་སྙིང་པོའི་རྣམ་པ་བྲག་རིའི་དབྱིབས་ཅན་མེ་ལ་བསྲེགས་ན་རོ་མེད་དུ་ཞུ་ཞིང་དྲི་བཟང་བ་ཞིག་འདུག །འདི་ནི་མགོན་པོ་བེར་གྱི་སྒྲུབ་སྐོར་དུ། ཙནྡན་སྦྲུལ་གྱི་སྙིང་པོ་ལོ་སྟོང་ས་ཞབས་སུ་སོང་


JKT017_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཏུ་རུ་ཥཝའོ། །ཞེས་གསུངས་པ་དང་རྒྱ་ཡི་སྐད་ཆ་འདི་ཕྱོགས་མཚུངས་པར་རྟོག་གོ །ཡང་། མངའ་རིས་དང་འཇང་རྒྱལ་རོང་ས་ངན་སྡེ་དགེ་སོགས་སུ་སྐྱེ་བའི་ཤོག་ཤིང་གི་རིགས་མེ་ཏོག་རེ་ལྕགས་འདྲ་བ་སེར་ཁ་ཡོད་པ་རྩ་བ་དང་སྡོང་པོའི་སྙིང་པོ་ཁམས་ནག་དང་། ནག་པོ་དང་། སེར་ཤས་ཅན་མེར་བསྲེགས་ན་དྲི་ཞིམ་པ་སྣུམ་ཁོལ་བ་འདི་རྣམས་ཀྱང་ཨར་ནག་ཏུ་ངོས་འཛིན་པར་སྣང་། བོད་ཀྱི་སྨན་རྣམས་སུ་ཨ་གར་རིགས་གསུམ་དུ་ཕྱེ་བའི་ནང་གསེས། ཨ་གར་གོ་སྙོད་མ་ཞེས་གྲགས་པ་ནི། འཇང་རྒྱལ་རོང་འབོ་གངས་དཀར་ལྷོ་མོན་རོང་མཚམས་སོགས་སུ་སྐྱེ་བའི་ཤིང་སྡོང་ཆེན་པོ། ཨར་སྐྱ་དང་ཕྱོགས་འདྲ་ལ་ཁ་དོག་དམར་ཤས་ཅན་དང་ཁམས་ནག་ཀྱང་ཡོད་པ། གོ་སྙོད་ཀྱི་དྲི་བྲོ་བ། འཇང་སྐད་བསྲོ་བི་ཟེར་བ་སྟེ་ལྕོག་རྩེ་དང་གླེགས་ཤིང་སོགས་བཟོ་སྤྱད་དེའོ། །འདི་ལ་རྗེ་རང་བྱུང་པས། ཨ་གར་དམར་པོས་རླུང་ཚད་འཇོམ། །ཞེས་ཀྱང་གསུངས་སོ། ༈ །ཁ་དི་ར སེང་སྡེང་། འདི་ལ་རིགས་གསུམ་སྟེ། ཁ་དོག་ཤིན་ཏུ་དམར་པོ་བོད་རྣམས་ཙནྡན་སེང་སྡེང་དུ་བཏགས་པ་དང་། སྙིང་པོ་མ་གཏོགས་དཀར་པོ་ཅན་གསོམ་སེང་སྡེང་ཟེར་བ་དང་། བཤང་པའི་སེང་སྡེང་སྟེ་རྣམས་པ་གསུམ་མོ། ༈ །རྒྱ་སྐད། ཏ་ལའི། ཟུར་ཆག་པ་ད་ལིས་སྟེ། རྩ་སྡོང་ལོ་མ་མེ་ཏོག་ཀུན་


JKT017_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་འདི་དང་མཚུངས་སོ། ༈ །ལཱཀྵ། རྒྱ་སྐག །ཐང་ཆུ་འདི་འབྱུང་བའི་ཤིང་གི་མིང་ལ། པ་ལ་ཤ། འདབ་ལྗང་། ཀིཾ་ཤུ་ཀ །ནེ་ཙོའམ་ཅི་ཞེས་གྲགས་པ་དེའོ། ༈ །ཞུ་མཁན་ལ་རིགས་གཉིས་ལས། ཤིང་སྡོང་ཆེན་པོ་ལྕང་མ་འདྲ་ཚད་པ་ལོ་མ་སྲབ་འཇམ་ནག་པ་ལ་ཞུ་མཁན་དཀར་པོ་དང་། ལོ་མ་འཐུག་ཅིང་ལྗང་ལ་གསེར་འོད་ཆགས་པར་ཞུ་མཁན་དམར་པོ་ཞེས་བཤད་དོ། །དེ་འང་ཞུ་མཁན་ནི་རྒྱ་སྐྱེགས་ཀྱི་ཁུ་བ་འདོན་བྱེད་དང་། སེང་ཕྲོམ་ནི། ལོ་མས་ཚོད་མ་འོང་པ། འབྲས་བུ་ལ་སྣུམ་ཡོད་པའི་སྔོ་སྡུམ་འོ་མ་ཅན་ཞིག་ལ་ངོས་འཛིན་པོ་པས་ཐ་དད་པར་བཞེད་དོ། ༈ །དེ་བ་ད་རུ ལྷ་ཤིང་ནི་བོད་ཀྱི་ཤུག་པ་འདི་ཁོ་ན་ཡིན་ཅིང་། རྒྱ་བལ་སོགས་སུ་མི་སྐྱེ་པས་བལ་པོའི་རྒྱལ་པོའི་སྐྱེད་ཚལ་དུ་བསྐྱེད་ཤིང་ཤུག་སྡོང་གཅིག་འདུག་པའང་ཡ་མཚན་ཆེན་པོ་བྱེད་ཅིང་འདུག་ཅེས་གསུངས་སོ། །མན་རྒྱུད་སོགས་སུ་ཐང་ཤིང་ཞེས་གསུངས་པའང་འདི་ཀའོ། ༈ །ཡང་བརྒྱད་པ་སོགས་སུ། ཤུག་པ་དང་དེ་བ་དཱ་རུ་སོ་སོར་བྱས་ཏེ། པདྨ་ཀ །པདྨ་ཅན། ཧེ་མ་པདྨ། གསེར་གྱི་པདྨ། ཀ་ལ་ཤ །བུམ་པ་ཅན། དེ་བ་དཱ་རུ་ནི་ཐང་ཆུའི་ཤིང་སྟེ། ཡལ་ག་ལོ་མ་འབྲས་བུ་ཐམས་ཅད་ཐང་ཆུའི་རང་བཞིན། ཅུང་ཟད་རེག་ནའང་ཐང་ཆུ་འགོས་པ། ལོ་མ་སྤུའི་རྣམ་པ་ལྗང་སེར་


