Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ།
   
   
   
   


 
previousའདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ།next

འདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ།


JKT017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༈ འདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ་བཞུགས། ནད་ཀུན་སེལ་བའི་ཨ་རུ་ར། །ཁོང་ནད་ཀུན་སེལ་ཅོང་ཞི་དང་། །དོན་སྣོད་ནད་སེལ་བྲག་ཞུན་གསུམ། །ཞིབ་བཏགས་སེ་འབྲུའི་ཁུ་བས་


JKT017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྦོལ། རིན་ཆེན་ལྕགས་ཀྱི་སྣོད་བཟང་པོར། །ཞག་གཅིག་གཉིས་གསུམ་དྲོད་བསྟུན་བསྙལ། །དེ་ཉིད་གཞིར་བྱས་ཡན་ལག་སྨན། །བ་༤རུ་སྐྱུ་རུ་༥བཟང་པོ་༡༡དྲུག །ཙནྡན་༡༢ཨ་གར་༡༣གིའུ་༡༤ཝཾ། །མ་༡༥ནུ་རུ་རྟ་༡༦པྲི་ཡཾ་ཀུ༡༧། །བོང་དཀར་༡༨ཧོང་ལེན་༡༩བ་ཤ་༢༠ཀ །འུ་༢༡སུ་༢༢ད་ལིས་ཨཏྤལ་༢༣སྔོ། །ཤིང་༢༤ ཚྭ་སྒ་༢༥སྐྱ་བྱི་ཏང་༢༦ཀ །གུ་གུལ་དཀར་༢༧ནག་༢༨ཡུང་༢༩བ་སེར། །སེ་འབྲུ་༣༠པི་ལིང་༣༡ཕོ་བ་༣༢རིལ། །གསེར་༣༣་མེ་བོང་དཀར་༣༤ སུམ་ཅུ་ཏིག ༣༥ །དེ་སྟེང་ཤིན་ཏུ་གསོ་དཀའ་ལ། །བཙོ་བཀྲུ་སྦྱངས་པའི་དངུལ་ཆུ་༣༦དང་། །རིན་ཆེན་ལྕགས་༢༧ཀྱི་དྲེག་པ་སྦྱར། །སྐྱུ་རུའི་ཁུ་བས་འདམ་བཏགས་བྱ། །རིལ་བུ་སྲན་རློན་ཙམ་དུ་དྲིལ། །གསུམ་ལྔ་བདུན་སོགས་ནད་སྟོབས་དཔགས། །ཆུ་སྐོལ་ཚ་མོས་ཕུལ་ལ་བཏང་། །སྤྱིར་ནི་བཞི་བརྒྱ་རྩ་བཞིའི་ནད། །ཀུན་ལ་ཕན་པའི་བདུད་རྩི་སྟེ། །ཁྱད་པར་དུག་དང་སྨུག་པོ་རིམས། །སྐྲན་དང་སྐྱ་སྦབ་འོར་དམུ་ཆུ། །ཆུ་སེར་སྲིན་དང་གླང་ཐབས་སོགས། །མདོར་ན་མ་ཞུ་ཁོང་ནད་རིགས། །སེལ་བྱེད་ཟླ་བའི་བདུད་རྩིའོ། །ཞེས་སྣང་། ༈ །དཔའ་བོ་དཀར་སེར་ཡུང་བ་སེར། །གསེར་མདོག་སྐྱེར་ཤུན་སྐྱུ་རུ་ར། །སེ་འབྲུ་པི་ལིང་བ་ཤ་ཀ །རུ་རྟ་སུག་སྨེལ་སེ་རྒོད་བང་ཤུན། །བྱི་ཏང་ལང་ཐང་མ་


JKT017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ། རུ་ཙེ། །ཧ་ཝོ་འོམ་བུ་རེ་ལོ་མ་གཞོན་ནུ། རལ་བ། །བྱི་འབྲས་བུ རུག་ཡུག ཁཎྜ་བྱུང་ན་ལེགས། ཤིང་ཀོ་བྱི་ལ། །ཕག་ཁྲག་ཧོང་ལེན་བོང་ང་དཀར། །བྱེའུ་ལ་ཕུག་རྩ་ལོ་འདྲེས་མ། བཅས་ཉེར་ལྔ། །ཡུངས་རྙིང་ཁུ་གར་ཞོ་ཙམ་གྱིས། །འདམ་འཐགས་རིལ་བུ་སྲན་ཙམ་དྲིལ། །ཚ་དུག་ལས་གྱུར་སྦྱར་དུག་དང་། །ཤ་དུག་ལས་གྱུར་གཡས་གཟེར་འཇོམས། །སྲིན་དུག་ལས་གྱུར་གླང་ཐབས་དང་། །གཉན་དུག་སྲིན་ཕོལ་གཡོན་གཟེར་འཇོམས། །མདོར་ན་རྩི་དུག་གྱུར་པའི་དུག །དངོས་དུག་ཟས་དུག་ཀུན་ལ་མཆོག །ཡུན་རིང་སྟོད་དུ་རྒྱས་པ་ལ། །ཐར་ནུ་བ་ཆུ་ཆང་བསྡུས་པའི། །ཁཎྜ་ཆ་བདུན་སྨན་ཆ་གཉིས། །སྦྱར་བས་དུག་ནད་གཏིང་ཐོན་བྱེད། །གཞི་བྱེས་འགྲོ་འདུག་གང་ལ་ཡང་། །རིལ་བུ་བཅུ་དང་མ་བྲལ་ན། །དུག་གིས་སྲོག་དང་བྲལ་དོག་མེད། །འག་པ་ཆོས་སེང་ཁྱད་ཆོས་ཡིན། །འདིའི་ཕྱག་ལེན་ཞལ་ཤེས་ལ། །དཔའ་བོ་དཀར་སེར་ཡུང་བ་གསུམ་བསྡམས་པའི་ཆ་བཅུ་ལ། འཁོར་སྨན་གཞན་ཆ་རེ་བྱེད། །ཨ་རུ་ར་ཕྱེད་ལྕགས་རྩི་བླངས་པ་དང་། ཕྱེད་དཀྱུས་ལ། གསང་སྨན་རིན་ཆེན་སྙགས་འཁོར་གཅིག་གི་དོད་དང་། །གསེར་ཤ་དེ་མཚུངས་བསྣན། །ཆར་ཉུང་ལོ་དགུ་ལོན་པའི་ཁཎྜའམ། མ་རྙེད་ན་ཡུང་རྙིང་ལོ་དགུ་ལོན་པའི་གར་ཁུས་འདམ་


JKT017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་བྱ། ཤ་དུག་ལ་སྐྱེར་ཤུན་དང་། སྦྱར་དུག་ལ་ཐང་ཆེན་ཉེར་ལྔས་ཕུལ་ཞེས་གསུངས་སོ། ༈ །རྒྱུན་དུ་ཉེར་མཁོའི་སྨན་སྦྱོར་ལ། ཨ་གར་བརྒྱད་པ། ཨ་གར་བཅོ་ལྔ། ཨ་གར་ཉི་ཤུ། ཨ་གར་སོ་ལྔ། འབྲང་རྩེ་ཨར་བརྒྱད། སེམས་ཀྱི་བདེ་སྐྱིད། ཀོ་བྱི་བདུན་པ། ཀོ་བྱི་བཅོ་ལྔ། གེ་སར་ཉེར་ལྔ། ༈ །ཏིག་བརྒྱད་པ། གི་ཝཾ་དགུ་པ། མཁྲིས་ལས་རྣམ་རྒྱལ། མཁྲིས་ཕྱེ་བདུན་པ། བྲག་ཞུན་དགུ་པ། གསེར་མདོག་ལྔ་པ། །པདྨ་འདབ་བརྒྱད། ཙནྡན་བཅོ་བརྒྱད། སྒ་ལོ། ཐང་ཆེན་ཉེར་ལྔ། ༈ །བདུད་རྩི་སུམ་སྦྱོར། ཅོང་ཞི་དགུ་པ། ཅོང་ཞི་དྲུག་པ། ཅོང་ཞི་ཅུར་ནིས། ཞི་བྱེད་དྲུག་པ། སྙོམས་ལྡན། རུ་རྟ་དྲུག་པ། གཡུ་རིལ་བཅུ་གསུམ། དཔའ་བོ་ཉེར་ལྔ། འཕུལ་ཐལ། སེ་འབྲུ་ཉེར་ལྔ། རིལ་དཀར། སྐྱུ་རུ་ཉེར་ལྔ། ཟླ་ཤེལ། མན་བསིལ། ཀོ་ལ་བཅུ་དགུ་། ༈ །ནོར་བུ་བདུན་ཐང་། གཙོ་བོ་བརྒྱད་པ། སྤྲིན་ཟླ། གཙོ་ཁྱུང་། ཁྱུང་སྔོན་དགུ་པ། སྤང་རྩི་བཅུ་གཉིས། སླེབས་ཆོག །སྨན་ནག །སྤྲུ་ནག་སོ་གཉིས། །བྲག་ཁྱུང་། སྔོ་རིལ། རྟ་ཟི་དམར་པོ། རྒྱལ་བློན་བཅུ་བདུན། རྣམ་རྒྱལ་དགུ་པ། ༈ །ཨ་བྷི་དྲུག་ཐང་། འབོལ་སྨན་བདུན་པ། ད་ལིས་བཅུ་དྲུག །བདེ་བྱེད་འབྲིང་པོ། ཆུ་རྩི་ཉེར་ལྔ། ཀུན་ཕན། གླང་ཆེན། ཆུ་


JKT017_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། ཆུ་འདྲེན། བོང་དཀར། ལྕགས་ཕྱེ། ༈ །སྤོས་རིང་། ལུག་མུར་བདུན་པ། འཁྲུགས་གློ་ཀུན་སེལ། སྤང་རྒྱན་བཅོ་ལྔ། སྤང་རྒྱན་ཉེར་ལྔ། གཙོ་བོ་ཉེར་ལྔ། ག་བུར་ཉེར་ལྔ། ཙནྡན་བཅོ་ལྔ། ཅུ་གང་བཅོ་ལྔ། བློན་པོ་སུམ་སྦྱོར། གུར་གུམ་བཅུ་གསུམ། གུར་གུམ་མཆོག་བདུན། ཀོ་ལ་བཅུ་དགུ། ཨ་རུ་བཅུ་པ། ཨ་རུ་བཅོ་བརྒྱད། ཨ་རུ་ཉེར་གཉིས། གོ་ཡུ་དགུ་སྦྱོང་། སར་ཁྱུང་། ཉི་ཟླ་གྱེན་བཟློག །ཉི་དཀྱིལ། རྩ་ཐག་བཅུ་དྲུག །སྤྱི་འཇོམས། ཕན་པ་ཀུན་ལྡན། ༈ །བེ་ཁྲག་ཉེར་ལྔ། །སེ་འབྲུ་བཅུ་པ། རྡོ་ཐལ་ཉེར་ལྔ། ༈ །མགོ་ཐང་བཅུ་གསུམ། གསེར་མདོག་བཅུ་གཅིག །རྩ་རྩི་རྡོ་སྦྱོར། རྣ་སྲིན་སྨན། ཚངས་པ་དབུ་སེལ། སྲིན་བདུག །གུར་ཁྱུང་། ༈ །ཁྱུང་ལྔ། སྤོས་དཀར་བཅུ་པ། སྤོས་ཁྱུང་། བོང་ཁྲག་ཉེར་ལྔ། །སེང་ལྡེང་ཉེར་ལྔ། ཆོས་ཉིད་དགུ་པ། གསེར་ཐང་བཅོ་བརྒྱད། གླང་ཆེན་བཅོ་བརྒྱད། ཀླུ་བདུད་བཅོ་བརྒྱད། བསམ་འཕེལ། ད་ལིས་བཅོ་བརྒྱད། ༈ །ར་ལྕེ་བཅུ་གསུམ། སྟར་བུ་བཅུ་དགུ། རྒྱ་རུ་བཅུ་བཞི། སྨྱུག་རྩི་བདུན་པ། རིན་ཆེན་ཕ་ལམ། སེར་མེ་དགུ་པ། འདབས་ཆགས་བཞི་སྦྱོར། ༈ །རྨ་སྨན། མགོ་སྨན་གསུམ་པ། རྩ་དཀར་བྱུགས་པ། འགྱུར་བྱུགས། སྟག་སེང་།


