Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ།
   
   
   
   
   
   
   


 
previousསི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ།next

སི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ།


JKT017_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༈ སི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ་དགེ། ཨོ་ཨ་ཐཱ། ཁོ་བོས་སློབ་དཔོན་མཁས་དབང་ཆོས་གྲགས་རྒྱ་མཚོ་ལས་འབྲུམ་པ་བཙུགས་བཅོས་སྐོར་ཞིབ་ཁྲིད་ཞུས་པ། སྤྱིར་སི་ཏུ་རིན་པོ་ཆེས་སྡེ་དགེ་བློ་གྲོས་རྒྱ་མཚོའི་


JKT017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོར་སྩལ་བའི་འབྲུམ་བཅོས་ཚིགས་བཅད། དཔོན་པོ་མི་དབང་ལ་སྩལ་བའི་ཚིག་ལྷུག་གཉིས་གུང་བསྒྲིགས། དེའང་སྔ་མ་བོད་བཅོས་དང་། ཕྱི་མ་རྒྱ་བཅོས་གཙོ་བོར་མཛད་པ་རེད་པས། རྒྱ་བཅོས་ཀྱི་ལག་ལེན་གཙོ་ཆེའང་། རྒྱ་སྨན་རིགས་འཛོམས་ཐབས་མེད་པས་སྨན་བཅོས་དངོས་བོད་བཅོས་ནང་ལྟར་བྱས་ན་འཐུས། དེའང་ཐོག་མར་བཙུག་དུས། རབ་བདུན་གསུམ། །འབྲིང་གཉིས། ཐ་ནའང་གཅིག་ཙམ་གྱི་གོང་ནས། ཟས་སྤྱོད་སོགས་གཞུང་ཚིག་ལྷུག་ལྟར་དང་། དེར་མི་གསལ་བ་སྐུ་ཁ་སྤུ་རིང་མཐུག་ཅན་ཡོད་ན་བཞར་ན་ལེགས་ཞེས་གསུངས་པ་ནི། མགོར་འབྲུམ་པ་མང་པོ་བུད་ན་རྣག་སོགས་འཁྲུ་སྐམ་དཀའ་བ་ལ་དགོངས། ལུས་རིལ་པོ་འམ་བཀྲུ་གང་བདེ་སར་སུག་བུལ་གྱི་ཆུས་དག་པར་བཀྲུ། སྲན་རྩམ་གྱིས་ཕྱི་ནས་སྣུམ་མེད་པ་བྱུག་ན་འབྲུམ་པ་བུད་སླ། བོད་པ་རྣམས་གནས་ཁང་ཕྱག་དར་ལེགས་པོར་བྱེད། སྤོས་དཀར་བདུག །བཅའ་ལག་དང་འགྲུལ་གསར་སོགས་གདོན་འཛེམས་དང་། གཙང་སྦྲ་གང་ཆེ། འུར་སྒྲ་སོགས་གཏན་ནས་མེད་པའི་གནས་དབེན་པ་གལ་ཆེ་ཚུལ་བཤད་སྣང་བ་བདེན་པར་གདའ། དེ་ནས་གཟའ་སྐར་བཟང་པོའི་དུས་འབྲུམ་པ་བྱམས་པ་དང་། མི་གྲིབ་ཅན་མ་ཡིན་པའི་མགོ་གཙང་གི་མེ་ཏོག་བླངས། གཞུང་དུ་