JKT017_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ། འབྲས་བུ་མཐོ་རེ་ལྷག་ཙམ་ཤིང་གི་པད་བརྩེགས་ནང་དུ་ཚིག་གུར་རིལ་ཙམ་སུམ་ཀྱོག་གི་ནང་དུ་སྟར་ག་ལྟ་བུར་ཞིམ་པའི་རྐང་མར་ཡོད། འདིའི་ཐང་ཆུས་གཤའ་དང་ཞ་ཉེའི་འབྱར་རྩི་བྱེད། འདིའི་རིགས་འབྲས་བུའི་རྐང་མར་མེད་པ་དེ་ལ་སྒྲོན་མེ་ཤིང་ཞེས་གྲགས་སོ། ༈ །པི་ཏ་དུ༔ ཤིང་སེར་སྟེ་སྐྱེར་པ་ནི། རྒྱ་བལ་དང་འཇང་དང་རོང་རྣམས་སུ་སྐྱེ་བ་ཤིང་སྡོང་ཆེན་པོ་ལོ་མ་ཁ་བྲག་ཅན་ཚེར་མས་ཁྱབ་པ། བར་ཤུན་སེར་པོ་སོར་དོ་ཙམ་ཡོད་པ་སྟེ། བོད་ཀྱི་འདིས་ཀྱང་ཚབས་རུང་ངོ་། ༈ །ནིམྤ་ནི་ཤིང་ཕྲན་འབྲས་བུ་ལ་ཕལ་སྐད་སིནྡྷོ་ལ་ཟེར་བ། ཚ་ལུམ་འདྲ་བ་སེར་པོ། ལོ་མ་ལྗང་སེར་ཕྱི་ཅུང་ཟད་སྣུམ་ལ་ཆེར་མ་ཐོར་ཙམ་ཡོད་པ་རོ་ཤིན་ཏུ་ཁ་བ་ཞིག་སྟེ། རྒྱ་ནག་ལས་འབྲས་བུ་ལ་མཆི་མ་ཕྲིས་ཟེར་རོ། ༈ །མཉྫའི་། ལེགས་གནས་སོགས་སུ་གྲགས་པའི་བཙོད་ནི་ངོས་འཛིན་སླ་བ་ཉིད་དོ། ༈ །པནྠད་ནཱི། བེའུའི་ཟས་སོགས་སུ་གྲགས་པའི་སླེ་ཏྲེས་ནི་རྒྱ་བལ་དང་རོང་མཚམས་ཕལ་མོ་ཆེར་སྐྱེ་ཞིང་འཁྲུལ་སོ་ཆུང་། ༈ །ཀཎཱཀ་འདི་ཊ་སྡེའི་དང་པོ་བཟློག་ཅེས་སྣང་རི། ཚེར་མ་ཅན་དང་། བྱ་གྷི། སྟག་ཚེར། བྲྀ་ཧ་ཏི། ཡངས་མ་སོགས་སུ་གྲགས་པ་ནི། ད་ལྟར་ངོས་འཛིན་པ་འདི་མ་འཁྲུལ་བ་ཡིན། ༈ །ག་ཐ་ནི། སིདྷ་ཀཎྜ་ཀ །སེང་ཚེར་ཞེས་པ་སྟེ་བལ་ཡུལ་


JKT017_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་སྐྱེ། འབྲས་བུ་སེར་པོ་སེ་བའི་འབྲས་བུ་འདྲ་རུང་བ་རོ་སྐྱུར་ཤས་ཅན་གྱི་ཤིང་ཕྲན་ཞིག་སྟེ། བོད་དུ་ངོས་འཛིན་པ་འདི་དག་ཀྱང་གཡུ་ཐོག་བྱང་ཟུར་བཅས་ཀྱིས་བཞེད་པས་ཚབས་རུང་གི་ནུས་པ་ཕྱོགས་མཚུངས་ཡིན་འདྲ། ༈ །ཙིཏྲ་ཀ་ནི། ཤིང་ཕུང་ལོ་མ་དང་སྡོང་པོ་ཐམས་ཅད་དམར་ཞིང་རོ་ཚ་བ་ཞིག་ཡོད། འདི་སུ་རུ་པཉྩ་ལ་ངོས་འཛིན་པ་དང་། པི་ལིང་གི་རྩ་བ་སོགས་ལ་འཆད་པ་ནི་ནོར་བའོ། །པི་ལིང་དང་། དེའི་རྩ་བ་དང་། དབྱི་མོང་དང་། ཙི་ཏྲ་ཀ་དང་། དོང་གྲ་རྣམས་ནི་ཚ་བ་ལྔའོ། ༈ །བེ་ཏ་ས། སྒྱུར་པོ་ཞེས་གྲགས་པ་ནི། ཟླ་ཟེར་དང་བྱེ་རྟོགས་སུ་ཏ་ཏུར་བསྒྱུར་བ་ཡང་དངོས་མིན་རུང་ནུས་པ་མཚུངས་སོ། ༈ །དཱ་ཌི་མ སེ་འབྲུ་ནི་འཁྲུལ་སོ་ཆུང་། ༈ །ཤིང་རོ་ཧི་ཏ་སྟེ་སྐྱེད་བྱེད་དུ་གྲགས་པ་ནི། བལ་པོའི་སེའུ་ཞེས་པ་སྟེ། ཤིང་ཕུང་དབྱིབས་བསེ་ཡབ་དང་མཚུངས་པ། འབྲས་བུ་དང་པོ་ནས་མངར་བ་དང་། སྨིན་ནས་མངར་བ་དང་། སྨིན་ནས་ཀྱང་སྐྱུར་པོར་གནས་པའི་རིགས་གསུམ་ཡོད་ཅིང་། གསུམ་ཀའི་མེ་ཏོག་ནི་དམར་པོ་ཁོ་ནའོ། །རྒྱུད་སྡེ་རྣམས་ལས་བལ་པོའི་སེའུ་སྨི་གུས་འབྲི་བར་གསུངས་པ་སོགས་ཀྱང་འདི་ཁོ་ན་སྟེ། མ་རྙེད་ན་འོ་སེའི་ཤིང་གིས་ཚབས་རུང་བར་བྱེད་དོ། ༈ །མྲྀཊི་ཀཿ ཞིམ་ཤིང་སྟེ་རྒུན་འབྲུམ་ལ། ད་ལྟ་