JKT017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འབམ་འབྱར། རེག་སྨན། བེར་བྱུགས། གཉན་འབྱར། རླུང་བྱུགས། གདོན་བདུག་ཉེར་ལྔ། །གདོན་བྱུགས་ཉེར་ལྔ། རྫས་སྲུང་ཉེར་ལྔ། རྟ་དུག་སྨན། ༈ །ཨོ་ཨ་ཐཱ། འདིར་ཉེར་མཁོའི་ སྨན་བཏུ་དགོས་རིགས་ལ། ཟླ་བ་གསུམ་པ་ནང་། བདུད་རྩི་ལོ་མ་བྱ་མ་གྲགས་གོང་བཏུས་པ། ཁམ་བུའི་མེ་ཏོག །ཆུ་སྨན་སྐོར་ལ། པུལླ་ཨཱ་ལཀྟ། ནཱི་ལའི་མདོག་ཅན་གཉིས་བྱ་མ་གྲགས་གོང་། མདངས་མེད། པྲི་ཡངྐུ། སྒ་ཏིག །ལྷ་ལུང་པའི་ཆབ་འདྲེན་བྱེ་རུའི་ཕྲེང་ལྡན་རྣམས་ཉི་མ་མ་ལྡོག །གཞན་ཡང་། རྟག་ངུ་། སྲད་དཀར། ཆུ་མ་རྩི། སྔོ་སྤྱི་ཞུར། རྐྱལ་པ་ཚུ་ཐུབ་སོགས། ༈ །ཟླ་བ་བཞི་པའི་ནང་སྐོར། སེ་རྒོད་བར་ཤུན། སྐྱེར་ཤུན། ཀཎྜ་ཀཱ་རི། ད་ལིས། འོམ་བུའི་ལོ་མ་སོགས། ༈ །ཟླ་བ་ལྔ་པའི་ནང་། རིམས་དེ་བ། དུག་ཉུང་ལོ་མ། འཛིམ། འཛིམ་པ། བ་ཤ་ཀ །པྲི་ཡང་། པརྦ་ཏ། སྙ་ལོ། རྐྱང་ཤོག་འདི་སྐྱུགས་སྨན་ཚེ་ཁ་འབུས་དགོས། འདམ་བུ་ཀར། དབྱི་མོང་། སུར་དཀར། རེ་ལྕགས་མེ་ཏོག །སེ་བའི་མེ་ཏོག །སྟོང་ཟིལ། རྩ་མཁྲིས། འབུ་སུ་ཧང་། ༈ །ཟླ་བ་དྲུག་པའི་ནང་། སྤང་རྩི། ལྕགས་ཏིག །བྱ་རྒོད་སྤོས། སྲོལ་གང་པ། ཨུཏྤལ། བོང་དཀར། གཡའ་ཀྱི། ལུག་རུ་སེར་པོ། སྨུག་པོ། ལྕགས་ཀྱུ། སེར་ཅན།


JKT017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལྕམ། བྲེ་གུ། འཇམ་དབྱངས་རྟག་ངུའི་རྩ་ལོ། ར་དུག་མེ་ཏོག །ཨ་ཀྲོང་། ལུག་མིག །བྱི་ཚེར། མཚེ་སྡུམ། ཟངས་རྩི་པ། ཨ་བི་ཥ། མདེལ་འབྱིན། རྟ་ལྤགས། ཁྲག་གཅོད་སོག་ལེ་ཁ། མཛོ་མོ་ཤིང་། གུར་ཏིག །ཀླུ་བདུད་རྡོ་རྗེ། ཚེར་སྔོན། འབུ་སུ་ཧང་། རྩྭ་ཨ་བ། ཕུར་མོང་ལོ་མ་རྒྱས་དུས་ཁཎྜ། གླང་སྣ་དམར་པོ། ༈ །ཟླ་བ་བདུན་པའི་ནང་། ཧོང་ལེན། ཀྱི་ཀྱེ། སུམ་ཏིག །གཟེར་འཇོམས། འུག་ལག་ནག །མིང་ཅན་རྩྭ་ལོ། ཏང་ཀུན། ཤུག་ཚེར། བྱེའུ་ལ་ཕུག །སྲོ་ལོ་དཀར་པོའི་རྩ་ལོ། སརྫི་ཀ །ཕ་བ་དགོ་དགོ ༈ །ཟླ་བ་བདུན་པའི་མཇུག་ཙམ་ལ། འོལ་མོ་སེ། སྤང་རྒྱན་དཀར་པོ། སྔོན་པོ། ལུག་ཤོ །ནད་མ་སྐྱིད་མ། སྒང་ཐོག་དང་། སྐྱེ་བ། ལྕམ་པ། གོ་སྙོད། ཕང་མ། བྱི་རུག །བྲེ་ག་རྣམས་ཀྱི་འབྲས་བུ། ཚར་བོང་དང་། པ་ཡག་རྩ་ལོ། ཨུག་ཆོས་རྩ་འབྲས། ཐང་ཕྲམ་ནག་པོ། དྲེས་མའི་འབྲས་བུ། དྭ་བའི་རྩ་བ། རེ་རལ་དང་། ཧ་བོའི་རྩ་ལོ། གླ་སྒང་རྩ་ལོ། བོང་ང་དམར་སེར་རྩ་ལོ། ༈ ། ཟླ་བ་བརྒྱད་པའི་མཇུག་དང་དགུ་པའི་མགོ་ལ། ལུག་མུར། ག་དུར། རུ་རྟ། ལྕ་བ། ར་མྱེ། ཉེ་ཤིང་། མྱང་རྩི་སྤྲས། ཁུར་རྩ། ཆུ་རྩ། ལྕུམ་རྩ། ཤོ་རྩ། སྙ་ལོའི་རྩ་བ། ཆུ་མ་རྩི། དབང་


JKT017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལག །བོང་ང་དམར་པོ། སེར་པོ། ནག་པོ། སྤང་སྤོས། སྟར་བུའི་ཁཎྜ། སྲོ་ལོ་དམར་པོ། སྤྲུ་ནག །རེ་ལྕགས། སྤང་རྩི། ཁྲོན་བུ་རྣམས་ཀྱི་རྩ་བ་ཁོ་ན། ༈ །ཟླ་བ་དགུ་པའི་ནང་ཐར་ནུ་མཐོང་བ་སུམ་ལྡན་གྱི་རྩ་བ་གལ་ཆེའོ། ༈ །གཞན་ཡང་བཙལ་དགོས་རིགས་ལ། ཅོང་ཞི། ཅུ་གང་། གོ་ཐལ། བྲག་ཞུན། ཐང་ཁྲག །སྨྱུག་རྩི། ཟེ་ཚྭ། མཚུར་སེར། ནག །རྡོ་རྒྱུས། རྡོ་དྲེགས། ཧ་ཤིག །ཆར་ཉུང་། རྩ་རྨ་བྱ། ཀླུ་སྨན། སྤང་ཚན་དམར་གླུ་པོ། ཆུ་བལ་ཀླུ་སྔོན་པོ། གྲི་ཤ །གྲི་སྙིང་། གྲི་ཁྲག །གྲི་ཚིལ། གྲི་རུས། རི་བོང་སྙིང་། ཝ་གློ། སྤྱང་ལྕེ། སྦྲུལ་ཤ ། རྒོད་དང་གོ་བོའི་གྲེ་བ། སྤྱང་ཀུའི་ཕོ་བ་སོགས་དང་། ལྷ་ལུང་ཁུག་ཏུ་རྩི་སྐྱ་རལ་པ་ཅན། ༈ །འཛིང་དུ། བ་སྤུ། འབྲུག་རུས། མུ་ཟི་སེར། ༈ །ཧོར་པོ་སོགས་སྨད་ཕྱོགས་སུ། མ་ནུ། འུ་སུ། ཡུངས་ཀར། བེ་ཁྲག །འབྲུག་ཤིང་ཀླུ། ཤུན་པ་དང་འབྲས་བུ། གཟེ་མ། འབྲི་ཏ་ས་འཛིན། གཡེར་མ། སྒོག་སྐྱ། སེང་ལྡེང་། སྦྲང་རྩི། ཧ་བོ། རེ་རལ། སྟབ་སེང་། ཡུ་གུ་ཤིང་ཁཎྜ། ༈ །ལྕགས་ངར། མིང་ཅན་ནག་པོ། ལང་ཐང་རྩེ། ཕུར་ནག ༈ །རབ་བརྟན་དུ། གསེར་མེ། ༈ །ཝ་རར་སྒ་ཏིག །གངྒཱ་ཆུང་། ༈ །ལྷོ་ཁོག་ནས། རྒྱམ་བྱེ། སྟག་ཤ །གངས་


JKT017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཕྲམ་སོགས་དང་། མུ་ཟི་ནག་པོ། རྡོ་སྨན་སྦལ་རྒྱབ། མདུང་རྩེ་དཀར་སྨུག །ཁབ་ལེན། རྩོད་ཁྲག །ཕ་ཝང་ལོང་བུ། ༈ །འབྲི་སྤོ་བོ་ནས་ཅོང་ཞི་དམར་པོ། མཚལ་རྡོ། ༈ །རྫ་རྒྱུད་ནས། འབྲོང་སྙིང་། འབྲོང་ཁྲག །རྩི་དམར་རྐང་གཅིག །ཤིང་མངར་ཀྱང་ཟི་ལིང་ནས་འབྱུང་། ༈ །ཆབ་མདོ་ནས། བབ་བླ། ལྡོང་རོས། རྒུན་འབྲུམ། བསེ་ཡབ། སེ་འབྲུ། མེ་ཏོག་ཧ་ལོ། །རམ་སོགས་དང་། སྐག་ཞུན་ཀྱང་ཅུང་ཡོད། ༈ །དར་མདོ་ཧོར་སོགས་ནས། ས་སྐྱ། ཕོ་རིལ། གཤའ་དཀར་ནག །དངུལ་ཆུ། མཚལ། སུ་རུ་པ། དོམ་མཁྲིས། འབྲི་མོག །ཕག་བྲུན། ཕག་ཁྲག །ཕག་ཚིལ་སོགས། ༈ །བྱུགས་པ་རྒྱན་འཁོར་ནང་རྫས་འཛོམས་དཀའ་གྲས། ཁྱི་རྒྱ་བོའི་ཚིལ། བྱ་རྒོད་ཚིལ། དྲི་ཆེན། རྨ་བྱའི་མདངས། རྒྱ་སྤོས། བྲག་སྤོས། གསེར་དངུལ། ཟངས་ལྕགས། གཤའ་མཁར། ཁྲོ། མུ་ཏིག །བྱེ་རུ། མུ་མེན། སྦྱར་ལེན། གཡུ། སྤོས་ཤེལ། དུང་མགྲོན་ཤེལ་སོགས། བདུག་པ་རྒྱན་འཁོར་ནང་། ཉ་མཁྲིས། རྟ་བོན། མཛེ་ཁྲག །པདྨ་རཀྟ། གྲི་ཚིལ། ཁྱི་རྒྱ་བོ་མིག་བཞིའི་སྙིང་སྤུ། རྨོངས་སྤུ། ལྷམ་སྐད། ༈ །འདོགས་པ་རྒྱན་འཁོར་ནང་། སྤྱང་བྲུན། གླ་བ་སྲན་མ། །མཁན་དམར། །


