Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༥༣༠ བར།no next

ཤོག་ལྷེབ་ ༥༠༡ ནས་ ༥༣༠ བར།


JKT018_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཞི་ཁྲོ་སྒྲགས་སྒྲུབ་ཀྱི་བཤད་ལུང་དབང་ཁྲིད་ལེ་ཚན། འཇིགས་བྱེད་དཔའ་གཅིག་གི་ཁྲིད། སྨྱུག་ལ་པཎ་ཆེན་ཡིག་སྟེང་ནས་བཀའ་གདམས་ལྷ་བཞི་དང་། ཡོངས་འཛིན་ཡིག་སྟེང་ནས། ཐིག་ལེ་བཅུ་དྲུག་གི་ཁྲིད། སྒྲོལ་དཀར། རིག་བྱེད་མའི་བདག་བྱིན་རླབས། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། དཔལ་ལྡན་རྒྱུད་སྨད་པའི་ལུགས་ཀྱི་རྫོགས་རིམ་ཁྲིད་ཆེན་བརྒྱད་ཅེས། །གསང་འདུས་འཕགས་ལུགས་རིམ་ལྔ། འཇམ་རྡོར་གྱི་ཐིག་ལེ་བཞི། ལཱུ་ཧི་པའི་རྣལ་འབྱོར་ཆེན་མོ། དྲིལ་བུ་རིམ་ལྔ། འཇིགས་བྱེད་རྣལ་འབྱོར་བཞི། འཁོར་ཆེན་བྱིན་རླབས་བཞི་ལྡན། དུས་འཁོར་སྦྱོར་དྲུག །ནཱ་རོ་ཆོས་དྲུག་རྣམས་ཀྱི་ཁྲིད། གཞན་ཡང་རབ་གནས། གཏོར་མ་བརྒྱ་རྩ་སོགས་ཉེར་མཁོའི་ཕྱག་ལེན་དང་དམིགས་ཁྲིད། སྐྱེས་རབས་སོ་བཞི་པ། འདུལ་བ་མདོ་རྩ། མངོན་པ་མཛོད། མངོན་རྟོགས་རྒྱན། དབུ་མ་འཇུག་པ་རྣམས་ཀྱི་བཤད་ལུང་ཁུངས་བཙུན་ངེས་འདྲོངས། བརྒྱད་སྟོང་གི་བཤད་ལུང་། འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོའི་བཤད་ལུང་སོགས་མཐའ་ཀླས་པ་དང་། དབེན་ས་བཀའ་བརྒྱུད་ཀྱི་སྐོར་ལ། བ་སོ་ཆོས་རྒྱན་གྱི་ལྟ་ཁྲིད་ཆེ་ཆུང་༢། བློ་བཟང་དོན་གྲུབ་དང་༡། སངས་རྒྱས་ཡེ་ཤེས་༡ཀྱི་གསུང་ཚང་མའི་ལུང་། འཇམ་དབྱངས་ཆོས་


JKT018_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལ། འཇམ་དབྱངས༥། རྣལ་འབྱོར་མ༡། བདེ་མཆོག་དཀར་པོ། སྒྲོལ་དཀར་རྣམས་ཀྱི་རྗེས་གནང་། ཆོས་རྒྱལ་ཕྱི་ནང་གསང་གསུམ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྗེས་གནང་། དེ་དག་གི་ཡིག་ཆ་མི་འདྲ་བ་གཉིས་ཀྱི་ལུང་། ལྷོ་བྲག་ཕྱག་ཉན་བརྒྱུད། རྡོར་སྐོར་ལ། དོན་དམ་སེམས་བསྐྱེད་ཀྱི་བྱིན་རླབས། ཚེ་དཔག་མེད་ལྷ་དང་༡༩། རྣམ་འཇོམས་ལྷ་དབང་༣༥། ཕྱག་རྡོར་སྐུ་ལྔ༔ རྡོ་རྗེ་གཅེས་ཕྲེང་། བདུད་རྩི་ཐིགས་པ། གཏུམ་པོ་མེ་འབར། དྲག་པོ་སུམ་སྒྲིལ་རྣམས་ཀྱི་རྗེས་གནང་། ལུང་པོད༡། འཇིགས་བྱེད་རྭ་པོད་དང་། དཔལ་པོད་ཀྱི་ལུང་། ཆོས་སྐྱོང་སྐོར་ཟླ|ལ། ཕྱག་དྲུག་པ་བཀའ་ཆེན་བཅུ་གསུམ་དང་། སྙིང་ཞུགས་ཆིག་བརྒྱུད་མ་བཅས་རྗེས་གནང་༡༤། ལུང་པོད༡། རྣམ་སྲས་བཀའ་ཆེན༡༥། ལུང་པོད༢། ལས་གཤིན་ཡང་གསང་ཧ་ལ་ནག་པོའི་༧རྗེས་གནང་། ལུང་སྐོར་པོད་ཆུང་། དམག་ཟོར་མའི་རྗེས་གནང་། ལུང་པོད་ཆུང་། བེཀྱེའི་རྗེས་ལུང་གཞན་ཡང་ཆབ་མདོའི་མི་ཏྲའི་སྤྱན་རས་གཟིགས་ཀྱི་དབང་། ལྷ་དྲུག་གི་རྗེས་གནང་། དེའི་ཁྲིད་དྲུག་སོགས་ལུང་པོད༡། ཀུ་ཅོར་རྟོགས་ལྡན་གྱི་ཁྲིད་བརྒྱ། སྟག་ཕུ་པ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་དག་སྣང་མི་ཏྲ་དང་། སྒྲོལ་མའི་སྐོར་སོགས་ཀྱི་དབང་ལུང་མང་ཙམ་དང་། ལུང་སྲོལ་