JKT017_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒུན་དཀར་རམ། ས་རུ་ཤི་ཀའམ། འབའ་ཤོའི་རྒུན་འབྲུམ་དུ་གྲགས་པ་འབྲས་བུ་ཆུང་ངུ་ཅན་རུས་པ་མེད་པ་འདི་མཆོག །ཁམས་ཀྱི་ཚ་བ་སྒོང་སོགས་ནས་འབྱུང་བའི་དམར་པོ་དཀར་ཤས་ཆེ་བ་རོ་མངར་བ་ཉིད་རབ། དམར་སྨུག་སྐྱུར་ཤས་ཆེ་བ་འབྲིང་། རྒྱ་ཁ་དང་དྭགས་པོ་སོགས་ནས་འབྱུང་བའི་སྔོན་པོ་ནི་དམན། ས་རུ་ཤི་ཀ་ནི་ནུས་པ་བསིལ་ཞིང་། གཞན་རྣམས་དྲོ་བའོ། ༈ །བོ་སོ་ཆ་ནི། དབང་སྡུད་ཀྱི་སྐབས་རྣམས་སུ། མ་ད་ན་ཕ་ལསྟེ་མྱོས་བྱེད་ཀྱི་འབྲས་བུ་ཟེར་བ་དེ་ཡིན། དེའང་འབྲས་བུ་སེར་པོ་ལུང་ཏང་གི་འབྲས་བུའི་ཤུན་པ་འདྲ་བ་སུལ་མོ་ཅུང་ཟད་ཡོད་པ་ནང་ཚིག་གུ་སེ་འབྲུ་འདྲ་བ་ཞིག་ཡོད། ཚད་རོང་རྣམས་སུ་སྐྱེ་བའི་ཤིང་རྒན་མཁྲེགས་པོ་ཞིག་གི་འབྲས་བུའོ། །གཞན་དག་ལུང་ཏང་གི་འབྲས་བུའི་ཤུན་པ་ལ་བྱེད་པ་དང་། སྟག་མའི་ཉུང་མ་སོགས་ལ་བྱེད་པ་ནི་ནོར་བ་ཁོ་ནའོ། །ཕྱི་མ་འདི་སྲིན་ལ་ཤིན་ཏུ་ཕན་པ་ཞིག་ཡིན། སྐྱུགས་པའི་ནུས་པ་ནི་མེད་དོ། ༈ །ཏིནྟཊི་ཀམ། བསེ་ཡབ་ནི། ལོ་མ་ཆེ་ཞིང་མེ་ཏོག་དཀར་པོ་ཅན་འབྲུ་ཧྲིལ་པོ་རོ་སྒྱུར་ལ་མངར་ཤས་ཡོད་པ་དེ་ཡིན་ལ། མི་རྒན་ཨ་མཆོག་ཏུ་གྲགས་པའི་ཀུ་ཤུའང་རིགས་གཅིག་སྟེ། བརྒྱད་པར། ཀུ་ཤུ་རྣམ་གཉིས་ལྕི་བ་སྟེ། །མངར་བསིལ་སྐྱུར་བ་ཚ་བ་ཡིན། །ཅེས་སོ། །དེའང་བསེ་ཡབ་ལ་


JKT017_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཆེ་ཆུང་རིགས་གཉིས་དང་། ཀུ་ཤུ་ལའང་མངར་སྐྱུར་གྱི་རིགས་གཉིས་ཡོད། ༈ །གླ་གོར་ཞོ་ཤ་ནི། ཤིང་། ཌོ། སྟེ་འཁྲུལ་ཤིང་དུ་གྲགས་པའི་འབྲས་བུ། ཨུངྒེ་གམ། རབ་བསྐྱོད་དུ་གྲགས་པ་སྟེ་ངོ་བོ་འཁྲུལ་སོ་ཆུང་། ༈ །ཨ་རི། ལུང་ཏང་སྟེ། འདི་ལ་ནག་པོ་དམར་ངམ་ཅུང་ཟད་ཡོད་པ་ཞིག་དང་། པདྨ་རཱ་ག་ལྟར་དམར་སྨུག་གཉིས་ཡོད། ཤུན་པའི་ཕྱེ་མའི་དུ་བ་སྣ་ནས་རྔུབ་པས་ཡ་མ་དང་སྲིན་ལ་ཕན། ཆུ་ལ་སྦངས་པའི་ཁུ་བས་ཟངས་ཀྱི་གཡའ་ཆོད་པར་བྱེད། རྣམ་སྲས་སོགས་ཀྱི་བགྲང་ཕྲེང་ལ་འབྲས་བུ་དམར་འདི་ལ་གབ་མིང་དུ་རི་བོང་མིག་ཞེས་བཤད་པས་པོ་དེ་ལེགས་སོ། ༈ །ཤྲཱི་ཕ་ལཿ དཔལ་འབྲས་ཏེ། ཤིང་ཏོག་བིལྔ་ནི་མིང་བཀྲ་ལེགས་པས་བཀྲ་ཤིས་པའི་རྫས་སུ་བྱེད། འདི་ནི་ཤིང་སྡོང་ཆེན་པོ། ཡལ་ག་རྩུབ། ལོ་མ་ཕྱི་ནང་རི་མིག་བདུན་པ་སོགས་ཀྱི་གཙོ་བོའང་འདི་ཀའོ། །ཐམས་ཅད་དང་། འབྲས་བུ་ལྗང་གུ། སྨིན་ནས་ཅུང་ཟད་དམར་སེར་དུ་འགྲོ་བའོ། ༈ །བིཝ་དང་ཕྱོགས་འདྲ་ཀ་པི་ད་ནི་སྐྱུགས་པ་འཇོམས་པར་བྱེད་པའི་སྨན་སྟེ། འདི་ཀུ་པ་ལ་ངོས་བཟུང་བ་སྣང་ནའང་མ་ངེས་ཏེ། ཀུ་བ་ནི་སྐྱུགས་སྨན་དུ་བཤད་པའི་ཕྱིར། ༈ །བརྒྱད་པ་དང་། སྨན་རྒྱུད་ལས་ཀྱང་གསུངས་པའི། པྲ་ཐཀྲ་ཎི། ལོ་མ་ཐ་དད་ཅེས་པ་ནི། ཤིང་སྡོང་ཆེན་པོ་ལོ་མ་


JKT017_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་ཁ་དོག་སྣ་ཚོགས་པ་ཞིག་ཡོད། ནང་གསེས་སུ། ཙ་ཀི་ལི་ཡཱ་དང་། ཀ་ཊ་རཱ་ཟེར་བ་གཉིས་ཡོད་དོ། ༈ །སཱ་ལ་པཎྜི་སྟེ་སྤོས་དཀར་ཤིང་གི་ལོ་མ། འདི་སྡོང་པོ་ཤིན་ཏུ་ཆེ་བས། གསུང་རབ་རྣམས་སུ་མཐོ་བའི་ཚད་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་གསུངས་བ་དེའོ། ༈ །རྒྱ་ནག་སྐད་དུ། ཀཱ་ཝ། ཟུར་ཆག་པས་ཀུ་བ་ནི་རོང་མཚམས་རྣམས་སུ་སྐྱེ་བའི་འཁྲིལ་ཤིང་ཞིག་སྟེ་འབྲས་བུ་ཆུ་སྣོད་སོགས་རུང་བ་ཕྱག་ཚང་ཀུ་བ་ཞེས་པ་དེའོ། །འདིའི་འབྲས་བུ་གསེར་མེ་འདྲ་བ་དེ་བོད་ཁ་ཅིག་གསེར་ཕུད་དུ་འདོད་ཀྱང་ནོར་བའོ། ༈ །ཡང་། ཀུ་བ་དེ་འདྲའི་རིགས་ཕལ་སྐད་བཱདཱི་ཟེར་བའི་འཁྲི་ཤིང་ཞིག་གི་འབྲས་བུ་བཟར་རུང་བ་མངའ་རིས་སོགས་སུག་གོན་ཟེར་བའི་མིང་བརྒྱད་པ་སོགས་སུ། བེ་ཤ་ལཱ། དང་བརྡ་རྙིང་པར། བྱི་ཤ་ལ་ཟེར་བ་ཡོད། ༈ །བི་ཏུན་ཀཾ །འུ་སུ། འདི་ལ་མེ་ཏོག་གིས་དབྱིབས་དཀར་སེར་གཉིས་ཡོད་ཀྱང་ནུས་པ་འདྲ། འདིའི་གཅིག་ཤོས་ཤུ་ཏི་ཡིན་པར་འདོད་པ་ནི་ནོར་བ་སྟེ། ཤུ་ཏི་ཞེས་གོ་སྙོད་ཀྱི་དངོས་མིང་ཡིན་ནོ། ༈ །སོ་མ་རཱ་ཛི་པྲ། ཟླ་གསལ་སྟེ། རྒྱ་བལ་ནས་འབྱུང་ཞིང་འབྲས་བུ་གོ་སྙོད་ཕྱོགས་འདྲ་ལ་སྣེ་མོ་གཉིས་ཆེ་ཞིང་གུག་པ་སོབ་སོབ་གྱི་རྣམ་པ་གོ་སྟོད་ལས་ཆེ་ཙམ་ཡོད། །ད་ལྟའི་ནག་པོ་མཁལ་དབྱིབས་འདི་ནི་ཚབས་རུང་ཡིན་ན་མ་