JKT017_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ་ཤེ། འུག་པ་དང་རའི་མིག །བྱ་རྒོད་མིག །ཀེ་ཤངས། ལྕགས་ཟངས་ཕྱེ་མ། ཆབ་རྡོ། དུར་རྡོ། རོ་སོལ། ཐོག་རྡོ། ཐོག་ཤིང་། ཐོག་རུས། གྲི་ལྕགས། སྦྲུལ་དང་སྲེ་མོའི་ལྤགས་པ་བཅས་སོ། ༈ །ཨོཾ་ཨ་ཐཱ། དུག་གསུམ་རྒྱུ་འབྲས་དྲུང་འབྱིན་པ། །དཔལ་ལྡན་བླ་མ་སྨན་པའི་རྒྱལ། །སྙིང་དབུས་ཐིག་ལེར་སྤྱན་དྲངས་ནས། །ཉམས་ཀྱི་ཡིག་ཆུང་སྣ་ཚོགས་འབྲི། །དེ་ཡང་ཚ་བ་ལ། ཐོག་མར་མ་ནུ་བཞི་ཐང་བཏང་། །དེ་རྗེས་རྟ་ཟི་རིལ་བུ་ཚད་དར་ཕུག་ཨེམ་ཆིའི་དྲིས་ལན་ལྟར། ལྡན་ནོར་བུ་བདུན་ཐང་གིས་ཕུལ། རྩ་བདུན་བརྒྱད་ཅམ་དྲག་ཏུ་འཕར་ནས་སྡོད་ན་གཉན་དང་ཆུ་མདོག་ལྗང་གུ་འབྱུང་། བསྡངས་རྟགས་ཡིན་པས། །གཙོ་ཁྱུང་ཁོ་ན་མཆོག་ཏུ་ཟབ། །དེ་རྣམས་ཀྱིས་མ་ཐུབ་ན། སྲོ་མ་རྟ་རིའི་བཤལ་སྨན་རིལ་བུ་དང་པོ་བདུན། བར་དུ་བཞི། ཐ་མ་གསུམ་རེ་གཏོང་བས་ཉི་ཤར་དུས་ཐེབས། བཅད་རན་པ་དང་ཆུ་གྲོགས་དང་། དེ་རྗེས་ཤ་བཙབས་པའི་ཁུ་བ་ཕྲན་བུ་བླུད། ཚ་བའི་རྟགས་འཕར་ན་སྔོན་གྱི་ཚ་སྨན་རིགས་གཏོང་། ཅུང་ཟད་ཚ་རྟགས་ནུབ་ཅིང་ཟ་ཟི་ཆལ་ཆོལ་བྱུང་ན་སོ་ལྔ་བཟི་ཁ་ཡོད་པ་དང་། ཨ་གར་བཅོ་ལྔ་རྣམས་བཏང་། དེ་ནས་རི་ཐང་མཚམས་སུ་བ་འོ་ཕུལ་གང་ལ། ཆུ་ཕུལ་གང་བླུགས་ནས་བསྐོལ་བ་གཏོང་བས་སྔ་མ་ལས། ཚད་རྟགས་ནུབ་ན། རིམ་པར་


JKT017_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྲེ་ལོང་དང་། ཤ་གསར་སོགས་ཆ་ཡིས་བྲིད། རྙོགས་ཚད་ཀྱིས་ཡུན་རིང་དུ་མནར་བ་ལ། སྲོ་མ་རྟ་རིའི་སྦྱངས་དང་། གཉན་ཤས་མེད་ཚེ་ག་བུར་ཉེར་ལྔ་གཏོང་། རིམས་ཚད་ལ་སླེབས་ཆོག་དང་། མཁྲིས་ཚད་ལ་འབྲི་ལུགས་སྨན་ནག་ཆེན་མོ་ཟབ། གཉན་རིགས་ཀུན་ལ། ཐོག་མར་ཕུར་ནག་བཞི་ཐང་དང་། དེ་ནས་སྤྲ་ནག་སོ་གཉིས་ཚད་ལྡན། ཞྭ་ལོག་འཁྲུ་སྐྱུགས་སོགས་ལ་སྔོ་རིལ། འཁྲུགས་སུ་ཤོར་ན་ག་བུར་ཉེར་ལྔ་ཟབ། །དེ་ཡང་ག་བུར་སྲན་ཙམ་ལ། གཙོ་བོར་སྟོང་རི་ཟིལ་པ་ཕོན་ཆེར་གཏོང་བ་ཕྱག་ལེན་ཡིན། ལྷོག་པ་ལ་ཐོག་མར་སྐྱེར་ཤུན་གྱི་ཐང་བཏང་། ཕྱི་ནས་དཀར་གསུམ་བྱུགས། ཁྱུང་ལྔ་ཝ་ཏ་མཉམ་སྦྱོར་དང་། དམར་ཆེན་རྡོ་རྗེ་ཕ་ལམ་གྱིས་གསོད། སྤྱིར་རིམས་ལ་བདུན་ཐང་དང་། སླེབས་ཆོག་གཏོང་བ་ལས། སྤང་རྩི་གཏོང་སྔ་ན་བྱེར་འགྲོ། ༈ སྙིང་རླུང་ལ། གཟེར་ཆེན་འབྲང་རྩེ་ཨར་བརྒྱད་ཀྱིས་ཟུག་གཅོག་པར་བྱེད། རྒྱུན་སྨན་མདེལ་ཐུང་མན་ངག་དང་། སེམས་ཀྱི་བདེ་སྐྱིད་ཚད་ལྡན་གཏོང་། ཟླ་བ་གསུམ་བཞི་ནས་བཙན་དུག་སྨན་ཤེས་རབ་ཅན་ལ་མི་ལེགས། མར་བསྟེན། རིམ་གྱིས་ཇེ་དྭངས་སོང་ན་རྗེས་གཅོད་དྲུག་བདུན་དཀར་ནག་མཚམས་རྣམས་བསྲེགས། འོན་ཀྱང་སྔ་མི་ཉན། རྒྱལ་གདོན་དང་བསྡོངས་ན་ཁྱུང་སྟེང་ཛཱ་ཏི་བསྣན་པ་


JKT017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ནས་གཏོང་བ་ཟབ། གྲི་སྙིང་ཚད་ལྡན་གསང་ནས་སྦྱིན། ༈ །གླང་ཐབས་སྤྱི་ལ་ཕན་གླང་ཐབས་དང་ཁོང་ལྷོག་ནོར་ཉེན་ཆེ་བས། ཁྱུང་ལྔ་གཤོགས་རྫོགས་ཀྱིས་གཟེར་རྩེ་བཅིལ་ན་ཁོང་ལྷོག་ཡིན་རྟགས། ཁོང་ལྷོག་རྩ་གྲིམ། །ཆུ་མདོག་ལྗང་། པ་ཀུན་ལྡན། ཚ་ཤས་ཡོད་ན་ཟླ་ཤེལ་དང་། གྲང་གླང་ལ་གཡུ་དྲིལ་ཟབ། དེས་མ་ཐུབ་ན་མེ་ཉམས་ཀྱི་གསང་ལ་མེ་བྱ། དེས་མ་ཐུབ་ན་ལང་རྩ་ཟེགས་ཙམ་གཏར་བས་ཕན་ངེས། ༈ །མིག་ནད་སྤྱི་ལ་སྐྱེར་ཁཎ། རྣ་ནད་ལ་ཨུག་ཆོས་བཅུ་པ། སྣ་སྲིན་ལ་གླ་རྩི་ལྔ་སྦྱོར་དང་། སི་ཏུའི་སྣ་སྨན་ཉེས་སེལ། མགོ་སྲིན་ལ་ཚངས་པ་དབུ་སེལ་དང་། མན་ངག་གུར་འདིས་ཀླད་སྲིན་ལའང་ཕན་ཆེ། གུམ་བཅུ་གསུམ་རྣམས་ཟབ། སེ་འབྲུ་ཉེར་ལྔའི་སྟེང་རྡོ་ཐལ་བུང་མཉམ་པ་བསྣན་ནས་སྟར་བུས་ཁཎྜས་འདམ་བཏགས་བྱས་པ་ཉིད་ཀྱིས་ཕོ་ནད་ཕལ་ཆེར་ལ་ཟབ། ལྤགས་སྲིན་ལ་སྒྲོན་ཤིང་དང་། །སྤོས་དཀར་དུད་པས་ཕན་ངེས། མིག་གི་ལྤགས་སྲིན་ལ་ཁ་ཤའི་ཚུགས་གིས་ཕན། ༈ །རླུང་ཁྲག་པུས་མོར་འཐབས་པའི་ལྕེ་སྤྱང་མགོ་དང་། གཉན་སྐྲངས་ནོར་སོ་ཆེ་བས། སྐར་ཆུས་རེག་བྱ་ཉམས་པར་བྲན་པས་རླུང་ཡིན་ན་སྐྲངས་འཕྱུར་འོང་། གཉན་ཡིན་ན་གཟེར་ཞི་འགྲོ། །དེ་ནས་རླུང་ལ། ཚྭ་སྒོག་སྐྱ། མར་དཀར། རྩམ་པ་བཅས་ཕྱེ་འབོལ་དུ་བྱས་ནས་དྲིལ་ཕྱིས་དང་འབྱར་ནན་བྱས་པས་


JKT017_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕན། ༈ །མཁྲིས་པ་ཀྵ་ཡ་སྣོད་ལྷུང་ལ། གུར་གུམ་བདུན་མཆོག་པ། ཏིག་བརྒྱད་སྟེང་གཡའ་ཀྱི་བསྣན་པ། གཡའ་ཀྱི་བདུན་པ་རྣམས་ཟབ། ༈ །མཁལ་རྐེད་ཀྱི་ནད་སྤྱི་ལ་གོ་ཡུ་བདེ་བའི་དཔག་བསམ་ཨ་རུ་བཅོ་བརྒྱད། ཨ་རུ་སོ་ལྔ། ཛཱ་དངུལ་རྣམས་ཟབ་པ་ཡིན། ༈ །མཁལ་རྩ་འགྲམ་པ་ལའང་གོང་གི་སྨན་རྣམས་དང་། ཨར་ཁྱུང་གཏོང་། ༈ །མགོ་ཆག་མིན་གྱི་རྟགས་ནི། །སོར་མོ་གསུམ་ཁར་བཅུག་པས་ཚང་མ་སོང་ན་ཆག་མེད་རྟགས། གཅིག་མ་སོང་ན་ཆག་ཡོད་རྟགས་དང་། གཉིས་མ་སོང་ན་ལྤགས་རྒྱ། གསུམ་ཀ་མ་སོང་ན་ཀླད་རྒྱ་ཉམས་རྟགས་ཡིན་པས་ཕྱི་མ་ཕྱི་མ་གསོ་དཀའ། དེ་ཡང་ཕྱི་ནས་རྒྱ་ཆིངས་ཕྱག་ལེན་བཞིན་བྱ། བྱང་བ་མ་གཏོང་བའི་མགོ་སྦྱང་གིས་འབྱར་བྱ། སྡུད་སྒོ་བཞིར་བཙག་བུས་ཆུ་སེར་དྲངས་ནས་དེ་ཡི་སྟེང་དུ་ཚུགས་བྱ། ཁོང་སྨན་བྱ་མོ་ཁུག་པའི་བདུད་རྩི་སུམ་སྦྱོར་དང་། །གཉན་ཁ་ཡོད་ན་དང་པོ་སྟག་སེང་ཁ་སྤྲོད་བཏང་། ཕྱི་ནས་འདེབས་སྨན་ལྡུམ་ཆེན་དགུ་སྦྱོར་ཟབ། རུས་པས་གང་ནས་ཕུག་ཡོད་ན་དེ་སྟེང་འདར་བུ་བཞག །དེས་ཁྲག་དང་ཆུ་སེར་རྣམས་དྲངས་ནས་རྨ་ཁ་གསལ་བ་ན། ལྕགས་ཐུར་གྱིས་རུས་ཟན་བྲུ། དེ་དང་ཁུང་མཚམས་སུ་ཏོལ་བུའི་རུས་པ་ལྟ་བུ་སྤྱད་ལ་བཞག །འདི་སྟེང་ཐིག་སྨན་རྣམས་ཀྱིས་འབྱར་བྱས་ལ་དཀྲི། །