JKT017_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་བཅུ་ཙམ་བཤད་ཀྱང་། བདུན་རེས་ཆོག །གླ་རྩི་དྲི་ཐོན་གསུངས་པ་ནད་དྲི་རྩ་ལ་འཁྲིད་བྱེད་ཡིན་པས་མགོ་སྲིན་སོགས་མེད་པ་ལ་དེ་ལྟར་ལེགས། སྲིན་ཤས་ཆེ་བ་ལ་མི་འཕྲོད་འདུག་པས་དེ་ཚབ་ཁ་ཆེ་དཔུས་ལེགས་དྲི་རོ་མ་ཉམས་པ་ཅུང་ཟད་དང་། གཞུང་དུ་མ་གསལ་ཡང་སྣ་ཐ་རབ་རྒྱ་འདུར། དེ་མིན་རང་རེས་འདུར་ཁ་གང་ཞིབ་བྱས་པ་བཅས་སྨན་པའི་མཆིལ་མས་བསྡུས་ཏེ་སྲིན་བལ་གཙང་མའི་ནང་དུ་མདུང་བསྒྲིལ་དུ་དྲིལ། ཕོ་གཡོན། མོ་གཡས་ཀྱི་སྣ་བུག་ཏུ་སྣའི་ནང་རྩེ་སོར་གསུམ་ཙམ་ཡོད་པར་བྱས་ནས་དམ་པར་བཅུག །དེའང་ནུབ་མོ་ཉལ་ཁ་རང་དུ་བཙུག །དེ་རྗེས་གཡེར་མའི་ཐང་ཚ་མོའམ། ཆུ་ཚན་ཕོར་གང་ཙམ་བཏུང་། གོས་དམར་པོས་བྱིབས་ནས་ལུས་ལ་རྡུལ་ཐོན་པ་ཞིག་བྱས་ནས་གཉིད་ལོག་ན་རབ་ཞག་གསུམ། འབྲིང་བདུན། ཐ་ནའང་ཞག་ཉེར་གཅིག་ནས་ན་འོང་། དེའང་ཞག་གསུམ་བར་སྲིན་བལ་མི་ལེན་ནས་བཞག །དེ་ནས་ན་མ་འོང་ན་ལེན་ནས་ཡང་གོང་ལྟར་བཙུག །དེ་ལྟར་ལན་བདུན་བསྐྱར་བས་ཞག་ཉེར་གཅིག་ནང་མ་ན་ན་སྣ་བརྡུག་ཡིན་སྐད་ཀྱང་ཧ་ཅང་ངེས་པ་རང་ནི་མེད། འོན་ཀྱང་ཕལ་ཆེར་བདུན་རེ་གཉིས་ནས་ན་འོང་ངེས་གསུངས། འབྲུམ་ལྐོག་སྐམ་པོ་ཡུན་རིང་ཅན་དྲི་ཡལ་བ་ལས་ནད་མཆེད་ཐབས་མེད། ལར་ན་ཉིན་ད་ལོ་འབྲུམ་


JKT017_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་ཅན་ལ་ཤ་དམར་པོས་དྲིལ་ཕྱིས་བྱས་ནས་ཟ་བ་དང་། ཤ་ཁུ་ནང་འབུམ་ལྐོག་བཏབ་ནས་འཐུང་ན་མྱུར་དུ་ན་འོང་ཟེར་བ་དང་། སྣ་དུད་དང་བསྲེས་ནས་འཐེན་པ་དང་། འབྲུམ་པ་ལྡི་མོའི་འབུམ་ལྐོག་བླངས་ནས་ན་བཅུག་ན་བྱམས་འདུག་ཟེར་བ་དང་། མི་རྒན་པོའི་རིགས་ལ་བྱམས་འདུག་ཟེར་བ་སོགས་སྔར་གོ་མ་མྱོང་བ་མང་པོ་བཤད་རྒྱུ་འདུག་པས་རྒྱུ་མཚན་ཡོད་མེད་མ་ངེས་རུང་། དེང་སང་དུས་ཚོད་མི་མཆོག་དམན་ཐམས་ཅད་སྤྱོད་པ་གོ་ལོག་པས། ནད་ཀྱང་གོ་ལོག་པ་ཡིན་ཤས་ཆེ་བས་ཟེར་ཚོད་མ་ཐེངས། གང་ལྟར་ཡང་སྔ་མའི་གཙུག་ལུགས་ནི་གོང་གསལ་སོར་བཞག་ཡིན། རྒྱ་སྨན་རྩ་འོ་ཀོ་ཞེས་པ་ཀ་ཀོ་ལ་ཆུང་ངུ་འདྲ་ཞིག་དང་། གསིག་ཡིན་ཟེར་བ་དེ་ལས་ཆུང་ཙམ་གཉིས་མཐོང་ཡང་འདི་ཕྱོགས་ནི་གཏན་ནས་ལོན་ཁུངས་མེད། དེའང་གསར་པ་ཡོད་ན་མ་གཏོགས་སྨན་སྒོག་རྙིང་པས་ནི་ཕན་གནོད་ཅིའང་ག་ལ་ཡོད་པས། དེས་ན་གོང་གསལ་བོད་ཀྱི་གཙུག་ལུགས་འདི་ཁོ་ནས་འཐུས་གསུང་། དེ་ནས་བཅོས་ནི་ཡིག་ཆ་གཉིས་གུང་བསྒྲིགས་པས་ཁྱབ། །།དེའང་གཞུང་དུ་མི་གསལ་ཡང་ཐོག་མར་སྡུད་ཐང་འབྲས་གསུམ་ཐང་རྐྱང་པའམ། ནོར་བདུན་གང་རིགས་ཞག་གཉིས་གསུམ་བསྟེན་ཅིང་རྔུལ་དབྱུང་། སྐྱ་ནད་ཕོག་ནས་ཅུང་ཟད་མཚམས་སྤུ་སྒོ་དབྱེ་