JKT017_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་དངོས་ནི་མིན། ༈ །ཛཱི་ར་ཀཱ། ཟུར་ཆག་པས་ཟི་ར་སྟེ་ཟི་ར་དཀར་པོ་དང་། ཀྲྀཥཱ་ཛཱི་ར་ཀཿ ཟི་ར་ནག་པོ་སྟེ་སྔ་མ་ཤེས་སླ། ཕྱི་མ་ཟི་ར་དཀར་པོ་འདྲ་རུང་ལ་སྣེ་གཉིས་སྦོམ་པ། །མདོག་ནག་པོ་ཞིག་ཡོད་པ་དེ་ཡིན་གྱི། ནག་རྩུབ་ཟུར་གསུམ་པ་འདི་ནི་མིན་ནོ། ༈ །ནཱ་ག་པུཏྤ་ནི་ཀླུ་ཤིང་གི་མེ་ཏོག །ནཱ་ག་གེ་སར་ནི་དེའི་ཟེ་འབྲུའོ། །དེ་ལ་ཤིང་སྡོང་ཆེན་པོ་ལོ་མ་ཕྲ་ཞིང་ཕྱི་ལྗང་ནག་ཤིང་དངོས་སྐྱ་ནག་ཤིན་ཏུ་མཁྲེག་པ་སྟེ་བལ་ཡུལ་སོགས་སུ་སྐྱེ། ད་ལྟ་བོད་རྣམས་ཀྱིས་གེ་སར་སུམ་ལྡན་དུ་བྱེད་པ་འདི་ནི་ཤིང་ཤལྤ་ལིའི་གེ་སར་རོ། ༈ །ཨུཏྤལ་ཆུ་ནང་སྐྱེས་པ་སྨན་དུ་གཏོང་རྒྱུ་དང་རིར་སྐྱེས་པའི་ཤིང་ཕྲན་བུམ་རྫས་སོགས་ལ་འགྲོ་བ་སྟེ་རིགས་གཉིས་ཡོད། སྔ་མ་སྤྱིའི་མིང་། ཨུཏྤ་ལཾ། སྟེ་སྟེང་འཐུང་སོགས་དང་། བྱེ་བྲག །རྒྱ་བལ་འཇང་ཡུལ་སོགས་སུ་མཚོ་རྫིངས་སུ་སྐྱེ་བའི་མེ་ཏོག་སྔོན་པོ་ལི་སྡེར་འབྲིང་པོ་ཙམ་རེ་ཡོད་པའི་མིང་། ཆུ་སྐྱེས་སྔོན་པོ་དང་དཔལ་དགའ་སོགས་སུ་བཤད་ཅིང་། ཡང་མེ་ཏོག་དཀར་པོ་ལི་སྡེར་འབྲིང་པོ་ཙམ་བཤང་གི་རྣམ་པ་ཅན་ལ་པདྨ་དཀར་པོ་དང་། འདབ་བརྒྱ་པ་སོགས་ཟེར། དེ་དང་འདྲ་བའི་མདོག་དམར་པོ་ལ། ཆུ་སྐྱེས་དམར་པོ་དང་། དུར་པ་སྒྲ་འབྱིན་སོགས་མིང་གི་མངོན་བརྗོད་ཅན་ནོ། །ཨུཏྤལ་གེ་སར་དང་། པདྨའི་གེ་སར་


JKT017_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་མེ་ཏོག་འདི་རྣམས་ཀྱི་གེ་སར་ཏེ། མདོག་ཁམས་ནག་མུ་ལེ་ཧྥུ་ཤིང་གིས་རྩ་རྒྱུས་གཏུབ་པ་འདྲ་བ་དེ་པདྨའི་གེ་སར་དང་། དེ་ལྟ་བུ་ལ་སྐྱ་ཞད་ཡོད་པ་ལ་ཨུཏྤལ་གེ་སར་ཞེས་བཞེད། ད་ལྟ་ཙ་རི་རོང་དང་སྡེ་དགེ་སོགས་སུ་སྐྱེ་བའི་མེ་ཏོག་སྔོན་པོ་འདིས་ཨུཏྤལ་སྔོན་པོའི་ཚབས་བྱེད་པ་གཡུ་ཐོག་བཀྲ་ཤིས་ཀྱི་ལུགས་ཡིན་ཅིང་། དེ་ལྟར་ན་གའུ་རྐྱང་ཤོག་ལ་ཨུཏྤལ་དཀར་པོ་དང་། ཤེའུ་དར་སྒེ་དར་ལ་ཨུཏྤལ་དམར་པོའི་ཚབས་ཀྱང་རུང་དགོས་སོ། །ཀོང་པོར་ཆུ་ནང་ནས་སྐྱེ་བའི་མེ་ཏོག་ཐང་ཕྲོམ་མེ་ཏོག་འདྲ་རུང་ཞིག་ལ་པདྨ་དཀར་པོའི་ཚབས་བྱེད་པར་གསུངས་སོ། ༈ །བརྒྱད་པ་སོགས་སུ་སྨན་ལ་འགྲོ་བའི་པདྨ་དཀར་པོའི་རྩ་བ་ནི་ཆེན་པོ་ཞིག་ཡོད་པ་བཟར་རུང་ཞིང་། དེའི་མིང་། ཀ་ར་ཧཱ་ཊ༔ པདྨའི་རྩ་བ་སོགས་བཤད་དོ། ༈ །དུ་མོཏྤལ༔ སྟེ་ཨུཏྤལ་ཤིང་ལས་སྐྱེས་པའི་ནགས་ཀྱི་ཨུཏྤལ་ནི་རྒྱུད་སྡེ་རྣམས་ནས་བུམ་རྫས་སུ་བཤད་པའི། དཎོཏྤལསྟེང་བྱུག་པའི་ཨུཏྤལ་ཞེས་བྱ་ལ། དེའི་མིང་། ཨིནྡྲི་པ་ར། དཔལ་དགའ། ཡུ་པཱ་ལ། གཞན་སྐྱོང་སོགས་མིང་གི་རྣམ་གྲང་མང་ངོ་། ༈ །ཙམྤ་ཀ །ཟུར་ཆག་ཙམ་པ་ཀ་ཞེས་པ་ནི། རྒྱ་གར་དང་བལ་པོར་ཡང་སྐྱེ་བའི་ཤིང་སྡོང་ཆེན་པོ། མེ་ཏོག་སེར་པོ་དང་། དཀར་སེར་ཆེན་པོ་གཞོན་ནུའི་དུས་དྲི་བསུང་བཟང་པོ་ཅན་ཞིག་སྟེ། །