JKT017_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་རྒྱ་ཉམས་ན། སྐྲ་བཞར་ནས་མགོ་སྦྱངས་ལྟར་འབྱར་བྱ། དེ་སྟེང་འབྱོར་ན་གྲོད་པ། མ་བྱུང་ན་རས་སོགས་ཀྱིས་བསྣུམ། རྒྱ་ཆིངས་ནི། སྐྲ་དཀར་ནག་མཚམས་ནས་སོར་བཞི་རེའི་བར་དུ་ཤིང་བུ་མཛུབ་ཕྱེད་གང་རེ་ཙམ་འཁོར་བར་བཞག །སྣལ་མས་དཀྲིས་མཚམས་ནས་ཀྱང་ཤིང་བུ་གཏོང་ཞིང་གྲུ་གུ་ལྟར་དཀྲི། དེ་སྟེང་ཞྭ་མོ་ལྟ་བུས་གཡོགས། འགྲམ་སོས་སྲན་མ་བསྡད་ལོ་དུས་། འབྱོར་རྟགས་ཡིན་པས་རིམ་གྱིས་ཀློད། ལག་པ་སྣལ་མ་དང་དེ་བས་གང་ཡང་ཁྲལ་པོར་དཀྲི་བ་ལས་ཧ་ཀྱང་དམ་མི་ཉན། ཆག་ན་རྨ་སྨན་གྱིས་འབྱར་བྱ། དེ་སྟེང་རི་བོང་མ་རྙེད་ན་བལ་གྱིས་ཀྱང་རུང་། སྤུ། དེ་སྟེང་ཤིང་བྱང་། དེ་ཡང་དཔུང་པ་ཆག་ན་ནང་དུ་རང་གི་མཁྱིད་གང་དང་། ཕྱི་ནས་མཐོ་གང་རེ་ཤིང་བྱང་། སྲབས་ལ་ལྡེམས་པ་དགོས། སྤུ་དང་ཤ་མཚམས་སུ་རྩི་དཀར་འཁོར་མོར་བཞག །རིམ་གྱིས་འབྱོར་པ་ན་རྩི་དཀར་ཕྲི་བས་རང་ཀློད་དུ་འགྲོ། སེན་མོའི་མདོག་དམར་ཤིང་ལག་མགོ་ལ་དྲོད་ཕོག་ན་འབྱར་རྟགས་དང་། དེ་ལས་ལྡོག་ན་མི་འབྱོར། རྟ་ནོར་ཆག་དུས་ཀྱང་རྩི་དཀར་དང་སྤེན་མའི་དེབས་ཀྱིས་སྔར་ལྟར་དཀྲི། །འཛུབ་མོ་ཆགས་ན་ཧོ་ཕུད་ཀྱི་དེབས་གཏོང་ཞིང་དཀྲི། རྒྱ་མ་ལུག་ན་ཆུ་གྲང་དྲོད་ཉག་ཙམ་ཡོད་པས་ཁྲག་ཁུ་བཀྲ། ཚིལ་རྣམས་ཆུ་ཡིས་དོད་བརྒྱབས་ནས་ནང་དུ་བཙུད། གླ་རྩི་


JKT017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོམ་མཁྲིས་བཏབ། ཞིབ་མོ་མིན་ཙམ་དུ་ལེགས་པར་བཙེམ། ཐེར་ཁུག་གི་ཐད་ནས་ལུག་ན་བཅོས་རྒྱུ་མེད། གཞང་ལུག་ན། འཕང་སྟོད། ཁོག་སྟོད་སྨད། མར་ཁུ་ཐོན་ཡག་རེད་པ་དྲོད་ཉམས་ཙམ་ཡོད་པས་བཀྲུ། རས་སྣུམ་ཚོས་བྱས་པས་ནང་དུ་བསྡིགས། ཕྱིང་པ་སྣུམ་ཚོས་དང་ཆུ་སྲིན་སྡེར་མོ་བཏབ་པ་བླུགས་ནས་བརྫང་། རྗེས་གཅོད་མདོ་རོ་གསང་ཆེན་དང་། དཔྱི་མིག་གཉིས་སུ་མེས་བསྲེགས། ཁོང་སྨན་སྦྲུལ་ཞགས་བཅོ་བརྒྱད་དང་བཅུ་གཉིས་རྣམས་ཟབ། མཛུབ་མོ་ཆད་ན་གྲི་རྣོན་པོས་བཅད་ནས་མར་ཁུ་བླུགས། དེབས་བྱ། སྲིན་བུ་བུད་སླ་ཐབས་ནི། གཟེར་སར་བུ་རམ་བྱུགས། མཐའ་བསྐོར་དུ་འབྱར་སྣ་ཚོགས་བྱ། རྨ་ཁུང་དུ་མུ་ཟི་ནག་པོ་བཏབ། མིག་ལྤགས་ལ་འཛེར་པ་ཚབ་ཆེན་བྱུང་ན། རྒྱས་ཚར་ནས་སྟོང་སྐུད་ཀྱིས་དམ་པར་བསྡམ། དུར་མི་ཤོར་བར་བྱ། བར་སྐབས་རྩ་བ་ཕྲ་མོར་སོང་བའི་ཚེ་གྲི་རྣོན་པོས་བཅད། རྨ་ཁ་ཟངས་ཏེལ་གྱིས་སྲུངས། དཔུང་པ་བུད་ན་མི་གཅིག་གིས་རྒྱབ་ནས་དམ་པར་བཟུང་། ལྷ་རྗེ་རང་གིས་འཐེན་པས་ཐེམ་སྒྲ་གྲགས་ན་ཚུད་རྟགས་ཡིན་པས་མགུལ་དུ་བཅིངས་ལ་སྤྱོད་ལམ་གཟབ། ལག་པ་བུད་ན་ས་ཁད་སྙོམས་པ་ཞིག་གི་སྟེང་དུ་དྲང་པོར་བཞག་ནས་རྐང་པས་བརྫིས་ན་ཚུད་ཡོད། རྐང་ཚིག་བུད་ན་གར་བུད་


JKT017_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ནས་སྔ་མ་ལྟར་ཚུར་བསྲངས་ལ་བཙུད། པུས་མོ་བུད་ནའང་བཙུད་ཐབས་སྔར་ལྟར་དང་། རྗེས་གཅོད་རྔབས་རུ་ཆུ་ལུམ་སོགས་བྱ། མ་ནེ་བུད་ན་སྣ་ནང་དུ་དུད་རྒན་བཏབས་པས་སྦྲིད་པ་བྱུང་ན་ཚུད་ངེས་སོ། ༈ །ཁམས་ཟག་ལ། ཚ་འཛག་སཱ་རའི་བྱ་ཁྱུང་དོམ་མཁྲིས་ཁ་ཆེ་ཧ་ལོ་བསྐྱེད་པའམ། རྡོ་རྗེ་ཁྱུང་དམར་ཟབ། གྲང་འཛག་ལ་རི་མིག་དགུ་པ་ཧ་ལོའི་ཐང་གིས་ཕུལ། གཉིས་ཀ་ལའང་ཛཱ་དངུལ་ཟབ། ཡང་གྲང་འཛག་ཉི་དཀྱིལ་སྟེང་། ཁ་ཆེ། དོམ་མཁྲིས། གངས་སྦལ་ལམ་སྲམ་གྱི་གཞུག་ཏོ་བསྣན་པས་ཕན། ཆུ་བཙག་རྗེས་སུ་ཆུ་ཁ་ཚ་བ་ལ་སྐྱེར་ཤུན་ལྔ་པ་ཁོ་ན་ཟབ། །།འབྲས་ལ་ཐོག་མར་གཉན་སྨན་གཏོང་ཞིང་གཉན་འབྱར་བྱ། གཉན་ཁ་ཆོག་ནས་འབྲི་གུང་གཅེས་བཏུས་སུ་བཤད་པའི་འབྲས་འདུལ་གྱིས་འབྱར་བྱ། དེས་རྣག་ཏུ་ཁུག་ནས་བརྟོལ་ལུགས་སོགས་སྦ་བ་དང་འདྲ། རུས་འབྲས་ལ་གྲས་བཅོས་བྱ། ༈ །སྐྱ་སྦབ་དང་རྨུ་ཆུའི་བཅོས་འབྲི་གུང་པའི་གསང་བ་སྦུབས་འདྲེན་མ་བུ་ལེ་ལག་དང་བཅས་པ་ལྟར་ཟབ། སྤྱིར་རྨ་ཆུ་ལ་བསྡུ་ན་ཚ་རྐྱེན། གྲང་རྐྱེན་གཉིས་ལས། སྔ་མ་ནི་རྩ་ཆུ་སོགས་ཚ་བ་ལྟར་སྟོན་ཅིང་། རྔམས་པ་ཤིན་ཏུ་རྒོད་པ། ཕྱི་མ་སྐྲངས་པ་སྐྱ་སོབ། རྩ་ཆུ་སོགས་བད་ཀན་སྤྱི་དང་འདྲ་བ་འབྱུང་། གང་ལྟར་ཡང་སྔོན་འགྲོ་ཨ་བྷི་དྲུག་