JKT017_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐང་བཏང་། ད་ལོའི་འབྲུམ་དཀར་འདི་མིག་དང་གྲེ་བར་སྐྱོན་བྱས་སྐད་མི་འདུག་རུང་། གལ་སྲིད་མིག་དང་གྲེ་བར་བྱུང་ན་ཅུང་ཉེན་ཆེ་བས་སྲུང་བ་ལྷན་ཐབས་ནང་ལྟར་གྱིས་ཐུབ་ངེས་ཡིན་། གསུངས། ནད་རྒྱས་ནས་གཉེན་པོའི་སྨན་རྡོ་རྩིའི་སྦྱོར་བ་སོགས་གཞུང་དུ་གསལ་བ་ལྟར་དང་། ནད་གཞི་གཞན་ཡོད་མཁན་ཡིན་ན་དེ་དཀྲུགས་བྱུང་ཚེ་རང་རང་གི་སྨན་གཉན་ཚད་ལ་མི་གནོད་པའི་རིགས་དང་རྡོ་རྩིའི་སྦྱོར་བ་སོགས་ལྟག་པ་སྤྲད། གཉན་ཚད་ཤས་ཆེ་ན་སྤུ་ནག་ཉེར་དགུ་དང་། ཆུང་ན་འབྲི་ལུགས་སྨན་ནག་ཆེན་མོའང་འཕྲོད་པར་སྣང་། སྣ་ཚོགས་ཡུམ་དཀར་མོའི་བུམ་བསྒྲུབ་ཚད་ལྡན་བྱས་པའི་བུམ་ཆུ་སྨན་ཆུ་དང་། བཟའ་བཏུང་ལ་བྲན་ནས་བཏང་ན་ཤིན་ཏུ་བྱམས་པར་འོང་ངེས་ཟེར། རྣག་ཏུ་སྨིན་ནས་སྐམ་དཀའ་ན་སྤོས་དཀར་གྱི་དུད་པས་རུམ་ནང་དུ་ཁྱབ་པར་བདུགས་ནས་མགོ་བསྟུམ་ཉལ་ན་སྐམ་སླ། ལུས་ལ་འདྲའང་། གདོང་པའི་འབྲུམ་ལྐོག་རང་གོག་ཏུ་མ་བྱུང་བར་བཀོག་པ་དང་། སྣུམ་བྱུགས་པ་སོགས་བྱས་ན་འབྲུམ་རྗེས་དང་སྨུག་ཐིག་སྡོད་འོང་པས་འཛེམ་པ་དང་། རང་གོག་ཏུ་ཡལ་རྗེས་རང་གི་དྲི་ཆུ་ཚ་མོས་དཀྲུས་ན་འབྲུམ་རྗེས་མི་འོང་ཞིང་། ཁྱད་པར་ལན་ཚ་ནད་དྲག་རྗེས་ཀྱང་ཟླ་བ་གཉིས་གསུམ་སྤང་ཐུབ་ན་འབྲུམ་རྗེས་གཏན་ནས་མི་འབྱུང་བར་