JKT017_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་རྣམས་གྲངས། ཧེ་མ་པུཏྤ་ཀཿ གསེར་གྱི་མེ་ཏོག །གནྡྲ་ཕ་ལཿ དྲི་འབྲས་ཅན་སོགས་སོ། ༈ །སྐེ་ཚེ་མིང་གཞན་སྦྲིད་སྐྱེད་ཞེས་པ་སྟེ། རྒྱ་བལ་ནས་འབྱུང་བའི་སྤྲིད་པ་བྱེད་མཁན་ཞིག་ཡོད་ཅིང་། བོད་ཀྱི་ཞིང་གསེབ་ཏུ་སྐྱེ་བ་འདི་ནི་དཔལ་ལྡན་རྒྱུད་དུ་བཤད་པ་དེ་ཡིན་དགོས། ༈ །ཡུངས་དཀར་ནག་གཉིས་ཀའི་སྤྱི་མིང་དུ། སར་པ། དཔལ་ཁ་སོགས་དང་། ཡུངས་དཀར་གྱི་སྒེར་མིང་དུ། སིདྡྷམཿ དོན་གྲུབ་ཏེ་མིང་བཀྲ་ལེགས་པས་བཀྲ་ཤིས་པའི་རྫས་སུ་བྱེད། མན་ངག་གི་རྫས། ཡུངས་དཀར་རྒྱལ་པོ་ཤ་རི་རམ། །ཞེས་པས་འབྲུ་ཆེ་ཞིང་ཁྲོ་ཞལ་གྱི་རྣམ་པ་ཡོད་པ་སྟེ། ཡུངས་དཀར་ཁྲོ་ཞལ་ཅན་ཞེས་ཀྱང་གྲགས་སོ། ༈ །ཨ་ཏ་སཱི། ཟར་མ་ནི་ཤེས་སླ། ༈ །ཤུཏི༔ གོ་སྙོད་དེ། འདི་ནི་གོ་སྙོད་ཀྱི་དངོས་མིང་ལས་ཤུ་ཏི་ཞེས་འུ་སུའི་རིགས་དང་། སྤྲ་འབྲུ་སོགས་ལ་ངོས་འཛིན་པ་ནི་ནོར་བའོ། ༈ །ལ་ལ་ཕུད་ནི། ཟི་ར་དཀར་པོ་འདྲ་བ་ལེབ་མོ་སུལ་རིས་ཅན་དབྱིབས་སྒུར་བ། ཆེ་ཆུང་ཏིལ་འབྲུ་ཙམ་པ་རོ་ཚ་ལ་དྲི་མ་ཤིན་ཏུ་ཆེ་བ་ཡོད། ནང་གསེས་རིགས་གཉིས་ཡོད་ཅིང་། ཏི་མུ་པའང་འདིའི་སྡེ་ཚན་སྟེ། ཀྵེ་ཏྲ་ཡ་མཱ་ནཱི་ཞེས་ཞིང་གི་ཨ་ཟ་མོར་གྲགས་པ་དེའོ། །ཡང་། ཁུར་ས་ཞེས་པའི་ལ་ལ་ཕུད་ནི་རྒྱ་ཐང་ཕྲོམ་གྱི་འབྲས་བུ་འདྲ་བ་སྲིན་བདུག་


JKT017_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་སོ་སྲིན་ལ་ཕན་པར་བཤད། ༈ །རས་འབྲས་ཞེས་པ་ནི་ཤིང་ཕྲན་ཕྲ་མོ་སྐྱ་བོ་གླང་མའི་རིགས་ཤིག་སྟེ། ཞིང་ལ་འདེབས་པའི་གོང་བུའི་ནང་ནས་རས་བལ་དང་འབྲས་བུ་འབྱུང་བ་དེ་ཀའོ། ༈ །དུག་མོ་ཉུང་ནི། ཤིང་ཕྲན་འཁྲིལ་ཤིང་གི་རིགས། གོང་བུ་དང་ས་བོན་བོད་ཀྱི་འདི་འདྲ་བ་ཆེ་བ་ཞིག་ཡོད། འདིའི་མིང་། ཨིནྡྲ་ཡ་པ་ནཾ། དབང་པོའི་ནས་ཞེས་པ་ཟུར་ཆག་པས། ཨིནྡྲ་ཡོབ་དང་། དེའང་ཟུར་མ་ཕྱིན་པ། ཨིནྡྲ་འཇོབ་ཞེས་ལྷན་ཐབས་སུ་བྲིས་པ་དེའོ། ༈ །ཨཱ་རག་པ་དྷ༔ དོང་ག་ནི་ཡོངས་གྲགས་འདིའོ། ༈ །མ་ནུ་པ་ཐ་ནི། དངོས་མིང་ལེགས་སྦྱར་དུ། པཱ་ཁཱ། །ཞེས་ཡོད་པ་ཟུར་ཆག་པས་པ་ཏྲ། དེ་ལ་བོད་རྣམས་ཀྱིས་མ་ནུ་པ་ཏྲ་ཞེས་རྒྱ་བོད་ཀྱི་སྐད་གཉིས་ལྡན་དུ་སྨྲས་པ་ཡིན་གྱི། པ་ཏྲ་ལོ་མར་འདོད་པ་འཁྲུལ་ཞིང་། མ་ནུ་རྒྱ་སྐད་ལེགས་སྦྱར་ཡིན་རྒྱུར་བྱས་ནས་ཤེད་ཅན་སོགས་སུ་བསྒྱུར་བ་ནི་བླུན་གཏམ་ཟང་མའོ། ༈ །པུཀྐ་ར་མཱུ་ལོ། རྫིང་བུའི་རྩ་བ། འདི་མ་ནུའི་རིགས་དབྱིབས་རྟ་མགོ་རུལ་པ་འདྲ་བ་སོབ་པ་དྲི་ཤིན་ཏུ་ཞིམ་པ་ཞིག་ཡོད། ཟུར་ལུགས་ཁམས་ཀྱི་རུ་རྟ་ལ་མཛད་པ་ནུས་པ་མཐུན་རུང་དུ་མངོན། ༈ །རུ་རྟ་དངོས་རྒྱ་གར་ནས་འབྱུང་བ་ནི་ཁམས་དང་རོང་མཚམས་སུ་སྐྱེ་བ་འདི་རྣམས་དང་དབྱིབས་འདྲ་ལ་རྩ་བ་ཤིན་ཏུ་ཆེ། ལོ་མ་


