Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ།
   
   
   
   
   
   
   
   


 
previousགསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ།next

གསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ།


JKT017_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ་བཞུགས། །ཨོཾ་ཨ་ཐཱ། སྨན་པ་སྔོན་མེད་བཅོམ་ལྡན་འདས། །དཔལ་ལྡན་བླ་མར་གུས་བཏུད་ནས། །གསོ་དཔྱད་རྒྱུད་


JKT017_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བསྡུས་པའི་དོན། །ས་བོན་ཙམ་ཞིག་བརྗོད་པར་བྱ། ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་རིག་པའི་ཡེ་ཤེས་མཆེད་བཞི་དང་འཇིགས་མེད་སྨྲ་བའི་སེང་གེ་ཡིད་ལས་སྐྱེས་ཀྱི་རྣམ་པར་ཤར་བས་ལེགས་པར་གསུངས་པའི་བཀའ་ཕན་བདེ་བླ་ན་མེད་པའི་གཏེར་ཆེན་པོ་གསོ་དཔྱད་ཀུན་གྱི་ཡང་སྙིང་དཔལ་ལྡན་རྒྱུད་བཞི་ཞེས་གྲགས་པ་འདི་ཉིད་ལོ་ཆེན་བཻ་རོ་དང་། །ཆོས་རྒྱལ་ཁྲི་སྲོང་མཆོད་ཡོན་གྱི་ཐུགས་བསྐྱེད་ལས་གངས་ཅན་བསོད་ནམས་ཀྱི་མགྲོན་དུ་སྣང་བ། རེ་ཞིག་དུས་ལ་དགོངས་ཏེ་དཔལ་གྱི་བསམ་ཡས་དབུ་རྩེར་མི་འཇིག་པའི་ཕྱག་རྒྱས་བཏབ་པ། ཕྱིས་གཏེར་སྟོན་ཡུལ་གྲ། ཆོས་མངོན་པ་ལ་མཁས་པས་མངོན་ཤེས། མཚན་དངོས་དབང་ཕྱུག་འབར་ཅེས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དེས་སྤྱན་དྲངས་ཤིང་། བརྒྱུད་པ་གསུམ་དུ་ཆིག་བརྒྱུད་ཀྱིས་གདམས་པ། །སངས་རྒྱས་སྨན་གྱི་བླ་མའི་སྤྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོས་ཐུགས་ཉམས་སུ་བཞེས་ཤིང་། སྐབས་སུ་བབས་བའི་ཞལ་སྐོང་ཅི་རིགས་པ་དང་བཅས་རྒྱ་ཆེར་སྤེལ་བ་འདི་འཆད་པ་ལ། །གཞུང་འདི་ཉིད་སྔ་འགྱུར་སྒྲུབ་སྡེའི་བདུད་རྩི་ཡོན་ཏན་གྱི་ལས་རྒྱས་པའི་རྒྱུད་


JKT017_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏོགས་པས། དེ་དག་གི་བཀའ་སྲོལ་འཛིན་པ་རྣམས་ཀྱི་བཤད་ཐབས་ལྟར་བྱས་ན་རྩ་གཞུང་དང་མཐུན་པའི་དགོངས་པ་འཁྲུལ་མེད་དུ་ངེས་པས། དབང་པོ་རབ་ལ་མཚན་བསྟན་པ། །འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ། །ཐ་མལ་འབྲུ་རེ་གཉེར་ཐའི་སྒོ་ནས་བཤད་པའོ། །དང་པོ་ནི། བདུད་རྩི་སྙིང་པོས་དཔེ་དང་དགོས་པ། ཡན་ལག་བརྒྱད་པས་བརྗོད་བྱ། གསང་བ་མན་ངག་གི་རྒྱུད་ཅེས་པས་རྗོད་བྱེད་ཀྱི་མཚན་བསྟན། གཉིས་པ་ལ་ལྔ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་གདམས་པ་གཏད་པའོ། །དང་པོ་ནི། གནས་ཕུན་སུམ་ཚོགས་པ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག །སྟོན་པ་ཕུན་སུམ་ཚོགས་པ་སྨན་གྱི་བླ་མ། འཁོར་ཕུན་སུམ་ཚོགས་པ་ལྷ་དྲང་སྲོང་ཕྱི་ནང་སྡེ་བཞི། དུས་ཕུན་སུམ་ཚོགས་པ་སྟོན་འཁོར་གདན་འཛོམས་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་གསོ་བ་རིག་པ་དྲང་སྲོང་གི་ལུགས་སུ་བསྟན་ཅེས། ལེའུ་དང་པོར་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། གླེང་སློང་དངོས་དང་། མདོར་བསྟན་པའོ། །དང་པོ་ནི། ཐུགས་ལས་རིག་པའི་ཡེ་ཤེས་དང་། །གསུང་ལས་ཡིད་ལས་སྐྱེས་སྤྲུལ་ཏེ། ཞུ་བ་དང་གནང་བའི་སྐབས་དབྱེ་བ། གཉིས་པ་


JKT017_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྒྱུད་བཞིའི་སྐབས་དོན་མདོར་བསྟན་པ་སྟེ་ལེའུ་གཉིས་པ་ལྟར་རོ། །གསུམ་པ་ལ་ལྔ། བཤད་བྱ་རྩ་བའི་རྒྱུད། འཆད་བྱེད་བཤད་པའི་རྒྱུད། ལག་ལེན་མན་ངག་གི་རྒྱུད། དམར་ཁྲིད་ཕྱི་མའི་རྒྱུད་ཞར་བྱུང་དོན་བསྡུ་པའི་ཚུལ་དུ་འཇུག་དོན་བཅས་རིམ་པར་གསུངས་པ་ལྟར་རོ། །བཞི་པ་ནི། ལེའུ་ཐ་མའི་སྟོད་དང་། ལྔ་པ་ནི་ཐ་མའི་མཇུག་གིས་གསལ་བ་ལྟར་རོ། །གསུམ་པ་ཐ་མལ་འབྲུ་རེ་གཉེར་རེའི་སྒོ་ནས་བཤད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། འཇུག་གི་དོན་ཏོ། །དེ་ལྟ་བུའི་སྤྱི་དོན་དང་གཞུང་དོན་གཉིས་སྤྱི་གཞུང་སྤེལ་ཏེ་བཤད་པས་བློ་གྲོས་ཀྱི་མིག་རབ་ཏུ་ཡངས་པར་འགྱུར་རོ། །ས་བོན་ཆུང་ངུ་དྲོད་གཤེར་གྱིས། བསྐྱེད་པས་ལྗོན་ཤིང་ཆེར་འགྱུར་ལྟར། །འདི་ཙམ་གྱིས་ཀྱང་བློ་གསལ་རྣམས། །བློ་གྲོས་པདྨོ་རྒྱས་པར་སྨོན། །ཞེས་པའང་བཅུ་ཕྲག་རིག་པའི་པཎྜི་ཏ་བཛྲ་པྲ་ཏིཥྛས་ཡང་ཡང་གསུངས་པའི་བཞེང་སྐོང་དུ་གུ་ཎ་ནཱ་ཐ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སུ་ཤེ་ཡསྶིདྡྷི་རསྟུ།། །།


previousགསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ།next