JKT018_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་། མ་ཎི་བཀའ་འབུམ། མར་མིའི་རྣམ་མགུར། བླ་མ་ཞང་གི་བཀའ་འབུམ་༤དབང་ལུང་སྟག་ཕུ་པའི་ཡིག་སྟེང་ན་གསེར་ཆོས་བཅུ་གསུམ་སྐོར༡༧། སྟག་ཕུ་གོང་མ་དང་། ཐུའུ་བཀཱན་སོགས་ཀྱི་ཡིག་སྟེང་ནས་རྣལ་འབྱོར་མའི་ཉམས་ཁྲིད། ཇོ་ནང་ཁྲིད་བརྒྱ། ལྕང་ལུང་པཎྜི་ཏ་རྡོ་རྗེ་གྲགས་པའི་ཡིག་སྟེང་ནས་ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་སོགས་ཀྱི་རྒྱུན་ཡང་དར་བར་མཆིས་སོ། །དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་རྟོགས་པ་བརྗོད་པ་རྒྱས་པར་མཁྱེན་འདོད་ན། རྗེ་རིན་པོ་ཆེའི་རྣམ་ཐར་ཕྱི་ནང་གི་ཡིག་ཆ་དུ་མ། ཙོང་ཁ་བརྒྱད་ཅུ་པ་རྩ་འགྲེལ། བྱམས་པས་མཛད་པའི་རྟོགས་བརྗོད་མདུན་ལེགས་མའི་འགྲེལ་པ། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དགའ་ལྡན་ཆོས་འབྱུང་། འོལ་ཁ་མཁར་ནག་ལོ་ཙཱ་བའི་དགའ་ལྡན་ཆོས་འབྱུང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་དགའ་ལྡན་ཆོས་འབྱུང་བཻཌཱུར་སེར་པོ། དཀོན་མཆོག་འཇིགས་མེད་དབང་པོའི་ཆོས་འབྱུང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་བརྒྱུད་ནོར་བུའི་ཕྲེང་བ་པོད་ཆེན་གཉིས། ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེས་མཛད་པའི་གྲྭ་ས་ཆེན་པོ་བཞི་དང་། རྒྱུད་སྟོད་སྨད་ཀྱི་ཆགས་ཚུལ་པད་དཀར་ཕྲེང་བ། ཐུའུ་བཀྭན་རིན་པོ་


JKT018_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུང་དང་འདོད་ཚུལ་སྟོན་པ་ཤེལ་དཀར་མེ་ལོང་གི་དགེ་ལུགས་པའི་སྐབས་སོགས་དང་། གཞན་ཡང་རྒྱལ་བ། པཎ་ཆེན། ལྕང་སྐྱ་རིན་པོ་ཆེ། འཇམ་དབྱངས་བཞད་པ་སོགས་བསྟན་འཛིན་ཆེན་པོ་རྣམས་ཀྱི་སྐུ་ཕྲེང་སོ་སོའི་རྣམ་ཐར་ཤིན་ཏུ་རྒྱས་པ་པོད་དུ་མ་དང་། དགའ་ལྡན་པའི་ཁྲི་རབས་ཕལ་ཆེར་སོ་སོའི་རྣམ་ཐར། དེ་དག་ཕྱོགས་གཅིག་ཏུ་བསྡུས་པ་སོགས་ལས་༄༅། ཤེས་པར་བྱའོ། །དགའ་ལྡན་ཞེས་པའི་སྒྲ་དོན་ནི་གནས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ཏེ་ཤེས་སླ་ཞིང་། དགེ་ལུགས་པ་ཞེས་པའི་དོན་བཞེད་ཚུལ་མི་འདྲ་བ་མང་ཡང་། དོན་ལ་ཆོས་རྗེ་རི་བོ་དགའ་ལྡན་པའི་ལུགས་ཞེས་པ་བསྡུས་པས་དགའ་ལུགས་པར་འགྱུར། དེ་བརྗོད་བདེ་བའི་དབང་དུ་བྱས་ནས། དགེ་ལུགས་པར་བསྒྱུར་བར་མཁས་པ་དག་བཞེད། གཞན་ཡང་འདི་ལ་བཀའ་གདམས་གསར་མ་ཞེས་ཀྱང་བྱ་སྟེ། རྗེ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་སྤྲུལ་པར་ཡོངས་སུ་གྲགས་ཤིང་། མདོ་ཕྱོགས་ཀྱི་ཉམས་ལེན་ལ་དེ་ཉིད་ནས་བརྒྱུད་པའི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པ་ གཙོ་བོར་བཟུང་ནས་བསྟན་པའི་མེ་རོ་གསར་དུ་གསོས་པ་ལྟ་བུ་ཡིན་པའི་ཕྱིར། བཀའ་གདམས་གླེགས་བམ་ལས་ཀྱང་། ཐ་མ་བསྟན་པའི་མེ་རོ་ནི། །གྲགས་པའི་མཚན་གྱིས་གསོ་བར་བྱེད། །ཅེས་