JKT017_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རུས་འདྲ་བ་ཙོག་པུར་སྐྱེ་བ་ཡོད། ༈ །ཤ་ཏ་མཱུ་ལཱི། རྩ་བ་བརྒྱ་པ་སྟེ་ཉེ་ཤིང་ནི། རྒྱ་གར་དུ་ཤིང་གི་རིགས་ཆུང་ཆུང་ཚེར་མ་ཕྲ་མོ་ཅན་རྩ་བ་རིལ་མ་ཕྲེང་བར་བརྒྱུས་པ་ལྟ་བུ་ཡོད། །༈ །ཨ་ཤྭ་གནྡ། སྟེ་རྟ་ལི་དྲི་ཅན། འདི་བོད་རྣམས་ཀྱིས་བ་སྤུར་བཞེད་ཀྱང་བརྒྱད་པ་རྩ་འགྲེལ་སོགས་ལས་དེ་གཉིས་སོ་སོར་བཤད། དེའང་བ་སྤུ་རིགས་གཉིས་ཀྱི་མེ་ཏོག་དཀར་པོ་ཅན་ལ། །མིང་། པཱུརྦ་ན་པ༔ སྟེ་སླར་དགུ་སོགས་སུ་བཤད་པ་དང་། མེ་ཏོག་དམར་པོ་ཅན་ལ། བེ་ཤ་ཀ །འཇུག་བྱེད་སོགས་སུ་བཤད་དོ། ༈ །རཀྟ་ནིརྩི་ཥ སླར་དུག་དམར་པོ་སྟེ་བོང་དམར་ནི། རྒྱ་བལ་ལྷོ་མོན་ཙཱ་རི་རྣམས་ནས་འབྱུང་བ། རྩ་བ་ལ་ཕུག་འདྲ་བ་མཐེ་བོང་ནས་ལུག་རིལ་ཙམ་གྱི་བར་ཅི་རིགས་པ་དང་། བཅད་ན་འོད་དང་བཅས་འཁྲེག་ཅིང་སྔོ་བ་དེ་བཟང་། དེ་ལས་ཆེ་ཞིང་ནག་ངོམ་འབྱུང་ཁུངས་འདྲ། དབྱིབ་མཐེ་བོང་ལྟ་བུ་མདོག་སེར་རོ་ཤིན་ཏུ་ཁ་བའོ། ༈ །བོང་ནག་ནི། མི་རྒྱུ་བའི་དུག་གི་གཙོ་བོ་སྟེ། རྒྱ་བལ་ནས་འབྱུང་བ་ནི་མདོག་ནག་པོ་རོ་མངར་ཞིག་སྤྲིད་ཁ་ཡོད་པ་ཞིག་ཡོད། འདི་བརྒྱད་པ་རྩ་འགྲེལ་སོགས་ལ་སྨན་དུ་མ་གསུངས། རྒྱ་ནག་གི་སྨན་གཞུང་རྣམས་སུའང་དུག་ཕྲལ་བ་ལས་རྒོད་པོར་སྨན་ལ་སྦྱར་


JKT017_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་བཤད་ཀྱང་། བདུད་རྩི་བུམ་བ་ཆེ་ཆུང་དང་། རྫ་རོང་བྷི་ཡི་སྨན་པ་ཉི་འོད་གསལ་གྱི་གཏེར་བྱོན་བདུད་རྩི་ཐིག་པ་དང་། གྲྭ་མངོན་གཏེར་མ་དཔལ་ལྡན་རྒྱུད་ཀྱི་ཁྱུང་ཆེན་སྦྱོར་བ་སོགས་ལས་རྒྱས་པར་འབྱུང་ཞིང་། དེ་ལའང་རིགས་གསུམ་ལས། དཀར་པོ་ནི། བོང་ཚད་ཆེར་མི་སྐྱེ་བ་མེ་ཏོག་སྔོ་སྐྱ་དང་རྩ་བ་དཀར་པོ་ཅན་དེའོ། །སེར་པོ་ནི། མེ་ཏོག་སེར་ཞད་ཅན་རྩ་བ་སེར་པོ་འབྲི་ཚིལ་འདྲ་བ། འདི་ལ་ཙན་དུག་དང་། འབྲི་ཚིལ་མ་སོགས་ཟེར། ནག་པོ་ནི། མེ་ཏོག་སྔོ་ནག་རྩ་བའང་ནག་ཁྲེབ་སེ་བ་སྟེ། བི་ཥ་ཧ་ལ་ཟེར། སྤྱིར་ཕྱི་ནང་གསང་བའི་འཛིན་པའི་དབྱེ་བ་སོགས་ཡོངས་གྲགས་ལྟར་དང་། དེ་རྣམས་ཀྱི་མྱུ་གུ་སོར་བཞིའི་ཚད་ལ་སྤྱིར་བཏང་བདུད་རྩི་ལོ་མ་ཟེར་རོ། ༈ །ཨ་ཏི་བྷི་ཥ་ནི་དབྱིབས་སུག་པ་སྐམ་པོ་འདྲ་བ། བཅག་མཚམས་བཙན་དུག་ལྟ་བུ་ལས་ཅུང་ཟད་སྨུག་ཉམས་ཅན། རོ་མངར་ཤས་ཡོད་པ། བཟི་མེད་པའོ། ༈ །ར་དུག་དམར་པོ་ནི། བཙན་དུག་མེ་ཏོག་དམར་ཤས་ཅན་དེ་ཡིན་ལ། ༈ །ཡུལ་སྐད་དུ་ར་དུག་པ་ཟེར་བའི་མེ་ཏོག་དམར་པོ་ཨུཏྤལ་འདྲ་བ་འདི་ནི་རྒྱ་སྨན་ལ་འགྲོ་བའི་མིང་། ཆི་ཞྭའོ་ཟེར་བ་དེ་ཀའོ། ༈ །ཧ་རི་དྲ། ཡུང་བ། མ་ནུ་ཁྲག་ཅན་ཟེ་བའང་འདི་ཁོ་ན་ཡིན་ཅིང་། སྒ་ཤོ་ཞེས་པའང་འདིའི་རིགས་སོ། ༈ །སྒོག་པ་ནི། རྩ་བ་རྡོག་