JKT017_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། བོད་པའི་ཨེ་མཆིས། འབྲུམ་དཀར་ཡང་བའི་རིགས་ལ་སྨན་གཏན་ནས་མ་བཏང་ཡང་ཆོག །གཏོང་ན་སྨན་འཇམ་པོ་ཉིན་རེ་ལན་རེ་ཙམ་ལས། རྩུབ་པོ་དང་མང་པོ་མི་གཏོང་། །གཏོང་ན་ནད་གཞི་གཞན་ཡང་དཀྲུགས་ནས་ནད་ཡུན་རིང་འོང་ཟེར་བ་ཕལ་ཆེར་བདེན་པ་འདྲ། རང་ལུགས་སྨན་འོས་མཚམས་བསྟེན་སྲོལ་ཡིན་གསུངས། ནད་དྲགས་ནས་ཁ་གཏོང་རྒྱུ་འདི་སྔ་ཕྱི་ཚོད་ཟིན་ངེས་གལ་ཆེ་བ་མ་གཏོགས། སྔ་ན་ཚ་རོ་འཕར། ཕྱི་ན་རླུང་ཁ་ལྡང་ནས་ནད་གཞི་གཞན་དཀྲུགས་ཉེན་ཆེ་བས་ལྷ་རྗེས་ཞིབ་དཔྱད་ངོས། ཐོག་མར་ཆང་ལམ་སོང་བཟང་པོ་དཀར་ཡོལ་གང་ལ་ཆུ་དཀར་ཡོལ་གང་བསྲེ་ནས་དཀར་ཡོལ་གང་དུ་མ་འཐག་པར་བསྐོལ་ནས་ཚ་མོ་གཏོང་། ལུས་དྲོད་ལ་བསྒོར། དེས་མ་གནོད་ན་ཕྱིར་ནུབ་ནས་རིམ་གྱིས་ཕོར་དོ། ཕོར་གསུམ་ཙམ་གཏོང་། དེ་མཚམས་ལུག་གི་སྦེ་ལོང་སུམ་ཆ། ཕྱེད་ཀ །སྒང་པོའི་ཐང་རིམ་བར་བཏང་ནས་དེ་ནས་ཁ་ཟས་བགས་ཀྱིས་ཀློད་ཅིང་ལུས་ཟུངས་གསོ། ལུས་ཟུངས་སོས་ཕན་ཆུ་ཚན་ཞིག་བརྟེན་ན་ལེགས་པ་བཅས་རང་འབྲུམ་པ་མ་ཐར་པས་ལག་ལེན་མ་མྱོང་ཡང་། སློབ་དཔོན་གྱི་ཞལ་ཁྲིད་བློར་མ་བརྗེད་པ་རགས་རིམ་བྲིས་པ་དགེ་ཞིང་བཀྲ་ཤིས། ༈ །ཁྲག་སྲིན་ཆུ་སེར་གྱི་ཐོར་བའི་རིགས་ལ། ཙནྡན་