JKT017_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྒྱུ་རུ་བུང་སྐྱེད་སྲད་དཀར་འཕྲུལ་མེད་གལ་ཆེ། ཚད་ལྡན་ཞག་ཁ་ཡར་བསྟེན། དེ་རྗེས་ཚ་ཆུ་ལ་འབོལ་སྨན་བདུན་པ། སུ་ཁ་ཙ་ཀྲ། བོང་དཀར་བཅུ་པ་སོགས་སྐབས་ཐོབ་གཏོང་ཞིང་། ཅིས་ཀྱང་སེལ་དཀའ་ན་བ་ཆུའི་འཕྲུལ་བཤལ་གཞུང་བཞིན་དུ་སྦྱར་བའི་སྟེང་འབུ་སྐྱོགས་བསྣན་པའམ། ཡང་ན་སུ་ཁ་ཙ་ཀྲ་དང་། འབུ་སྐྱོགས་བདུན་པ་ལྟག་པ་སྤྲད་པའི་བཤལ་བྱ། གྲང་ཆུ་ལ། ཐོག་མར་ད་ལིས་བཅུ་དྲུག་དང་། དེ་ནས་བདེ་བྱེད་ཆུ་བསྒྱུར། གུར་གུམ་ཆུ་བསྒྱུར། དྭངས་མ་ཆུ་འདྲེན་སོགས་བསྔགས། རྗེས་གཅོད་ཚ་གྲང་གང་ལའང་སྐེམས་བྱེད་ཀྱི་བྱུགས་པ་སྐྲངས་ལྷག་སྟེང་བྱུགས་ཅིང་མེ་ཉིར་བསྲོ། དེ་རྗེས་ཆུ་ཚན་ལ་ཞུགས། ཆུ་༡གསང་༡༦་ཁ་༡༨གསུམ་ལ་མེ་བྱ། ཆུ་ལྷག་སྐེམས་བྱེད་ཟངས་ཐལ་ཉེར་ལྔ་སོགས་སྦྱར། སློང་རྐྱེན་གྱི་ཟས་སྤྱོད་སྤྱི་དང་། ཁྱད་པར་བརླན་གྲང་བསེར་བུ་འཇུ་དཀའ། ཆུ་ངན་པ་སོགས་རྟག་ཏུ་སྤོང་། གལ་ཏེ་ཡན་ལག་གི་སྐྲངས་རྣམས་རིམ་གྱིས་བྲི་བའམ། མ་བྲི་ཡང་ཕོ་བ་ལྷག་པར་སྐྲངས་ནས་གནོད་སྦྱིན་ལྟ་བུར་གྱུར་པའི་རིགས་ནི་འཚོ་བར་མ་མཐོང་། བླ་གཉན་ཐོར་བུ་ལ། གློ་བར་བབས་ནས་རྔམས་པ་འདེགས་ཤིང་བཞིན་སྐྱངས། དེ་ལ་ཅུ་གང་ཆུ་བསྒྱུར་རམ། རྒུན་འབྲུམ་བདུན་སྦྱོར་ཤིང་ཚ་བྲིས་ཤིང་སྐྱུ་རུ་ར་བསྐྱེད་པ་དང་ཆུ་སྨན་


JKT017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། སྐྲན་དང་བསྡོངས་པ་ལ་ཐུར་མ་བྱ་བ་ལག་ལེན་ལ་ཤེས། མཆིན་པའི་ཟག་ཆུ་དང་། འབམ་གཞུག་ཆུར་འགྱུར་བའི་རིགས་ལ། གུར་གུམ་ཆུ་བསྒྱུར་དང་། གླང་ཆེན་ཆུ་བསྒྱུར་སོགས་བསྔགས། ཆུ་ནད་བྱེར་ནས་ཡུན་རིང་དུ་མནར་བ་དང་། སྨུག་པོའི་ཟག་ཆུ་སོགས་ལ་ཟླ་ཤེལ་བདུད་རྩི་ཐིགས་པ་ཁོ་ན་བསྔགས་པ་མཐོང་། ཆུ་སེར་དང་བསྡོངས་ནས་སྐྲངས་ཤིན་ཏུ་ཆེ་ཞིང་ཆུ་སེར་བརྡོལ་བ་ལ་གསང་སྨན་ཆིག་བརྒྱུད་གཏོང་བས་ཕན་ཞེས་ཟེར། ར་མོ་ཤེལ་ལུགས་ཀྱི་གསང་སྨན་ངོས་འཛིན་འབྲི་གུང་པའི་མན་ངག་ལས་འབྱུང་བ་རྣམས་སོ་སོའི་དུས་གནད་མ་འཆོལ་བར་བཏུས་ནས་རྨ་ཅུང་ཟད་ཕབ་ལ་གྲིབ་སྐམ་ལེགས་པར་བྱ། སླར་ཕྱོགས་གཅིག་ཏུ་ཁཎྜ་བྱས་པ་ཉིད། སྡུད་ཀ་རྣམས་ལ་བསྡེབས་པ་མན་ངག་སྙིང་ཏིག་མ་ཡིན་ཀྱང་། ལེ་ལོ་ཅན་གྱི་ལྷ་རྗེ་ལ་དེ་འདྲའི་རེ་བ་བྲལ། གཞན་ཡང་སྐྱུ་རུ་རའི་ཁཎྜ་ལེགས་པར་བསྐོལ་བ་ཉིད་ཆུ་ནད་ཐམས་ཅད་ལ་བསྔགས་ཏེ་དེ་ཡང་ཚ་ཆུ་ལ་འབོལ་བདུན་དང་། གྲང་ཆུ་ལ་ཨོཾ་བྷི་དྲུག་ཐང་ཡང་ན་ད་ལིས་བཅུ་དྲུག་མ་ནུ་བཞི་ཐང་གིས་ཕུལ། ཞག་ཁ་ཡར་བསྟེན་རྗེས། དངོས་གཞིར་ཚ་ཆུ་ལ། ཆུ་འབེབས་དཀའ་ན་རྒྱ་སྡིག་གསེར་བྱེ་ལྕམ་བ། གློར་བབ་ལུད་པ་སྐྱ་སོབ། ཅི་རིགས་ལ་རྒུན་འབྲུམ་བདུན་པ་སྔར་བཤད་པ་བསྣན་ཅིང་། ཨོཾ་བྷི་དྲུག་


JKT017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཤིང་མངར་བསྐྱེད་པས་ཕུལ། ཤིན་ཏུ་སྐྲངས་ཆེ་ཞིང་ཆུ་སེར་དང་བསྡོངས་ན་སྒ་ཏིག་ཁཎཱའམ། བ་ཆུའི་ཁཎྜ་བསྣན་ལ་བཏང་། འབམ་གཞུག་ཚ་ཆུར་གྱུར་པ་ལ་གུར་ཏིག་དང་། གྲང་ཆུ་སྤྱི་ལ་ཉི་དགའི་ཐང་གིས་ཕུལ་བ་སོགས་རིག་པའི་འཁྲུལ་འཁོར་བསྐོར་བས་ཆུ་ནད་ཐམས་ཅད་ལ་ཕན་པ་མྱོང་གྲུབ་ཡིན་ཞེས་ཐོས། སྔར་སྨོས་པའི་ཆུ་སྦྱོང་གི་གདམས་པ་ཐུན་མོང་མ་ཡིན་པ་འབུ་སྐྱོགས་བདུན་པ་ནི། འབུ་སྐྱོགས་དུང་འདྲ་བ་ཉེར་གཅིག་དུག་འདོན་ཆང་ལ་གླ་རྩི་བཏབ་པར་བཙོ། སྡིག་སྲིན། ཟངས་དྲེགས། ཆུ་མ་རྩི་སྟེ་མཁའ་འགྲོ་ལ་ཕུག །ལྕམ་འབྲུ་བཞི་ཞོ་ཕྱེད་རེ། ཐར་ནུའི་ཁཎྜ་ཞོ་དོ། བྱང་པ་བར་གཤོགས་ལྡན་པ་བཞི། དུག་འདོན་པར་གཤོག་བླངས་ནས་ཆང་ནང་དྲོད་ཉམས་ཙམ་ཕབ་པ་གཉིས་བཅས། སྨན་སྣ་བདུན་པོ་བ་ཆུ་ཕུལ་གང་ཙམ་གྱི་ཁཎཱས་རིལ་བུར་དྲིལ། ཤ་ལྤགས་སྦོས་ཤིང་ཆུ་སེར་ཤས་ཆེ་ན་སྒ་ཏིག་ཁཎྜ་ཞད་ཙམ་བསྣན་པ་སྟེ་དངོས་གཞིའི་སྨན་སྦྱོར་རོ། །འདི་ཚ་ཤས་ཤིན་ཏུ་ཆེ་དུས་སྲོག་ལ་ཐོབ་ཤ་བྱ་བ་ལས། གྲང་ཆུ་སོགས་ལ་གཏན་ནས་མི་གཏོང་སྣ་སེལ་དུ་ཨོཾ་བྷི་དྲུག་ཐང་ཞག་ཁ་ཡར་བསྟེན། གཟེར་ཆེ་ན་སྤངས་ཚན་གྱིས་བདུགས་པ་བྱ། ཤིན་ཏུ་དྲོ་བར་ཡིབས། ཆུ་མདོག་སྔོན་པོ་བྱུང་ན་བཅད་རན་པ་ཡིན་པས། ཤ་ཚིགས་མ་བཙག་པའི་ཁུ་བ་


JKT017_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར་ཤབ་དོ་ཙམ་བསྟེན། དེ་ནས་ཞག་ཁ་ཡར་སྐོམ་གྱི་རིགས་ཆེར་མི་གཏོང་། གཞན་ཡང་ཞལ་ཤེས་ཀྱི་རིགས་མང་དུ་མཆིས་ཀྱང་འདིར་དེ་ཙམ་མོ། ༈ །འབམ་བཅོས་འབྲི་གུང་པའི་ཚེ་འཛིན་སྲོག་སྐྱོབས་དང་། ཤོག་དྲིལ་ཐེམས་སྤང་མ་ལྟར་ཟབ། དེ་ཡང་དཀར་པོ་ནི། རྩ་དལ་ལ་འཇམ། ཆུ་མདོག་དཀར་ཞིང་སླུ་བ་སངས་པ་སྐྱེན་སྒྱིད་ཁུག་སོགས་སུ་སྐྲངས་པ་སྐྱ་ལ་སོབ་པ། རེག་ན་ཟུག་༧གཟེར་མེད་པ་འབྱུང་། ཁྲ་བོ་ནི། རྩ་བྲེལ་ཉམས་ཡོད་པ། ཆུ་མདོག་དམར་སེར་མཐའ་རྒྱ་ཤལ་ཡོད་པ། ལྦུ་བ་ཅུང་མི་བརྟན་པ་སྟེ། ཕལ་ཆེར་ལ་ནད་རྟགས་འདི་འབྱུང་བ་མང་། རྐང་པ་ཟུག་ཆེ་ཞིང་སྐྲངས་པ་ལ་མེ་ལྕེ་འདྲ་བའི་དམར་ཐིག་འབྱུང་བ། ནག་པོ་ནི། རྩ་ཆུ་སོགས་ཚད་པའི་རྟགས་ཤིན་ཏུ་ཆེ། ཁྱད་པར་ཆུ་ཁྲག་རུལ་འདྲ་ཞིང་ལྦུ་བ་མི་བརྟན། རྐང་པའི་སྐྲངས་ཆེར་མཁྲེགས་ཅིང་ཁ་སྤྲོདོག་སྔོ་དམར་སོགས་འབྱུང་བའོ། །འོན་ཀྱང་ཐེ་ཚོམ་སྐྱེ་ན། དཔའ་སེར་དང་སྒ་སྐྱ་མར་རྙིང་ལ་སྦྱར་ནས་བྱུགས། ཉི་མ་ལ་བསྟན་པས་ཟུག་ཆེ་ན་འབམ་དང་། དེས་ཕན་སྙམས་བྱེད་ན་ཆུ་སེར་དུ་བཟུང་ངོ་། །དེ་ལ་ནད་ཕོག་མ་ཐག་ནས་རོ་སྟོད་གཟེར་བ་དང་། རྐང་པ་བེམ་ཞིང་འབྲུམ་ཕྲན་འོང་། དེ་དུས། སྐྱུ་རུ་ར། ཧོང་ལེན། གཟེར་འཇོམས་གསུམ་གྱི་ཐང་ཡང་ཡང་གཏོང་བའམ། ཐང་