JKT018_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུང་གིས་ཀྱང་གྲུབ་པ་ཡིན་ནོ། །ཡང་། བླ་ཆེན་དགོངས་པ་རབ་གསལ་གྱིས་གླུ་མེས་ཤེས་རབ་ཚུལ་ཁྲིམས་ལ་དབུ་ཞྭ་སེར་པོ་གནང་བར་བརྟེན། སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱི་ཞྭ་སེར་མནབས་པས། རྗེ་རིན་པོ་ཆེས་ཀྱང་འདུལ་བསྟན་ཉམས་པ་གསོ་བའི་རྟེན་འབྲེལ་དུ་ཞྭ་སེར་བཞེས་ཤིང་འཁོར་རྣམས་ལའང་དེ་ལྟར་གནང་བས་ཞྭ་སེར་འཆང་བའི་རིང་ལུགས་ཞེས་ཀྱང་གྲགས་སོ།། ༈ །།གཞན་ཡང་དེ་དག་ཏུ་མ་འདུས་པའི། གྲུབ་མཐའ་ཟུར་པ། ཇོ་ཞལ། པོ་ཤངས། ཞི་གཅོད་སོགས་མང་དུ་མཆིས་པ་ལས། ཇོ་ནང་རྒྱལ་བའི་རི་ཁྲོད་ནི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཞེས་གྲུབ་པའི་ཁྱུ་མཆོག་ཆེན་པོ་དེས་བཏབ། དེ་རྗེས་ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་ནི། སྤྱི་སྟོན་གྲགས་པ་རྒྱལ་མཚན་སོགས་བླ་མ་སུམ་ཅུ་ལྷག་པ་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན། དབུས་གཙང་དུ་གྲྭ་སྐོར་མཛད་པས་ཐམས་ཅད་མཁྱེན་པའི་གྲགས་པས་ཁྱབ། སོ་གཅིག་པར་ཛེ་ནང་དུ་ཕེབས་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་གསན་ཅིང་སྲོག་རྩོལ་མཐར་ཕྱིན། དེ་ནས་གདན་སར་བཞུགས་ཏེ་སྐུ་འབུམ་ཆེན་མོ་བཞེངས། དབུ་མ་གཞན་སྟོང་པའི་ལྟ་བ་ལ་ཐུགས་ངེས་འདྲངས་ཏེ། དེ་