JKT017_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། ཞུ་མཁན། ཨ་རུ་ར། ཆི་ལ་བ་རི། བ་ཤ་ཀ་བཅས་ཀྱི་ཁུ་བ་ཁཎྜ་ཞོ་ཙམ་དུ་གདུས་པར། ཆུ་སེར་སྨན་གསུམ་གྱི་ཕྱེ་མ་ཁ་ཚར་བཏབ་ནས་སྤྲུལ་པ་བྱུགས་པས་ཕན། འདི་དང་མི་ལ་བ་རིའི་ཁུ་བ་སྦྱར་ནས་ངོ་གདོང་ལ་བྱུགས། ཞག་རེ་བཞག་ནས་བཀྲུས་བས་ངོ་གདོང་སྲིན་ཐོར་འབྲུམ་ཕྲན་སོགས་ལ་བསྔགས། ༈ །བད་ཁྲག་འཁྲུགས་སོགས་ཀྱིས་གྲེ་བ་འགགས་པར། ཨ་རུ་ར་བུངས་བསྐྱེད་པ་ལ། སོ་ཕག །ཚར་བོང་རྩ་བ་བཅས་གདུས་བའི་ཁུ་གར་ཞོ་ཙམ་ལ། ཤིང་མངར་སྤང་རྒྱན་དཀར་པོ། འུ་སུ། ཙནྡན་དམར་པོ་བཅས་ཀྱི་ཕྱེ་མ་བཏབ་ནས་རིལ་བུར་དྲིལ་བའམ། ཕུར་མ་བྱས་པ་ཁ་ནང་ཡུན་རིང་བཟུང་ནས་ཁུ་བཅད་བསྟེན་པས་ཕན། ༈ །གསོ་བ་རིག་པའི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པ་དང་། མཁས་མཆོག་དཔའ་བོའི་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་འཕགས་ཡུལ་གྱི་གཞུང་ཆེན་མོ་རྣམས་ནི་དེང་སང་འཆད་ཉན་ནུབ་པ་ལྟར་གྱུར་ནའང་། བློ་གྲོས་དང་བརྩོན་པར་ལྡན་པ་རྣམས་ཀྱིས་རང་སྟོབས་ལ་བརྟེན་ནས་ཤེས་རབ་ཀྱི་མིག་བསྒྲུབ་པར་བྱ་བའི་འོས་ཡིན་ལ། ཁྱད་པར་སྤྲུལ་པའི་སྐྱེས་མཆོག་མ་ཧཱ་གུ་ཎའི་གཞུང་གདམས་རྒྱ་མཚོའི་སྙིང་པོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་དེང་དུས་ཚེ་རིག་འཛིན་པ་རྣམས་ཀྱི་སྙིང་ནོར་གཅིག་པུར་གྱུར་


JKT017_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཐོག་མར་བླ་སྒྲུབས་སྡུག་བསྔལ་མུན་སེལ་སྐོར་གྱི་དབང་ལུང་སྨིན་པོར་ཉན་ནས། གཟོད་རྒྱུད་འཆད་ཉན་ལ་འཇུག་པ་བྱུང་ན་ཤིན་ཏུ་འབྲེལ་ཆགས། རྒྱུད་འགྲེལ་གྱི་སྐོར་ལ། ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་གཡུ་ཐོག་པའི་གསུངས་ཡིན་ངེས་རྣམས་ནི་རྒྱུད་གཞུང་དང་ཁྱད་མེད་དུ་འཛིན་དགོས་ལ། གཞན་དུ་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ། ཟུར་མཁར་བའི་འགྲེལ་ཆེན་པོད་ཤལ་ཁྲ་མོ་སོགས་ངོ་མཚར་བྱིན་རླབས་དང་ལྡན་པའི་ལེགས་བཤད་རྨད་དུ་བྱུང་བར་གོར་མ་ཆགས་ནའང་དེང་སང་དཔེ་ཙམ་ཡང་རྙེད་པར་དཀའ་བས་དེར་ཟད། དེས་ན་མཁས་དབང་བློ་གྲོས་རྒྱལ་པོའི་རྩ་བཤད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་དང་། མན་རྒྱུད་དང་། ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་དར་མོ་སྨན་རམ་པས་མཛད་པ། སྐྱེམས་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞི་ཀའི་འགྲེལ་པ། ཕྱི་རྒྱུད་སྟག་ལུང་འགྲེལ་ཆེན། འབྲི་གུང་ཆོས་གྲགས་ཀྱི་མཆན་འགྲེལ། སྡེ་སྲིད་རིན་པོ་ཆེས་མཛད་པའི་རྒྱུད་བཞིའི་འགྲེལ་པ་བཻཌཱུར་སྔོན་པོ་སོགས་དང་། ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་གསོ་རིག་གི་ཁོག་ཕུབ་ཆོས་འབྱུང་ཁྱད་འཕགས། ངེས་པར་ཐམས་ཅད་མཁྱེན་པ་དྷརྨ་ཀཱ་རའི་ཞལ་སློབ་བཀྲ་འབུམ་པས་མཛད་པའི་དཀའ་འགྲེལ་