JKT017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཉེར་ལྔ་དང་། བདུན་ཐང་ཚད་ལྡན་ཞག་ཁ་ཡར་བསྟེན། དེ་རྗེས་གླང་ཆེན་བཅོ་བརྒྱད་གི་ཝཾ་བུངས་བསྐྱེད་པ་དང་། སོ་ལྔ་ནས་གཉན་སྨན་བཞི་ཕྲི་ཞིང་། གི་ཝཾ། པྲི་ཡངྐུ། བྲག་ཞུན་གསུམ་ཆ་ཆུང་རེ་བསྣན། ཀོ་བྱི་སྤུ་ལྡན། ནཱ་ག་གེ་སར་འདབས་འཕར་བྱས་པའི་སྙན་བརྒྱུད་ཨ་གར་སོ་ལྔ་དང་། རཏྣ་བརྒྱད་པ་བཅས་རྒྱུན་བསྟེན་དང་། སྐབས་རེར་སྐྱུ་རུ་ཉེར་ལྔ། སྒ་ལོ། མན་ངག་བསིལ་སྦྱོར་སོགས་རིགས་པས་དཔྱད་ལ་གཏོང་། དེ་ནས་སྟོད་ཀྱི་ཟུག་རིམ་པར་ཆོག་ཅིང་། རྐང་པ་ཤིན་ཏུ་གཟེར་བའི་དུས། གནམ་ལྕགས་རིལ་བུ། སྤོས་ཁྱུང་བཅོ་ལྔ། ཀླུ་བདུད་བཅོ་བརྒྱད་སྟེང་དངུལ་ཆུ་ཚ་འདུལ་བསྣན་པ་རྣམས་སྤེལ། དེ་རྗེས་ཞག་དྲུག་བདུན་མཚམས་ཟུག་རིམ་པར་ཆག་ཅིང་། སྒྱིད་ཁུག་གི་རུས་འགུལ་སོགས་ན་ན་འབེབས་རྟགས་ཡིན་པས། ལ་ཕུག་གཏོང་རན་མིན་བརྟག་པ་ནི། ལྕགས་སྣོད་དུ་དྲི་ཆུ་དཀར་ཡོལ་ཕྱེད་པ་ཅན་གཉིས་བཞག །གཅིག་གི་ནང་ལ་ཕུག་གྲི་བཞོག་གཅིག་བཅུག །སྣོད་ནང་དུ་ཆུ་དཀར་ཡོལ་ཕྱེད་ནུབ་ཙམ་བླུགས་ནས་བསྐོལ། གཟོད་བལྟས་པས་ལ་ཕུག་ཅན་དྭངས་ཞད་དང་སྔོ་བ་བྱུང་ན་འཕྲོད་རྟགས་ཡིན། ཡང་ཚབ་ཆུང་རིགས་ལ། ལ་ཕུག་ཆ་གཅིག །ཤ་ཆ་གསུམ་བྱས་པའི་ཐུག་པ་སླ་མོ་ཞིག་གཏོང་བས་མི་འཕྲོད་པ་མ་བྱུང་ན་ཤ་


JKT017_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཕྲི་ཞིང་། ལ་ཕུག་བསྐྱེད་ལ་གཏོང་། གང་ལྟར་ཡང་ལབ་ཁུ་རས་དཀར་གཙང་མར་དྭངས་སྙིགས་བརྗེས་ནས། དྭངས་མའི་ནང་། པྲི་ཡངྐ་སོར་བཞི་ཙམ་དུ་བཏུས་པ་དང་། ཁྲག་སྐྱེམས་གཞོན་ནུ་ཉི་མ་མ་ལྡོག་གོང་བཏུས་པ། གུར་གུམ། རྒྱ་ཚྭ་ཞད་ཙམ་བཅས་བཏབ་ནས་ཁྱེའུ་གསོས་ཀྱི་ཚུལ་དུ་བསྟེན། གནས་གོས་སོགས་ཤིན་ཏུ་དྲོ་བར་བྱ། སྙིགས་མ་ལ། ལྕུམ་རྩ། ཆུ་རྩ། བུལ་ཏོག ། ལྕགས་ཀྱུ། ཀླུ་བདུད་རྣམས་སྦྱར་བ་སྐྲངས་སར་བྱུགས། ཚབ་ཆེན་རིགས་ལ་རྗེས་གཅོད། གུ་གུལ་བཅུ་སྟེང་། ཁྱུང་ལྔ། ཀླུ་བདུད། སྡིག་པ་དཀར་ནག་རྣམས་བསྣན་པའི་རིལ་བུ་གཏོང་། གཞན་ཡང་བླ་གཉན་ཁྲག་རླུང་ལ། ཨ་གར་་སོ་ལྔ་དང་། དྲང་སྲོང་ཨར་བརྒྱད་སོགས་གཏོང་། སྨད་དུ་བབས་ཀྱང་སླར་རོ་སྟོད་ན་བ་སོགས་བྱུང་ན་གསང་སྨན་ཆེན་མོའི་འབྱར་བྱ། རཏྣ་བརྒྱད་པ་དང་། ཀོ་བྱི་ཨ་བྷིའི་ཐང་གིས་ཕུལ་བ་གཏོང་། བད་ཀན་སྨུག་པོ་དང་བསྡོང་པ་ལ། །གི་དགུ་དང་མན་བསིལ་ལྟག་པ་སྤྲད་ཅིང་། སྐབས་རེར་གླང་ཆེན་བཅོ་བརྒྱད་སོགས་བསྟེན། བད་ཁྲག་ཤས་ཆེ་བ་ལ། སྐྱུ་རུ་ཉེར་ལྔ་དང་། སྒ་ལོ་སོགས་སྤེལ། མགོ་གཟེར་ན་དཔའ་དྲུག །ཕོ་མཆིན་མི་བདེ་ན་དྭངས་མ་གནས་འཇོག་སྟེང་རྩ་བ་ལྔ་བསྣན་པ། གློ་ནད་འདྲ་བའི་རིགས་ལ་སྤྲིན་ཟླའི་སྟེང་། སྲོ་


JKT017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དཀར་པོ་དང་། རུ་རྟ་བསྣན་པ་གཏོང་བ་སོགས་རིག་པས་དཔྱད། རྗེས་ན་སོ་རྒས་པ་དང་། རླུང་དང་གྲང་གཞི་ཆེ་བ་ལ་ཆུ་ཚན་སྨན་མར། གཞོན་དར་ལུས་ཟུངས་དང་ལྡན་ཞིང་ཁྲག་མཁྲིས་ཤས་ཆེ་བར་མ་སྔས་པར་ལོང་རྩ་གཏར་བ་སོགས་བྱ་བའོ། ༈ །བད་ཀན་མགུལ་འགགས་ལ། སྤྱིར་དབྱེ་བ་བཅོ་བརྒྱད་ཙམ་བཤད་ཀྱང་། བསྡུ་ན་ཚ་འགགས་གྲང་འགགས་གཉིས་ལས། །ཚ་འགགས་རྩ་ཅུང་ཟད་གྲིམ། ཆུ་མདོག་སེར། ཟུག་ཤིན་ཏུ་ཆེ། གྲང་འགགས་རྩ་སྟོང་ཞིང་ལྷོད། ཆུ་མདོག་སྔོ། ཟུག་གཟེར་ཆུང་། དེ་གཉིས་ཀ་གང་ཡང་། ཐོག་མར་མན་ངག་བསིལ་སྦྱོར་ཚད་ལྡན་ཞག་ཁ་ཡར་བསྟེན། དེ་རྗེས་ཚ་འགགས་ལ། སྤང་རྒྱན་བཅོ་ལྔ། སྤང་རྒྱན་ཉེར་ལྔ། མཁའ་འགྲོ་བཅུ་སྦྱོར་རྒོད་གཡག་ཁྲག་གིས་ཕུལ་བ་རྣམས་ཕན་ཆེ། གྲང་འགགས་ལ་ཉང་ལུགས་རྡོ་ཐལ་ཉེར་བདུན། །གཉིས་ཀ་ལ་བེ་ཁྲག་ཚད་ལྡན་དང་། གོ་གྲེ་བཅུ་བདུན། བད་ཁྲག་ཤས་ཆེ་ན་སྐྱུ་རུ་ཉེར་ལྔ། གུར་གུམ་བཅུ་གསུམ་དང་བདུད་རྩི་སུམ་སྦྱོར་ལྟག་པ་སྤྲད། །ཕོ་ཐོག་ལ་སེ་འབྲུ་དར་གླུ་གདུགས་ཅན་དང་། སེ་འབྲུ་ཉེར་ལྔ་སྨན་བྱིངས་དང་མཉམ་པའི་རྡོ་ཐལ་བསྣན་པ་སྟར་ཁཎ་གྱི་འདམ་བཏགས་བྱས་པ་ལ་བདུད་རྩི་རིལ་དཀར་ཟེར་སྟེ། །དེ་རྣམས་ཤིན་ཏུ་ཟབ། དེ་ནས་སྐབས་ཐོབ་ཀྱི་


JKT017_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཚུལ་ནི། མར་བབས་ནས་ལྷེན་སྣ་དང་ཕོ་ཁར་འདྲིལ་ན་རྡོ་ཐལ་ཉེར་ལྔའམ། ཉེར་བདུན་གྱིས་བཤིག་ལ། ཡར་བབས་ནས་ལྕེ་ལ་འབྲུམ་པ་བྱུང་ན་གྲི་ལྕགས་ཀྱི་ཏེལ་པས་བསྲེགས། རྗེས་གཅོད་ཚ་འགགས་ལ་གསལ་ན་ཐོང་རྩ་དང་། མི་གསལ་ན་རྩེའུ་ཆུང་ཞད་ཙམ་གཏར། གྲང་འགགས་ལ་སྐེ་སྟོང་ལྷན་གསང་ཚིགས་པ་བཞི་རྣམས་བསྲེགས། ཡང་གཉན་ནད་དང་ཚ་ཤས་མེད་པའི་རིགས་ལ་མེ་བཙའ་ཁོ་ནས་བཅོས་ཚུལ་སྙན་བརྒྱུད་མ་ནི། སྤྱིར་མེ་སྔགས་སོགས་སྤང་བའི་ཡུལ་ནད་ཚང་བཞི་དང་། གདབ་པའི་དམིགས་འབྲོས་འཕྲང་དགུ་ཕྱི་ཡི་འབྲོས་འཕྲང་དང་བཅས་པ་རྣམས་སུ་ཡོད་པ་ལ། དང་པོ་ནི། རྐེ་སྟོང་ཅ་ར་ཁུག་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་འོག་མ་༡། དེ་ནས་གྱེན་དུ་སོར་ཕྱེད་བཅལ་བ་ནད་ཚང་༢བར་མ། ཨོལ་མདུད་ཀྱི་མགོ་ནི་ནད་ཚང་ཆེན་༣མོ། དེ་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་གོང་མ་སྟེ། དེ་བཞི་ལ་བསྲེགས་ན་ནད་གཏོར་ཞིང་སྲོག་ལ་རྒོལ་ངེས་པས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །གཉིས་པ་ནི། ནད་ཕོག་ནས་ཟླ་བ་གཅིག་གི་བར་དུ་སྔར་བཤད་པའི་ཞི་བྱེད་རིགས་བསྟེན། དེ་ནས་ཟླ་བ་གཉིས་པ་ལ་མེ་བསྲེགས་ཏེ། གཞན་དུ་སྔ་ན་འཚང་ལ་ཕོག་པས། འཚོ་དཀའ་ཞིང་། ཕྱི་ན་འབྲོས་ཚར་བས་ཕན་མེད། འོན་ཀྱང་ཅུང་ཕྱི་ན།