JKT018_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དུ་བཏོན་པའི་ཡིག་ཆ་ངེས་དོན་རྒྱ་མཚོ་དང་། བཀའ་བསྡུ་བཞི་པ་སོགས་མང་དུ་བརྩམས། དེའི་རྒྱུན་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་། ཉ་དབོན་ཀུན་དགའ་དཔལ་སོགས་ཀྱིས་བསྐྱངས། །ཕྱིས་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་ཀྱང་ཕེབས། དེའི་རྣམ་འཕྲུལ་རྗེ་བཙུན་ཏཱ་ར་ནཱ་ཐས་འཕགས་བོད་ཀྱི་མཁས་གྲུབ་དུ་མ་བསྟེན་ནས་མདོ་སྔགས་རྒྱ་མཚོ་ལྟ་བུར་གསན་བསམ་སྒོམ་གསུམ་མཛད་པས་མཁས་ཤིང་ཉམས་མྱོང་དང་ལྡན་པར་གྱུར། གསང་སྔགས་གཙོ་བོར་གྱུར་པའི་བསྟན་བཅོས་ཀྱང་པོད་བཅོ་བརྒྱད་ཐམ་པ་མཛད། རྟག་བརྟན་ཕུན་ཚོགས་གླིང་བཏབ་ཅིང་དར་རྒྱས་ཆེ་བར་བྱུང་ནའང་། བར་སྐབས་སུ་དུས་འགྱུར་གྱི་དབང་གིས། དེང་སང་ཇོ་ནང་དུ་རྟེན་གསུམ་སོགས་མ་ཉམས་ཙམ་ལས་བརྒྱུད་འཛིན་ཆེར་མེད་ལ། ཕུན་ཚོགས་གླིང་ནི་ལྔ་པ་རིན་པོ་ཆེས་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་གྲགས། ཆོས་བརྒྱུད་འགའ་ཞིག་སྔར་སྨོས་པ་ལྟར་བཀའ་འབྲུག་དང་། ཇོ་ནང་ཀུན་མཁྱེན་གྱི་ཡང་སློབ་དྲུང་ཀ་བཞི་པ་རིན་ཆེན་དཔལ་གྱིས་བཏབ་པའི་ཁམས་ཛི་ཐང་འདིར་སྦྱོར་དྲུག་གི་ཉམས་ལེན་གྱི་རྒྱུན་སོགས་མ་ཉམས་པར་ཡོད། དགོན་སོགས་སུ་ཡོད་དོ།། ༈ །།དཔལ་ཞྭ་ལུ་གསེར་ཁང་ཁྲ་མོ་ནི། ཆོས་རྒྱལ་ཁྲི་སྲོང་གི་དུས་ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་སོགས་


JKT018_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱོན་པའི་གདུང་བརྒྱུད་རྣམ་པར་དག་པ་ལས། བསྟན་པ་ཕྱི་དར་གྱི་ཐོག་མར་དབུས་གཙང་གི་མི་བཅུར་གྲགས་པའི་ནང་ཚན་གཙང་པ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་བཏབ་སྟེ། དེ་ཡང་རང་གི་བླ་མ་ལོ་སྟོན་ལ་དགོན་གནས་གར་འདེབས་ཀྱི་ལུང་བསྟན་ཞུས་པས། བླ་མས་ཕྱག་མདའི་ལྟོངས་ཁ་གསེར་གྱིས་བཀང་བ་ཞིག་གནང་བས། ད་ལྟའི་ཆོས་སྡེ་ཆགས་ས་འདིར་མདིལ་རྩེ་ཞྭ་ལུ་གསར་པ་ཞིག་ལ་ཁེལ་འདུག་པས་དེར་དགོན་གནས་བཏབ་པས་འབྲེལ་པ་རྒྱུ་མཚན་དུ་བྱས་ནས་ཞྭ་ལུ་གསེར་སྐོང་དང་། ཕྱིས་ཚོན་རྩི་ཁྲ་བོ་གསོལ་བས་ཞྭ་ལུ་གསེར་ཁང་ཁྲ་མོ་ཞེས་གྲགས། ལྕེ་བཙུན་ཉིད་རྒྱ་གར་དུ་བྱོན་ནས་ཨ་བྷ་ཡ་ལས་སྡོམ་རྒྱུན་གསར་དུ་ཞུས་ཏེ་སྤེལ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤས་རབ་ཏུ་གནས་པའི་མེ་ཏོག་འཐོང་ཞིང་། རི་སྦུགས་སུ་གཟིམས་སྐྱིལ་ཕུབས་ཏེ་ཕྱག་ཚ་བཏབ་པའི་ས་འབུམ་ད་ལྟ་ཡང་བཞུགས། དེ་རྗེས་མགོ་ཡེ་ཤེས་གཡུང་དྲུང་གིས་འདུལ་བ་དང་། པཎྜི་ཏ་འབུམ་ཕྲག་གསུམ་པ་དང། རྔོག་ལོ་ཆེན་པོས་ཕར་ཕྱིན་གྱི་བཤད་གྲྭ་བཙུགས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཡན་ཆད་མཁན་ཐོག་བཅུ་གཅིག་ཙམ་གྱིས་འདུལ་བ་ཨ་བྷ་ཡའི་སྡོམ་རྒྱུན་དང་། ཕར་ཕྱིན་རྔོག་ལུགས་གཙོ་