JKT017_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཞིང་དཀར་བ་ལ་སྒོག་སྐྱ་དང་། རྩ་བ་ཕྲ་ཞིང་ཤུན་པ་དམར་བ་ལ་སྒོག་དམར་དུ་བཞེད། མིང་། ར་སོ་བ་ཀཿ སྟེ་རོ་མ་ཚང་བ་ཞེས། རོ་དྲུག་ལས་ལན་ཚྭ་མ་ཚང་བས་དེ་སྐད་དུ་བརྗོད་པ་སོགས་སོ། ༈ །གླ་སྒང་ནི། ཆུ་ནང་དུ་སྐྱེ་བའི་སྡུམ་རྩ་སྟེ། བོད་འདིར་ས་ནག་ཏུ་སྐྱེ་བའི་ལོ་མ་ལོ་བཙན་འདྲ་རུང་། མེ་ཏོག་རྒྱ་དཀར་སྤེན་མའི་མེ་ཏོག་ཆེ་ཤོས་ཙམ། རྩ་བ་མོན་བུ་འདྲ་བ་ཕྱི་ནག་ལ་ནང་དམར་ཞིང་རོ་བསྐ་བ་ཁམས་སྐད་དུ་ཚིག་གྲོར་གྲགས་པ་དེས་ཚབས་རུང་ངོ་། ༈ །བ་ཙཱ། ཤུ་དག །འདི་ལ་ཤུ་དག་ནག་པོ་ནི་རོང་མཚམས་ཐམས་ཅད་དུ་སྐྱེ་བས་ནོར་འཁྲུལ་མེད། བཅག་མཚམས་དམར་ཞད་ཡོད་པ་ལ་ཤུ་དག་དམར་པོའང་ཟེར། དཀར་པོ་ནི། དབྱིབས་ནག་པོ་འདྲ་བ་ལ་ཚིགས་མཚམས་དམར་ཞད་ཡོད་པ། བཅག་མཚམས་དཀར་ཞིང་དྲི་བཟང་བ་དེ་ཉིད་ཡིན་ལ། ས་ལེ་ལྗང་པའི་རྩ་བ་ལ་བྱེད་པ་ནི་ནོར་བ་ཁོ་ནའོ། །ཡང་། ཤུ་དག་ནག་པོ་ལ་མེ་ཏོག་མེད། སྙེ་མ་ནག་པོ་པི་ལིང་འདྲ་བ་ཞིག་ཡོད། དཀར་པོ་ལ་མེ་ཏོག་སྔོ་སྐྱ་ཡོད། གཉིས་ཀའི་ལོ་མ་རལ་གྲི་སོ་གཉིས་མ་འདྲའོ། །དཀར་པོ་ལ་མིང་། ཧེ་མ་བ་ཏི། གངས་ལྡན་སྐྱེས། ཛ་ཡ༔ རྒྱལ་བྱེད་སོགས་སོ། ༈ །མ་དྷུ་ཀཾ །ཤིང་མངར་ནི། སྡུམ་རར་སྐྱེ་བ་དང་། མྱ་ངམ་ཐང་དུ་སྐྱེ་བ་སོགས་


JKT017_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ནགས་ཤོད་ཀྱི་ཀླུང་འགྲམ་སྐྱེ་བ་དམན་ནོ། ༈ །དུར་བྱིད་ལ་བརྒྱད་པ་སོགས་སུ་དཀར་ནག་གཉིས་བཤད་པའི། དཀར་པོ་ནི། ཉེ་རོང་བརྡ་རྙིང་སྟེ་ད་ལྟ་དུར་བྱིད་དུ་གྲགས་པ་འདིའོ། །ནག་པོ་ནི་ཐར་ནུ། ༈ །དབྱི་མོང་མེ་ཏོག་དཀར་སེར་གཉིས་ནི་སྨན་ལ་གཏོང་། སྔོ་ནག་ཅན་མི་གཏོང་གསུངས། །གཟེ་མ་བོད་ཀྱི་ངོས་འཛིན་པའི་སྡུམ་འདི་ནི་བརྒྱད་པ་སོགས་སུ་བྱི་ཚེར་དུ་བཞེད། ༈ །མ་ཏུ་ལཿ ཐང་ཕྲོམ་ནི་རྒྱུད་སྡེ་རྣམས་ལས་གསུངས་པའི་དྷ་དྷུ་ར་ཞེས་པ་སྟེ། འཕགས་བལ་དུ་སྐྱེ་བ་དང་། །བོད་སྐྱེས་ཕྱོགས་འདྲ་བར་གསུངས། བོད་ཀྱི་ངོས་འཛིན་ལ་རིགས་གསུམ་ལས། དཀར་པོ་གངས་ཐང་ཕྲོམ་རྒོད་པ་ནི་གཡའ་སྤང་མཚམས་སུ་སྐྱེ། གཡུང་བ་སྤང་ལྗང་དང་ཕྱུགས་ལྷས་རྙིང་པར་སྐྱེ། ཁྲ་བོ་ནི་རྒྱ་ཐང་ཕྲོམ་དང་། ནག་པོ་ནི་ཡོངས་གྲགས་འདི་ཀ་སྟེ། དྷ་དྷུ་ར་དངོས་ཁྲ་བོ་ལ་བཞེད་སྣང་། ༈ །གསེར་མེ་ནི་བརྒྱད་པ་རྩ་འགྲེལ་སོགས་སུ་མ་བཤད། རྒྱ་ནག་གི་གསོ་དཔྱད་ལས་འབྱུང་། ངོ་བོ་ནི་འཁྲུལ་སོ་ཆུང་། བོད་སྨན་མཁས་པ་དག་སྡུམ་པ་ཏོ་ལའི་ཚབས་སུ་བཞེད་པའང་དོན་ལ་གནས་པ་ཉིད་དོ། ༈ །བནྡ། ཧོང་ལེན་སྟེ། ཛཱི་བནྟི་ཀཱ། འཚོ་བྱེད་ཅེས་འཚོ་བྱེད་བརྒྱད་ཀྱི་གྲས་སུ་བཞེད། ད་ལྟ་སྟོད་ཕྱོགས་ནས་འོང་བ་སྡུམ་རྩ་དམར་སྨུག་དང་། སྐྱ་སོབ་


JKT017_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་རབ། བོད་དུ་སྐྱེས་པ་འདིས་ཀྱང་ཚབས་རུང་། འདི་ལའང་མེ་ཏོག་དཀར་པོ་ན་བ་ནང་དུ་སྐྱེ་བ་འདི་ཧོང་ལེན་དངོས་སྟེ། རྒྱ་སྐད་དུ་སྙུང་ལས་ཟེར། དེ་རིགས་གཡའ་ལ་སྐྱེས་པ་མེ་ཏོག་སྨུག་པོ་ཅན་འདི་ལ་གཡའ་རུག་ཏུ་ངོས་འཛིན་ནུས་པའི་འགྲོ་ཕྱོགས་མཚུངས། ཧུང་། དམར་པོ་དང་། ལས་ཚོས་ལ་འཇུག་པས་དམར་ཚོས་ཟེར་བ་ད་ལྟའི་ཡོད་པ་ཡོངས་གྲགས་འདི་འཁྲུལ་པ་མེད། བནྡྷ། ཧོང་ལེན་དུ་བསྒྱུར་ནའང་། དངོས་ནི་ཤིང་གི་རིགས་སོ། ༈ །དྭང་ལས། ཞེས་པ་སེར་ཚོས་སྟེ། མྱང་རྩི་སྤྲིས། མིང་གཞན། ཨ་པ་རཱ་ཛི་ཏཱ། སོགས་སུ་བཤད་པ་དེ་རྒྱ་མིས་གོས་ཆེན་སེར་པོའི་ཚོས་བྱེད། ༈ །རྒྱ་སྐད། ཚིག་ཀྱའོ་ཟུར་ཆག་པ། ཀྱི་ཀྱེ་ནི། ཟླ་ཟེར་དུ། བ་ལ་པ་ཏྲ། སྟོབས་ཀྱི་ལོ་མ་སོགས་སུ་བཤད། ༈ །ལི་ག་དུར་ནི། སྨན་བྱ་རོག་རྐང་དུ་གྲགས་པ་ད་ལྟ་སྨན་ཁྲོད་དུ་འབྱུང་བ་སྟེ་ངོས་ཟིན་སླ། རྟ་མོན་དུ་བྱེད་པ་ནི་ཚབས་རུང་ཡིན་ན་མ་གཏོགས་དངོས་མིན། ལ་ལས་སྲོ་ལོ་དམར་པོས་ཚབས་བྱེད་པའང་ཡོད། ༈ །ཡང་བརྒྱད་པ་ལ། ཙི་ཏྲ་ཀ་ཡི་མེ་ ཏོག་ནི། །སེར་པོ་དཀར་ནག་ལས་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་སྦྱར། །གོ་རིམ་བཞིན་ཏུ་ཡོན་ཏན་ཆེ། །ཞེས་བཅུད་ལེན་ལ་མེ་ཏོག་སེར་པོ་ཐ་མ། དཀར་པོ་འབྲིང་། ནག་པོ་རབ་ཏུ་