JKT017_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་སྔོན་མ་མ་ཆོད་ཀྱང་། རྗེས་མ་གང་ཡིན་པ་དེ་དགག་པས་ཨེན་ཙམ་ཕན། ཐོག་མར་རྐེ་སྟོང་ཅ་ར་ཁུག་དང་། ནད་ཚང་འོག་མའི་གཡས་གཡོན་ནས་ཐད་དུ་ཚོན་རེ་བཅལ་བ་སྟེ་གསུམ་ལ་བསྲེགས། དེ་ནས་ཞག་གསུམ་ནང་ནད་ཚང་བར་མའི་གཡས་གཡོན། དེ་ནས་ཞག་གསུམ་ནང་ནད་ཚང་ཆེན་མོའི་གཡས་གཡོན། དེ་ནས་ཞག་གསུམ་ནང་ནད་ཚང་གོང་མའི་གཡས་གཡོན་བཅས་རིམ་བཞིན་དུ་བསྲེགས་པ་ནི་འབྲོས་འཕྲང་དགུ་དགག་པའི་ཐབས་སོ། །དེ་ནས་ཞག་གསུམ་ན་ཕྱི་ཡི་འབྲོས་འཕྲང་ནི། རྐེ་སྟོང་ནས་འཕྲག་མིག་བར་ལིང་ལིང་འཕར་བའི་རྩ་རྩེ་ཡོད་པ་དེ་ཡིན་ལ། དེ་ནས་གཡས་སུ་འབྲོས་པས་མཆིན་ཐོག་དང་། གཡོན་དུ་འབྲོས་པས་ཕོ་ཐོག་འབྱུང་བས་འཕྲག་མིག་ནས་རྐེ་སྟོང་བར་ཚོན་རེ་དང་། ཚོན་ཕྱེད་རེ་སྤེལ་མར་གཅིག་རྗེས་གཅིག་མཐུད་དུ་མེ་བཙའི་ཕྲེང་བ་གདབ། དེ་རྣམས་ཀྱི་བར་བར་དུ་སྔགས་ཟབ་མོ་ལག་བླངས་ཅན་ཆུ་དང་མར་ལ་གདབས་ནས་ནད་ཚང་རྣམས་མ་གཏོགས་པར་བྱུགས། ནད་ཚང་བཞི་པོར་མེ་སྔགས་གང་ཡང་མི་གདབ་པ་གནད་ཤིན་ཏུ་ཆེ། ཤེས་ཤིང་ནུས་ན་འཇམ་དཔལ་ནཱ་ག་རཀཱའམ། །ཁྱུང་ནག་གང་རུང་གི་རྗེས་གནང་ཞུས་ནས་བསྙེན་པ་བསྐྱལ། དེ་ལྟར་སྨན་སྔགས་ཀྱི་སྦྱོར་བས་ནད་ལས་གྲོལ་བའི་རྟགས་སུ། དངོས་སུ་


JKT017_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་སྒོ་ནས་རྣག་ཁྲག་ཆུ་སེར་འབབ་བའམ། རྨི་ལམ་དུ་བྱུང་ཡང་ཕན་ངེས་པ་ལག་བླངས་ཅན་ཨི་ཐི། ༈ །རེག་དུག་གི་ནད་ལ། ཐོག་མར་བརྟག་ཐབས་ནི། རྩ་ཕྲ་ཞིང་གཏིང་ན་བྱིངས་དྲག་དལ་ངེས་མེད་དུ་འཕར་ཞིང་སྐབས་སུ་སྡོད་པ་དང་། ཆུ་མདོག་ལྗང་ལ་ལྦུ་བ་གཡུང་། མར་ནག་ཐིགས་གཅིག་བླུགས་པས་སེར་པོའམ་ཁྲག་མདོག་ཏུ་འགྱུར། ཡང་ན་ལྦུ་བ་འཐོར་འགྲོ། ནད་ཕོག་མ་༧ ཐག་ནས་ཆམ་པ་འདེབས་ཤིང་། ལུས་ལྕི། སྐྱིད་པ་སྒྱུར། མཁལ་རྐེད་གཟེར་ཞིང་ཆུ་སོ་ཟ་བ་སོགས་འབྱུང་། དེ་ལ་བྱང་ལུགས་མིང་ཅན་ནག་པོ་འཁྲུལ་མེད་ཀྱི་ཐང་གཏོང་བས་རང་གི་མངོན་ཚུལ་འབྲུམ་ཐོར་སོགས་འབྱུང་། དེ་ནས་ཐང་ཆེན་ཉེར་ལྔའམ། བྱང་ལུགས་མིང་ཅན་གཅིག་པུའི་ཐང་ལན་ཁ་ཡར་གཏོང་རྗེས། དངོས་གཞིའི་སྨན་སྦྱོར་ནི། དངུལ་ཆུ་རྒོད་པོ། ༡་༠༠ལ་མཚོན་ན། བིག་པན་ཏེ་རྒྱ་མཚུར་དཀར་པོ་འཁྲུལ་མེད། ༠་༤༠མཚལ་རྒོད། ༠༡༠ཟེ་ཚྭ། ༠་༧༠བཅས་ལ། སྨན་ཕྱི་མ་གསུམ་སོ་སོར་ཞིབ་པར་བཏགས། དེ་ནས་སླ་ང་སོགས་ལྕགས་སྣོད་མཐིལ་ཡངས་ལ་བུག་རྡོལ་མེད་པ་ཞིག་གི་ནང་དུ། ཐོག་མར་ཟེ་ཚྭ། དེ་ནས་མཚུར། དེ་ནས་མཚལ་རྣམས་རིམ་པར་བརྡལ་ཏེ་བརྩེགས་ལ་བཞག །དེ་སྟེང་དངུལ་ཆུ་དེ་ཤོག་བུར་ཚོ་བཞི་ལྔ་ཐུམ་པོར་བྱས་ནས་ཕྱོགས་


JKT017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་མི་འདྲིལ་བར་བཅུག །དཀར་ཡོལ་ཆེན་པོ་གས་ཆག་མེད་པ་ཞིག་གི་སྟེང་ནས་སྒྲུབས། བར་མཚམས་ས་སྦྱོར་སྤྱི་ལྟར་རམ། མ་འཛོམ་ན། རྟ་སྦང་། ལན་ཚྭ། ས་ནག་གསུམ་བསྲེས་པའི་འདམ་གྱིས་ལེགས་པར་གཡོགས། དེ་སྟེང་ཞ་ཉེ་དང་རྡོ་སོགས་ཆེ་བས་མནན་ལ་སྐམ། སྐམ་ཐག་ཆོད་ནས་གནས་དབེན་པར་མེ་ཐབ་ཏུ་བཙུག་ལ་བསྲེགས། དེ་ཡང་དང་པོ་མེ་ཆུང་། བར་དུ་ཆེ། ཐ་མར་སླ་ངའི་ཞབས་སྐྱ་བོར་སོང་རན་ཚོས་ཚད་ཡིན་པས་མེ་རིམ་གྱིས་ལྷོད་ལ་གྲང་བཅུག །གྲང་ཐག་ཆོད་ནས་ངང་རིང་གིས་འདགས་པ་བཀོག་སྟེ་ཁ་ཕྱེ་ལ་བལྟས་པས། དཀར་ཡོལ་ཡ་འགེབ་ལ་དམར་པོ་ལི་ཁྲིའམ་མཚལ་མདོག་ལྟ་བུ་ཟུར་ལ་འཇའ་རིས་འཕྲོ་བ་བྱུང་ན་མཆོག་ཏུ་བཟང་། དམར་སེར་དང་ནག་ཐིག་ཨན་ཙམ་བྱུང་ཡང་བཏང་རུང་། ནག་པོ་ནི་གཏན་ནས་མི་གཏོང་། །བར་ལྗང་ཞིང་གཏིང་དཀར་བར་འོང་། དེ་ནས་ཆི་བ་ཁ་རྡོག་ཉེར་ལྔ་ཙམ་ཇ་ནང་དུ་རླངས་ཚོས་བྱས་ལ་རུས་པ་དོར་ནས་རྡོ་གཞོང་དུ་བསྣུར། སླར་ཡང་རླངས་ཚོས་བྱས་པ་ཟན་ལྟ་བུ་དེས་ཡ་ཁེབས་ལ་ཆགས་པའི་དུད་པ་ཁ་དམར་བར་ལྗང་ཡན་བསྡུས་ལ་རིལ་བུ་སྲན་མ་ཆུང་ཤོས་ཙམ་དུ་དྲིལ་ཞིང་རྒྱ་ཤོག་དམར་པོར་བསྙམ། འདི་ལ་ལས་ར་ཁྲག་གིས་དྲིལ་ན་ཕན་ཆེ་ངེས་སུ་བཤད། པར་བུ་སོགས་རླུང་མི་འཆོར་བའི་


JKT017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཟང་པོར་ཚགས་བྱ། མ་འགེབ་ལ་ཆགས་པ་རོ་མ་དེ་ར་ཁྲག་ལ་སྦྱར་ནས་བྱུགས་སྨན་བྱ། ཁའི་མེ་ཏོག་ལ་དངུལ་ཆུ་ཕྲན་བུ་མ་ཚིགས་པ་བྱུང་ཡང་སྐྱོན་ཆེ། གཏིང་དཀར་པོའི་དཀྱིལ་དངུལ་ཆུ་མ་ཚིགས་པ་བྱུང་ན་ཁ་སྔར་ལྟར་རྒྱབ། སྐམ་ཐག་ཆོད་ནས་བསྲེགས་སྐྱོར་བྱེད་པར་གསུངས། ཇི་ལྟར་གཏོང་ཚུལ་གྱི་ཕྱག་ལེན་ནི། ཐོ་རངས་སྔ་བར་རིལ་བུ་གསུམ་རེ་ཇ་ཐང་གར་སླ་སྙོམས་པ་བྱ་སྒང་དོ་ཙམ་ལོང་ལོང་ཁོལ་བས་ཕུལ། དེ་མིན་ཆུ་བསྐོལ་གྱིས་ཕུལ་ཀྱང་རུང་། འཇུ་ཚོད་ལ་སྐྱུགས་གྲབས་བྱེད་ན་སྐྱུགས་ནོན་གང་དྲག་བྱེད། འགྲིམ་སོང་ན་ཕན་ཆེ། འགྲིམ་གྲབས་ཀྱིས་རྒྱུ་མ་གཟེར་ཆེ་ན་ཆང་ཧུབ་དོ་གསུམ་འཐུང་བས་གཟེར་ཆག་འགྲོ་ཞིང་བཤལ་འོང་། མ་གཟེར་ན་ཆང་མི་གཏོང་། སྨན་བཏང་རྗེས་ཞག་གཅིག་ནས་མཚན་མོ་སོ་ཤིང་འཛུག །ཞོགས་དང་ཉིན་མོ་སོགས་ཇ་ཐང་། གོ་ཡུ་ཁྱི་ཝར་བསྐོལ་གྲང་གིས་མཁུར་བཀང་འཆང་། དེས་ཁ་ལ་རྨ་མི་འོང་ཞིང་སོ་རྩ་བརྟན། དེ་བྱས་ཀྱང་རྙིལ་སྐྲངས་ཆེ་ན། གསེར་མདོག །ཁྱི་ཝར། སྟར་བུ་རྣམས་ཕན་ཆེ་བ། བིག་པན་ཨ་རུའི་བཞི་ཆ་། གླ་རྩི་དྲི་ཐོན་བཅས་ཀྱིས་རྒྱུན་དུ་མཁུར་བཀང་བྱེད། ཁ་ནང་རྨ་བྱུང་ན་བིག་པན་ལ་ལྡོང་རོས་མདོག་འགྱུར་བསྲེས་པ་སྐམས་འདེབས་བྱེད། ན་ཚས་མ་བཏུབ་ན་དེ་རྣམས་ཆུ་ལ་སྦྱར་བས་མཁུར་