JKT018_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བཏོན། ཕྱིས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྤྲུལ་པ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་ལྕགས་སྤྲེལ་ལོ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཁྲོ་ཕུ་བུ་སྟོན་རིན་པོ་ཆེ་གདན་སར་སྤྱན་དྲངས། །དེ་ནས་བཟུང་། སྡོམ་རྒྱན་ཁ་ཆེ་པཎ་ཆེན་ལུགས་དང་། མདོ་སྔགས་གཉིས་ཀའི་སྒོ་ནས་གྲུབ་མཐའ་བུ་ལུགས་ཞེས་གངས་ཅན་མཁས་པ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར། དེ་ཡང་མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཀུན་མཁྱེན་འདི་ཉིད་ནི། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ར་ར་ལུང་། དང་པ་བུ་སྟོན། དང་པོར། བློ་ལྡན་གང་ཞིག་རབ་འབྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་པ་ཐེ་ཚོམ་མེད། །ཅེས་རྟེན་བརྟེན་པར་བཅས་པ་ལུང་གིས་གསལ་བར་བསྟན་པ་བཞིན། གཙང་ཤབ་སྨད་སྒོམ་གནས་ཞེས་བྱ་བར་བྲག་སྟོན་རྒྱལ་མཚན་དཔལ་བཟང་གི་སྲས་སུ་ལྕགས་ཕོ་རྟ་ཡི་ལོར་འཁྲུངས། ཆུང་ངུ་ནས་འཇམ་དཔལ་དཔའ་བོས་རྗེས་སུ་བཟུང་། ཁྲོ་ཕུ་སེམས་དཔའ་ཆེན་པོ། རང་གི་མེས་པོ་ཚུལ་ཁྲིམས་བཟང་པོ། མཁན་ཆེན་བཟང་པོ་དཔལ་གྲགས་པ་གཞོན་ནུ། ཐར་ལོ་ཉི་མ་རྒྱལ་མཚན། བླ་མ་དཔལ་ལྡན་འཛིན་དུ་བཀུར། སྙན་གྲགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་པས་རྒྱ་ནག་རྒྱལ་པོ་ཐོ་གོན་ཐེ་མུར་ཁཱ་དང་། རྒྱ་ནག་ཆོས་ཀྱི་


JKT018_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་པུཎྱ་མཱ་ལ་སོགས་པས་ཀྱང་བསྔགས་པའི་སྤྲིངས་ཡིག་གིས་མཆོད། ཞྭ་ལུ་མཐིལ་དུ། དགེ་འདུན་སུམ་སྟོང་བརྒྱད་བརྒྱ་དང་། རི་སྦུགས་སུ་སྡེ་སྣོད་འཛིན་པ་འདག་སྦྱར་ཆུ་བུག་སྒོ་ལ་བཞུགས་པའི་བཤེས་གཉེན་ལྔ་བརྒྱ་ཙམ་རེ་འདུས། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་འཆད་སྤེལ་མཛད། ཕྱིས་རེ་ལྔ་པར་གདན་ས་དངོས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་གཏད་ནས། རྗེ་ཉིད་རི་སྦུག་ཏུ་ཀུན་སྤངས་མཛད་དེ་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ། མདོར་ན་འཁོར་ལོ་གསུམ་གྱི་ཕྱག་རྗེས་རེ་རེ་ནས་བསམས་ཀྱང་འདི་ཁོ་ན་སྐུ་ཚེ་ཧྲིལ་པོར་མཛད་དམ་སྙམ་པ་ཡོད། དམ་པའི་ཆོས་མ་བསྒྱུར་བ་རྣམས་བསྒྱུར། བསྒྱུར་བ་རྣམས་ཞུ་ཆེན་བྱས། ཧོར་ཀོང་བོསབས། འགྲེལ་བཤད་ཀྱིས་བཀྲལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཐམས་ཅད་ཕས་བུ་གཅིག་ལ་སྟེར་བ་ལྟ་བུར་མཛད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ་ལེགས་བཤད་གསུང་རྩོམ་ཀྱང་སྔགས་ཕྱོགས་ལ་པོད་ཆེན་དང་༡༨། མདོ་ཕྱོགས་རིག་གནས་དང་བཅས་པ་ལ་པོད་བཞུགས། མཐར་དོན་ལྔ་པར་དགའ་ལྡན་ཆོས་ཀྱི་འདུན་སར་གཤེགས། དེ་ནས་གདན་སར་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བཞུགས། ཕྲིན་ལས་ཀྱི་རྒྱུན་ནི་གདན་ས་རང་དུ་རྡོ་རྗེ་འཆང་མཁྱེན་