JKT017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དྲུང་འཚོ་བ་གུ་རུ་འཕེལ་གྱི་ཟིན་བྲིས་སོགས་ལ་ལེགས་པར་དཔྱད་ནས་ཚིག་དོན་གྱི་སྒྲོ་འདོགས་ཆོད་ངེས་སུ་བྱས་ནས། མན་ངག་ལག་ལེན་གྱི་སྐོར་ལས། དྭགས་པོ་རིན་པོ་ཆེའི་འཐོར་འབུམ། ཨ་ཙཱརླ་ཕྱག་རྡུམ་གྱིས་འབུམ་ཁྲ་ཚུར། རྡོར་འབུམ་གཏེར་བྱོན་བདུད་རྩི་བུམ་པ། གཡུ་ཐོག་པའི་ཤོག་དྲིལ་སྐོར་གསུམ། བྲང་ཏིའི་པོད་དམར་ར་ཁྲ་དང་། གསེར་བྲེ། དངུལ་བྲེ། བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་༡༢༠་པ། ཟུར་མཁར་དྷརྨ་སྭ་མིའི་བྱེ་བ་རིང་བསྲེལ་གྲངས་ཅན་གྲངས་མེད་ཁ་བསྐངས་དང་བཅས་པ། གོང་སྨན་པའི་མན་ངག་ཆེན་མོ་དགོས་པ་ཀུན་འབྱུང་སོགས་དང་། དེ་ཡི་སྙིང་པོ་ཉམས་ཡིག་བརྒྱ་རྩ། ཕྱག་རྡོར་མགོན་པོའི་གཅེས་བཏུས་འབྲང་རྩེའི་མན་ངག་བེ་བུམ། སྐྱེམས་པ་ཚེ་དབང་གི་མན་ངག་ཕན་བདེ་བརྒྱ་རྩ། སྡེ་སྲིད་རིན་པོ་ཆེའི་མན་ངག་ལྷན་ཐབས་དང་། རང་ཉིད་ཀྱིས་མཛད་པའི་བུ་ཡིག་ཉུང་ངུ་། ངག་དབང་གིས་མཛད་པའི་མཁའ་འགྲོ་གཏད་རྒྱའི་རྒྱ་མདུད་ཞལ་ཤེས་དང་བཅས་པ། ལབ་མདོ་རྒྱུད་རྒྱ་མཚོའི་ལྷན་ཐབས་ཟུར་བརྒྱན་བཅས་དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པའི་བྱེ་བ་རིང་འགྲེལ་ཞལ་ཤེས་བཅས་ཡོད་སྣང་བསྲེལ་བུ་ཡིག །སྨན་རམ་པའི་མན་ངག་བཀའ་རྒྱ་མ། ལྷོ་བྲག་ལྷ་ལུང་མཁན་བོ་ཀརྨ་