JKT017_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བྱེད། སྔར་སྨོས་པའི་མ་ཁེབས་ལ་ཆགས་པའི་གཏིང་དཀར་པོ་དེ་སྟེང་། ཁྱི་ཝཾར། གོ་ཡུ་དང་། ཤ་རུ་ནུས་བསྲེགས་སོ་སོར་ཆ་གཉིས། ཐིག་པན་ཆ་གཅིག །གླ་རྩི་དྲི་ཐོན་བཅས་རློན་བྱུགས་སྐམ་འདེབས་གང་དགོས་རིགས་པས་དཔྱད། ཉི་མར་ནན་གྱིས་སྐམ་ན་ཕན་ཆེ། དེ་མིན་ཀྱང་བྱུགས་ཆོག །ཡང་བྱུགས་པ་ལུགས་གཅིག་ལ། གཏིང་དཀར་པོའི་སྟེང་། གོ་ཡུ། སྙིང་ཞོ་ཤ །བ་རུ་ར། ཆིབ་ཁའི་རུས་པ། སྟག་ཤ །ཡུ་གུ་ཤིང་། སྣ་དུད་ཤིང་། གསམ་པ་དཀར་པོ། ལུག་མུར་རྣམས་ནུས་བསྲེགས། དུང་ཧར་བསྲེགས། ནཱི་ལ་ཐོ་ཋ། ཆུ་རྩ། ཡུང་བ། ལུག་མུར་མ་བསྲེགས་པ་བཅས་ཞིབ་ཏུ་བཏགས། ཞོ་ལ་བཏབ་ནས་ཟངས་སྣོད་དུ་སྦྱར་བ་བྱུགས། མིག་ནད་ལ་བསྲེགས་སྨན་གྱི་དུད་པ་སེར་པོ་ཆགས་པ་དང་། ཁ་ཆེ་སྦྱར་བ་བྱུགས་པས་ཕན། གཞན་ཡང་ཁོང་སྨན་ར་ཁྲག་བཅོ་ལྔ་དང་བཅུ་གསུམ་སོགས་སྤེལ། རླུང་ཤས་ཆེ་ན་ཨ་གར་བཅོ་ལྔ་དང་སོ་ལྔ། ཆུ་སེར་ཤས་ཆེ་ཞིང་ཟ་འཕྲུགས་བྱུང་ན་སྤོས་དཀར་བཅུ་པ་དང་། སེ་འབྲུ་བརྒྱད་པ་སོགས་བཏང་། ཟས་སྤྱོད་རྒྱ་ལུགས་ལུག་ཤ་འཛེམ་རྒྱུ་མ་མཛད་ཀྱང་། ཞག་བདུན་ཚྭ་དང་ལུག་ཤ་མ་འདྲེས་པའི་འབྲི་གཡག་གི་ཤ་ཟ་གང་ཐུབ་དང་། ནད་གཞི་ལ་མ་གནོད་ན་ར་ཤ་ཡང་གཏོང་བས་ཕན།


JKT017_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་ཡང་སྨན་ཆུ་བྱས་པས་འཛེམ་མི་དགོས། སྨན་གཏོང་ནས་ཞག་གཉིས་གསུམ་སོང་ནས་ཟུང་ངན་ན་ཞག་གཅིག་གཉིས་སྨན་ངལ་གསོ། །དེ་ནས་ཟུང་བསྟུན་གཏོང་གསར་པ་ལ་སྨན་དངོས་ཐུན་ལྔ་གསུམ། ཕལ་ཆེར་ལ་བདུན་ལས་མང་བ་གཏོང་མི་དགོས་པ་མྱོང་གྲུབ། ཞག་བཅུ་གཉིས་ནས་ཚྭ་ཕྱེད་ཚྭ། ཉེར་གཅིག་ནས་ལུག་ཤ་མ་གཏོགས་པ་འཛེམ་མི་དགོས་པ་ཁྱད་ཆོས། ཟུང་ངན་དོང་ག་མི་བདེ་བའི་རིགས་ལ་ཆང་བག་ཡོད་བཏང་ཆོག །རྗེས་སུ་ལོང་རྩ་དང་རུ་ཐུང་གང་འོས་ལན་གཉིས་ཙམ་གཏར་ཞིང་། ཆུ་ཚན་གྱི་འཕྲོད་བསྟེན་དང་ལུས་ཟུངས་གསོ་བའི་སྨན་མར་སོགས་སྦྱར། དྲག་ཤུལ་གྱི་ལས་དང་། རྟ་ཞོན། ཉིན་གཉིད། ཉལ་པོ་སོགས་སློང་རྐྱེན་རྣམས་ལོ་དུས་སམ་ཟླ་བ་དྲུག་སོགས་ལ་སྤང་བར་བྱའོ། །ཟས་ཁ་ཚ་རུལ་སྐྱུར་དང་། ལ་ཕུག་སོགས་འཛེམ། ཤིང་ཏོག་དང་མངར་རིགས་ཀྱིས་ཀྱང་གནོད། སྨན་བཏང་དུས་ནད་འགོས་སླ་བས་འཛེམ་གལ་ཆེ། སྤྱིར་ནད་འདི་དཔྱིད་ཁམ་བུའི་མེ་ཏོག་རྒྱས་པ་དང་། སྟོན་དུས་བཅས་ལྡང་བའི་དུས་ཚོད་ཡིན་པས་སྤང་བླངས་ཚུལ་བཞིན་དུ་བྱ། གལ་སྲིད་ལས་དབང་གིས་འགོས་ན་ནད་ཕོག་མ་ཐག་མ་གསང་ནས་བཅོས་པས་མྱུར་དུ་འཚོ་བ་ཡིན་ནོ། ༈ །མིག་གི་འགྲིབ་རིགས་ལ་ཐུར་མ་དང་སྨན་དཔྱད་གཞན་ལ་མི་ལྟོས་པར་


JKT017_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཁོ་ནས་བཅོམ་ཚུལ་ནི། སྨིན་མའི་འཇུག་ནས་དབུས་དང་། མགོ་ནས་ཀྱང་དབུས་སུ་མཚོན་གང་གཞལ་བའི་སྨིན་དབུས་དྲང་པོའི་རུས་པའི་གདོང་ནས་གསོ་བྱ་རང་གི་མཛུབ་མོའི་ཚིགས་གསུམ་པ་བཞག་སྟེ་གྱེན་དུ་སློང་བའི་མཛུབ་རྩེ་སླེབས་མཚམས་དང་། སྒྲ་སྦལ་ཅན་རྣམས་ཀྱི་སྨིན་དབུས་ཀྱི་སྐུ་མཚམས་ནས་གྱེན་དུ་ཚོན་གང་གཞལ་བ་དོན་གཅིག་པས། གནས་དེར་མནན་ན་མིག་འབྲས་ལ་ཟུག་རྔུ་འབྱུང་བའི་དམིགས་ཡོད་ས་དང་། ལུག་རིལ་ཙམ་གྱི་སྤྲ་བ་ཤིན་ཏུ་དམ་པའི་མེ་ཚུགས་གཅིག་བཞག་པར་བྱ་སྟེ། གཡས་གཡོན་གཉིས་ཀར་བཞག་གམ་རེ་རེས་ཆོག །གསོ་བྱའི་མིག་ལ་དཔྱད། ཚིགས་པ་དང་པོ་ནས་འཕྲེད་དུ་མཛུབ་གང་དང་། སོག་རྩེ་ཁ་སྤྲོད་ནས་སོག་པའི་ཕྱོགས་སུ་ཚོན་གང་འཇལ་བའི་ཕན་ཚུན་འཕྲད་མཚམས་སམ། ཚིགས་པ་ལྔ་པ་ནས། གཡས་སུ་སོར་བཞི་འཕྲེད་དུ་འཇལ་བའི་མཚམས་ལ་མནན་པས་མིག་ལ་ཟུག་འབྱུང་བ། དེ་གཉིས་གང་རྙེད་དུ་སྤྲ་ཚུགས་ཆེ་བ་རེ་བཞག །གཡོན་པ་ལའང་དེ་དང་མཚུངས་སོ། །འདི་ནི་སྔོན་ནས་ཆེར་མ་འགྲིབས་བ་བསལ་ཐུབ་ལ། འགྲིབས་བཞིན་པ་སླར་མི་འགྲིབས་པའི་གསང་གཅོད་ཞལ་ཤེས་ཁོ་ན་ཡི་གེར་བཀོད་པའོ། ༈ །ཝ་བ་ཤ་ལྷག་གི་རིགས་རྩད་ནས་འདོན་པའི་གདམས་ངག་ནི། བྱུང་ནས་ལོ་གཉིས་


JKT017_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་བཙག་བུས་ལེགས་པར་གཤགས་ནས། ནང་གི་རྣག་ཁྲག་ཆུ་སེར་སོགས་དབྱུང་། ཤ་གདན་དངོས་མ་བསྣད་པ་གལ་ཆེ། དེ་ནས་ཆུ་ཡིས་དག་པར་བཀྲུས་རྗེས་རྨ་སྨན་སྤྱི་དང་ཁྱད་པར་གུར་གུམ་དོམ་མཁྲིས་ཀྱི་ཆུ་ལ་ལན་ཚྭ་བཏབ་པ་བྱུགས། དེ་ནས་དར་སྐུད་ཀྱིས་ཤ་གདན་དང་མཉམ་པར་བཙེམས། ཕྱི་རུ་ཧེལ་གེ་དུམ་བུ་སྦྱིན་གྱིས་སྦྱར། ཞག་བདུན་བརྒྱད་ལ་ཟས་སྤྱོད་གཟབ་པས་མཚོ། ཡང་རྣ་བའི་ནང་གི་ཝ་རྩ་དེ་ཉིད་ཁབ་ཀྱིས་ཕུག་ནས་ཞ་ཉེའི་རྣ་ཆ་བཏགས་པ་དང་། སྨན་སོགས་འབྲི་གུང་གཅེས་བཏུས་ལྟར་ཟབ་གསུངས། ༈ །ཡང་གཅིག་གྲེ་ཐོག་མན་ངག་ལ། རིན་ཆེན་ཟངས་ཀྱི་ཏེལ་པ་ནི། །ཚད་ལྡན་ལག་ལེན་ཞལ་ལས་ཤེས། །སྔགས་ནི། ཨོཾ་ཨ་ཚ་སོད། མེ་ཚ་སོད། མེ་ཤི་སོད། དུབ་ཁ་ཤི་སོད་སྭཱ་ཧཱ། གཡོ་དང་བསྲེགས་དང་བཅད་པ་གསུམ། །དཀར་ནག་ནད་ཀྱི་དབྱེ་བ་ལ། །སྔ་ཕྱི་དུས་ལ་དཔགས་པར་བྱ། ཨྠྀི།


previousའདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ།next