JKT018_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆོས་རྗེ། ལོ་ཆེན་ཆོས་སྐྱོང་བཟང་པོ་མཚུངས་མེད་ཚར་པ་ཆོས་རྗེ་ཡབ་སྲས་སོགས་མཁས་གྲུབ་བསམ་གྱིས་ཁྱབ་པ་ཞིག་བྱོན་པ་དང་། རྗེ་ཉིད་ཀྱི་དངོས་སློབ་མཁས་གྲུབ་ཁྱུང་པོ་ལྷས་པ་དང་། །གོང་གསུམ་པ་ལས་རྒྱལ་བ་བཙོང་ཁ་པ་ཆེན་པོས་གསན་པ་དང་། ཐུགས་སྲས་རིན་པོ་ཆེའི་སློབ་མ་བཀྲ་ཤིས་རིན་ཆེན་ལས་ངོར་ཆེན་རྡོ་རྗེ་འཆང་གིས་གསན་པ་སོགས། ས་དགེ་ཀར་འབྲུག་གི་གྲུབ་མཐའ་ཐམས་ལ་རྗེ་འདི་ལས་བརྒྱུད་པའི་དབང་དང་རྒྱུད་བཤད་མན་ངག་གིས་ཁྱབ་པས་བསམ་དཔྱོད་ཀྱི་ཡུལ་ལས་འདས་ཤིང་། དེང་སང་ཡང་རྒྱུད་སྡེ་བཞིའི་སྨིན་གྲོལ་དང་སྒྲུབ་མཆོད་ཀྱི་སྲོལ་མ་ནུབ་པར་བཞུགས་པའི་ཚུལ་མདོ་ཙམ་བརྗོད་ན། ཐོག་མར་རྣལ་འབྱོར་ཆེན་པོ་བླ་མེད་པའི་རྒྱུད་ལ། ཐབས་དང་། ཤེས་རབ། གཉིས་སུ་མེད་པའི་རྒྱུད་གསུམ་ལས། དང་པོ་གཉིས་སུ་མེད་པའི་རྒྱུད་ལ། ཕྱོགས། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལྷ༦༣༤། ཐུགས་གཙོ་བོར་སྟོན་པའི་དཀྱིལ་འཁོར། དུས་འཁོར་སྡོམ་ཆེན་ལྷ་༧༢། གཉིས་པ་ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་ལ། རིགས་དྲུག་ཆ་མཉམ་དུ་སྟོན་པ་ཧེ་རུ་ཀའི་རིགས། རྣམ་སྣང་གི་རིགས། རྡོ་རྗེ་ཉི་མའི་རིགས། པདྨཀ་ར་དབང་གི་རིགས། རྟ་མཆོག་གི་རིགས། རྡོ་རྗེ་འཆང་གི་རིགས་དང་དྲུག་ལས། །


JKT018_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་དྲུག་བསྡུས་པའི་དཀྱིལ་འཁོར་ལྷ༥༡། གཉིས་པ་ནི། གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་བདེ་མཆོག་འཁོར་ལོ་ལྷ༦༢། །གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་བདེ་མཆོག་ལྷ༦༢། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལ་ལྷ་ལྔ། ལུས་དཀྱིལ་དང་བཅས་པ། སློབ་དཔོན་ལྭ་བ་པའི་ལུགས་ཀྱི་བདེ་མཆོག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་དཀྱིལ་འཁོར་ལྷ༡༣། སློབ་དཔོན་པདྨ་བཛྲ་གྱི་ལུགས་གྱི་འཁོར་ལོ་བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བ་ལྷ༢༠། འཁོར་ལོ་བདེ་མཆོག་འདུས་པ་འཕགས་ལུགས་དང་མཐུན་པར་བཤད་པ་སྡོམ་པ་འབྱུང་བ་ལྷ༡༢། ༡༣གྲུབ་ཆེན་འདི་བརྒྱུད་པདྨའི་རིགས་བདེ་ཆེན་རལ་གཅིག་མའི་དབང་ཀ་ཆད་པས་དེའི་ཚབ་ཏུ་གསར་བཙུགས། ནཱ་རོ་པའི་ལུགས་ཀྱི་མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ་སྟེ་བདེ་མཆོག་གི་སྐོར་དང་། དཔལ་བིར་ཝ་བའི་ལུགས་ཀྱི་ཀྱེ་རྡོར་མན་ངག་ལུགས༩། གྲུབ་ཆེན་ཀུ་ཀུ་རི་པས་ལེགས་པར་བཀྲལ་བའི་རྔོག་དཀྱིལ་བདུན་གྱི་ཡ་གྱལ་མ་ཧཱ་མ་ཡ་ལྷ་ལྔ་རྣམས་སོ། །གཉིས་པ་ནི། གྲུབ་ཆེན་འཕགས་པ་ལྷའི་ལུགས་ཀྱི་དཔལ་རྡོ་རྗེ་གདན་བཞི་ལྷ་མང་། ལྔ་པ་ནི། སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ལྷ་བཅུ་བདུན་མ་ཕྱི་དཀྱིལ་དང་། ལུས་དཀྱིལ་གཉིས་