JKT017_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་འགྲུབ་ཀྱི་གཅེས་བཏུས་དགོས་པ་ཀུན་འབྱུང་། ཀོང་རོང་སྨན་བླ་དོན་གྲུབ་ཀྱི་རེག་ཟིག་ནེའུ་ལེའི་རྐྱལ་པ་སྤྱི་དང་། བྱེ་བྲག་ཕྱི་རྒྱུད་ལྷན་ཐབས། གཅེས་བཏུས་ཕན་བདེ་འབུམ་ཕྲག །ཁྱད་པར་འབྲི་གུང་པ་ཆོས་ཀྱི་གྲགས་པའི་སློབ་མ་ཚེ་དབང་བརྟན་པ་དང་། དེ་ཡི་སློབ་མ་དཔོན་ཚང་ཡེ་ཤེས་བཅས་ཀྱིས་མཛད་པའི་གཅེས་བཏུས་ཕན་བདེ་སྙིང་པོ་དང་། ཕན་བདེའི་ཆར་རྒྱུན་མ་བུ་ལེ་ལག་དང་བཅས་པ་དཀར་ཆག་ཟུར་གསལ་ལྟར་དང་། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུངས་ཐ་པར་ཡོད། ཐོར་བུ། དེ་ཡི་ཞལ་སློབ་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་མན་ངག་ཐམས་ཅད་ཀྱི་གླེགས་བམ་གཅིག་པུ་སྨན་བསྡུས་ཆེན་མོ་པོད་གཉིས། འབེ་ལོ་ཆེན་ཚེ་དབང་ཀུན་ཁྱབ་དང་། བཀྲ་འབུམ་པའི་གཅེས་བཏུས་བདུད་རྩིའི་བུམ་བཟང་སོགས་ཟིན་བྲིས་སྣ་ཚོགས་བཅས་ལ་དཔྱད་ཅིང་ལག་ལེན་གྱི་མཐིལ་དུ་བྱ། གཞན་ཡང་བི་ཇིའི་རིགས་འཁྲུངས་དེ་ལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་པས་གསོ་རིག་ལ་གསུང་རྩོམ་སྐོར་གླེགས་བམ་གསུམ་བཞིར་ལོངས་པ་ལས་ཉེར་མཁོའི་སྐོར། ནུས་པ་རྐྱང་སེལ་གྱི་རྒྱས་བཤད་ཤེལ་གོང་ཕྲེང་པོད། བཤལ་སྐྱུགས་ཀྱི་ལག་ལེན་ཉི་མའི་སྙིང་པོ། གཏར་གའི་གདམས་པ་ཉེས་འཁྲུགས་དྲུང་འབྱིན། ལུས་གནད་དང་བྱང་ཁོག་ཡུལ་ཐིག་དགུ་བཅུ་གོ་གསུམ་


JKT017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། མེ་བཙའི་གདམས་པ་ཤེལ་དཀར་མེ་ལོང་། དབྱུགས་བཅོས་དང་། རྔུལ་འབྱིན་གྱི་མན་ངག །དུག་བཅོས་སྐོར། ཉེར་ལྔའི་སྦྱོར་སྡེ་ཤེལ་དཀར་ཕྲེང་བ། བཅུད་ལེན་རྒྱས་བཤད་ཟག་མེད་བདེ་སྟེར། ལག་ལེན་གཅེས་བསྡུས་སོགས་དང་། འབྲུ་ཚེ་ཧཱུཾ་པའི་མན་ངག་དྲན་འཛིན་ལྕགས་ཀྱུ་རྣམས་ལའང་ལེགས་པར་དཔྱད། ཡོངས་འཛིན་མཁས་དབང་དྷརྨ་ཀཱིརྟིའི་གསུངས་ལ། དངུལ་ཆུ་བཙོ་བཀྲུ། ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་ནག་ཆེན་མོ་དང་། ཚ་སྦྱོར་བཅས་ཀྱི་དཀར་ཆག །བྱིས་བཅོས་ཀྱི་སྐོར། རྩ་ཆུ་ནད་སྨན་སྤྲོད་ཚུལ་སོགས་ལས་དང་པོ་པ་ལ་མཁོ་བའི་རིགས་ཕྲ་མོ་སྣ་ཚོགས་པ་དང་བཅས་པ་སྟེ། ཇི་སྐད་བཤད་པ་དེ་རྣམས་ཀྱི་དོན་ལ་ཐོས་བསམ་དང་། གོམས་པས་ཉམས་སུ་བླངས་ན་རང་གཞན་གྱི་དོན་གཉིས་འགྲུབ་པར་གདོན་མི་ཟ་བ་ཉིད་དོ། །གཞན་དུ་ན་གངས་ཅན་གྱི་ལྗོངས་ཙམ་དུ་བྱུང་བའི་གསོ་བ་རིག་པའི་གླེགས་བམ་ཁོ་ནའི་གྲངས་ཀྱང་གཞལ་བར་མི་བཟོད་ན། དེ་རྣམས་ཀྱི་མན་ངག་དང་། ལག་ལེན་གྱི་ངེས་པ་ནི་འཆི་མེད་ལམ་གྱི་སྤུན་ཟླར་སོང་བས་ཡེ་ཤེས་གཟིགས་པ་ཁོ་ནའི་སྤྱོད་ཡུལ་དུ་རྟོགས་སོ། །ཞེས་པའང་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།། །།


previousསི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ།next