JKT017_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། ༈ །གྷནྡྷ་བྷ་དྲ། དྲི་བཟང་། འདི་བོད་རྣམས་གོ་ཡུ་ལ་ངོས་འཛིན་པ་དང་། གཡའ་ལས་སྐྱེས་བའི་བྱ་རྒོད་སྤོས་ལ་ངོས་འཛིན་པ་དག་སྣང་ནའང་། དངོས་ནི། ཤིང་སྡོང་དྲི་ཤིན་ཏུ་ཞིམ་པ་ཆུ་གླང་གི་པགས་པ་འདྲ་བ་དཀར་སྐྱ་རོ་ཆེར་མི་གསལ་བ་ཞིག་གོ །ཏསྟི་ཀཎ། གླང་པོའི་རྣ་བ་ནི། ཕྱི་ཤུན་པ་སྔོན་པོ་གླང་པོའི་རྣ་བ་ལྟ་བུ། ནང་དུ་འབྲས་བུ་ཡོད་པ་ཞིག་གོ ༈ །ལན་ཚྭའི་རིགས་ལས། རྒྱམ་ཚྭ་ནི་རྒྱ་མཚོ་ལས་བྱུང་བའི་ཚྭ་སྟེ། དེང་སང་བྱང་རྒྱམ་ཆེན་སོགས་གུས་ཞབ་ནས་བརྐོ་བའི་རྡོ་འདྲ་དཀར་པོ་འདི་ཡིན། ཟླ་ཟེར་སོགས་སུ་ལན་ཚྭ་ཐམས་ཅད་ཀྱི་ཚབས་སུ་འདི་གཏོང་གསུངས། ༈ །ལྕེ་མྱང་ཚྭ་ནི། བྱང་ཕྱོགས་སུ་ལེན་ཚྭ་བྲག་གི་རྣམ་པ་དཀར་པོ་ཤེལ་ལྟར་དྭངས་པ་བརྐོས་རྒྱགས་རུང་བ། ལ་ལར་དམར་ཤས་ཀྱང་ཡོད་པ་དེ་ཡིན། མཁྲིས་པར་མི་གནོད། ནད་པར་ཚྭ་འདི་མ་བསྲུང་ཀྱང་རུང་། ༈ །ལན་ཚྭ་ནི། ཡོངས་གྲགས་ཀྱི་ཚྭ་རོ་ཞིམ་ཤས་བུལ་ལྷད་མེད་པའོ། ༈ །མཛེ་ཚྭ་ནི། ད་ལྟ་ཡ་བཀྟ་རར་འདོད་པའི་དཀར་པོ་བཅང་པས་ཀྲིག་ཀྲིག་ཟེར་བ་དེའོ། ༈ །ཝ་ཚྭ་ནི། ཡུལ་འགའ་ཞིག་ཏུ་སྦ་བར་ཕན་པའི་སྨན་ཚྭ་དཀར་པོ་སོབ་སོབ་ཞིག་ཡོད་པ་དེ་ཡིན། གཙང་ཚ་རོང་དང་། ཁ་བ་དཀར་པོ་སོགས་སུ་ཡོད་པར་བཤད། ༈ །རྒྱ་ཚྭ་ནི་ཡོངས་


JKT017_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲགས་པར་ཟད། ༈ །ཙབ་རུ་ཚྭ་ནི། རྒྱ་གར་དུ་ཙབ་མོའི་བཏུང་བའི་རུ་རྩི་བྱེད་པའི་ཚྭ་སྐྱུར་ཤས་ཆེ་བ་སྟེ། འཇང་ཕྱོགས་སུ་རྒྱལ་དམ་གྱི་ཚྭས་ལོ་སྒྱུར་གྱི་རུ་རྩི་བྱེད་པ་དང་། སྡོམ་རེ་མདོའི་ཚྭ་འདིའང་སྐྱུར་ཤས་ཆེ་བས་སྐྱུར་བའི་ཕབས་རྩིར་རུང་ངེས་པས་ཙབ་རུ་མཚུངས་སྙམས། ༈ །ཁ་རུ་ཚྭ། ཚ་ལ། ཟེ་ཚྭ། ཐལ་ཚ་རྣམས་ཡོངས་སུ་གྲགས་པ་ཉིད་ངོས་འཛིན་མ་འཁྲུལ་བས་རྒྱས་པར་མ་སྨོས། ༈ །དེང་སང་མིག་སྨན་སོགས་ལ་བཏང་བའི་ལྕགས་ཕྱེ་ཞེས་པ་འདི། མཁས་པ་ཁ་ཅིག་ལྕགས་ཀྱི་ཕྱི་མོ་སྟེ་ལྕགས་དྲེག་ཁོ་ནའོ་ཞེས་བཞེད་པའང་སྣང་། ༈ །ཞར་བྱུང་རྣམ་གྲངས་འགའ་ཞིག་འབྲི་ན། དངུལ། ཟངས། ལྕགས། གཤའ་དཀར། ཞ་ཉེ་རྣམས་ནི་ལྕགས་ལྔའོ། ༈ །ཨ་ཤཱཏྠ། ཨུ་དུམཱར། བླཀྵ། བིཝ། ཕལྷ་རྣམས་ནི་འོ་མ་ཅན་ལྔའོ། ༈ །ཤིང་ཚྭ། སུ་གྨེལ། གྷནྡྷ་བྷ་དྲ་ནི་དྲི་གསུམ་དང་། ནཱ་ག་གེ་སར་བསྣན་བས་དྲི་བཟང་བཞིའོ། ༈ །ཡུང་བ་དང་། སྐྱེར་པ་ནི་སེར་པོ་གཉིས་སོ། ༈ །མེད་དང་། མ་ཧཱ་མེད་ནི་ཞགས་གཉིས་སོ། ༈ །སཱ་ལ་པཎྜི། མུཏྤ་པཎྜི། མ་ཤ་པཎི། ཀྲྀཥཱ་པཎྜི་ནི་པཎི་བཞིའོ། ༈ །སཱ་ལ་པཆི། ཀྲྀཥཱ་པཎྜི། བྲི་ཧ་ཏི། ཀཎྜ་ཀ་རཱི། གཟེ་མ་རྣམས་ནི་རྩ་བ་ཆུང་ལྔའོ། ༈ །ཀརླ་ལ༔ བིཝ། མེ་སྲུབས་ཤིང་། པ་


JKT017_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལི། ས་བ་ཀ་རྣམས་ནི་རྩ་བ་ཆེན་པོ་ལྔ་ཞེས་འཕགས་ཡུལ་གྱི་གཞུང་རྣམས་ལས་གསུངས་སོ། །


previousསྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ།next