JKT018_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གསུམ་པ་ཐབས་གཙོ་བོར་སྟོན་པའི་རྒྱུད་ལ། མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྡོ་རྗེ་འཆང་གི་རིགས་དང་དྲུག་ཏུ་གསུངས་པའི་དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་གསང་འདུས་མི་བསྐྱོད་པ་ལྷ ༣༢། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས་སྲོལ་གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ༡༩། ཇོ་བོ་ཨ་ཏི་ཤའི་ལུགས་ཀྱི་གསང་འདུས་སྤྱན་རས་གཟིགས་ལྷ༡༩། མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་གྲུབ་ཆེན་པ་པ་རི་པའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་འཁོར་ཆེན་ལྷ་༡༨རྣམས་སོ། །གཉིས་པ་ནི། གྲུབ་ཆེན་བིར་ཝ་པའི་ལུགས་ཀྱི་གཤེད་དམར་ལྷ་ལྔ། གྲུབ་ཆེན་དཔལ་འཛིན་གྱི་ལུགས་ཀྱི་གཤེད་དམར་ལྷ༡༢། རྭ་ལུགས་ཀྱི་གཤིན་རྗེ་གཤེད་དགྲ་ནག་ལྷ༡༣། རྭ་ལུགས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཕྱག་མཚན་སོ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར། རྭ་ལུགས་ཐུན་མོང་མ་ཡིན་པ་འཇིགས་བྱེད་ལྷ༡༣། རྭ་ལུགས་གཤིན་རྗེ་གཤེད་གདོང་དྲུག་ལྷ་༢༡རྣམས་སོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་ལ། ཐབས་གཙོ་བོར་སྟོན་པ་དང་། ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་གཉིས་ཀྱི། དང་པོ་ལའང་། རྩ་བརྒྱུད། བཤད་རྒྱུད། འཕྲོས་རྒྱུད། ཆ་མཐུན་གྱི་རྒྱུད། ཡན་ལག་གི་རྒྱུད་དང་ལྔར་གསུངས་པའི། དང་པོ་ནི། དེ་བཞིན་


JKT018_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་སྟེ། དེ་ལ་ནང་གསེས་སུ་དུམ་བུ་བཞི་ལས། དུམ་བུ་དང་པོ་འདོད་ཆགས་ཅན་གྱི་འདོད་ཆགས་འདུལ་བའི་ཕྱིར་བསྟན་པ་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། རྡོར་དབྱིངས་རྩ་ལུགས་ཀྱི་དཀྱིལ་འཁོར་ལྷ ༣༠། འགྲེལ་ཆེན་དེ་ཉིད་སྣང་བའི་ལུགས་ཀྱི་དཀྱིལ་འཁོར་ལྷ༡༠༣༧། དུམ་བུ་གཉིས་པ་ཁྲོ་བས་ཁྲོ་བ་སྤངས་པའི་ཕྱིར་བསྟན་པ་རྡོ་རྗེའི་རིགས་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ལྷ༡༠༣༧། གཉིས་པ་ནི། བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པའི་གསང་བ་མཆོད་ཆེན་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་བཅུ་ལ་ལྷ་གྲངས༡༢༧༡། གསུམ་པ་ནི། རྩ་རྒྱུད་དུམ་བུ་གསུམ་པའི་ངན་འགྲོ་དགུག་ཅིང་སྡིག་པ་བྲལ་བ་ལས་འཕྲོས་པའི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྩ་བའི་ལྷ ༣༧། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ལས་གསུངས་པའི། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་ལྷ ༣༧། དཔལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་འཁོར་ལྷ༡༣། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་༡༣གྱི་དཀྱིལ་འཁོར་རྣམས་སོ། །བཞི་པ་ནི། ཤེས་རབ་


JKT018_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་སྟོན་པའི་རྒྱུད་དམ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་གསུངས་པའི་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་བཅུ་བཞི་ལྷ་དང་༣༣༩། རིགས་རྐྱང་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཉིས་སོ། །ལྔ་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བའི་སྐོར་ཏེ། དེ་ཡང་ཆེ་བ་སློབ་དཔོན་འཇམ་དཔལ་གྲགས་པས་བཀྲལ་བ་ཆོས་དབྱིངས་གསུང་ནམ་མཁའ་འདྲི་མེད་ཆེ་བ། གི་དབང་ཕྱུག་ལྷ༢༢༩། འབྲིང་པོ་སློབ་དཔོན་སྒེག་པའི་རྡོ་རྗེས་བཀྲལ་བའི་འཇམ་དཔལ་གསང་ལྡན་ནམ་འཇམ་དཔལ་ཡོན་ཏན་ཀུན་འབྱུང་གི་དཀྱིལ་འཁོར་ལྷ༡༥། ཆུང་བ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་བའི་འཇམ་དཔལ་ནམ་མཁའ་དྲི་མེད་ཆུང་བའང་ཟེར། རིགས་བསྡུས་རྣམས་འདི་ཡི་འཇམ་དཔལ་གོང་འོག་གཉིས་ཀྱི་དབང་རྒྱུན་མེད། སོ། །དེ་དག་ལས་རྡོ་རྗེ་རྩེ་མོ་ནི། ཟངས་དཀར་ལུགས་དང་། ཀུན་རིག་གཙུག་དགུ་གཉིས་སྟོད་ལུགས་སམ་ཇོ་བོ་ལུགས་དང་། སྨད་ལུགས་སམ་ལོ་ཆེན་ལུགས་གཉིས་ཀ་ཡོད་ཅིང་། མི་འཁྲུགས་པ་དང་ཕྱག་རྡོར་འཆི་འཇོམས་གཉིས་ཇོ་ལུགས་དང་འཇམ་དཔལ་ནམ་མཁའ་དྲི་མེད་ཆུང་བ་དཀོན་དབང་ཕྱུག་བློ་གྲོས་ནས་བརྒྱུད། འཇམ་དཔལ་གསང་ལྡན་སྤྱི་ཏི་ནས་རྔོག་གི་ཕྱོགས་སུ་བཀའ་བབས་པ་ཡིན་ལ།


JKT018_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ལོ་ཆེན་རིན་བཟང་ལས་བརྒྱུད་པ་ཁོ་ནའོ། །གསུམ་པ་སྤྱོད་པའི་རྒྱུད་ལ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་ལས། དང་པོ་ནི། རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་ལྷ༡༡༩། གཉིས་པ་ནི། སྐབས་འདིར་མི་འབྱུང་ལ། གསུམ་པ་ནི། ཕྱག་རྡོར་འགྲོ་བཟང་ལུགས་དང་། རྣམ་འཇོམས་དཀར་པོ་སོགས་སྦྱོང་རྒྱུད་དུ་བཞེད་པ་ལྟར་ན་འདིར་དྲང་བར་བྱའོ། །བཞི་པ་བྱ་བའི་རྒྱུད་ལ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་དང་། ནོར་ཅན་དང་། ལྔ་རྩེན་དང་། འཇིག་རྟེན་པའི་རིགས་ཏེ་སྒོ་དྲུག་ལས། དང་པོ་ལའང་རིགས་ཀྱི་གཙོ་བོ་སོགས་བརྒྱད་ཀྱི། དང་པོ། རིགས་ཀྱི་གཙོ་བོ་ཐུབ་པ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར། མཁན་པོ་བོ་དྷི་ས་ཏཱས་མཛད་པའི་སྨན་བླ་བདེ་གཤེགས་བརྒྱད་ལ་མཆོད་ཅིང་གསོལ་བ་གདབ་པའི་ཚོམ་བུའི་དཀྱིལ་འཁོར། འཕགས་པ་འོད་ཟེར་དྲི་མེད་ལས་གསུངས་པའི་ཐུབ་དབང་ལྷ་བདུན་གྱི་དཀྱིལ་འཁོར། གཉིས་པ་རིགས་ཀྱི་ཡུམ་ནི། རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་པའི་སྲུང་བ་ལྷ་ལྔ་ལྷ༥༡། གསུམ་པ་རིགས་ཀྱི་གཙུག་ཏོར་ལ། རྡོ་རྗེ་གདན་པ་ནས་བ་རི་


JKT018_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་བརྒྱུད་པའི་གཙུག་ཏོར་གདུགས་དཀར་གྱི་དཀྱིལ་འཁོར་ལྷ། འཕགས་པ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་ལྷ་མང་། རྣམ་རྒྱལ་ལྷ་མང་། གཉིས་པ་པདྨའི་རིགས་ལ་རིགས་ཀྱི་གཙོ་བོ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱད་པའི་ཚེ་དཔག་མེད་འཆི་མེད་རྔ་སྒྲ་ལྟ༩། རིགས་ཀྱི་བདག་པོ་འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ ༢།།། གསུམ་པ་རྡོ་རྗེའི་རིགས་ལ། རིགས་ཀྱི་གཙོ་བོ་སོགས་ལྔ་ལས་རིགས་ཀྱི་གཙོ་བོ་སློབ་དཔོན་འབྲོ་བཟང་སྙིང་པོའི་ལུགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་ལྷ ༢༡། གྲུབ་ཆེན་པ་བ་རི་པའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔ་ལ། སྒོ་བ་བཞི་བསྣན་པའི་ལྷ་བཅུ་དགུ་པའི་དཀྱིལ་འཁོར། ནོར་བུའི་རིགས་ལ། ཆོས་སྐྱོང་ཆེན་པོ་རྣམ་ཐོས་སྲས་ཀྱི་གཏོར་སྒྲུབ་བཅས་སོ། །དེ་ལྟར་ཡང་བླ་མེད་ཀྱི་རྒྱུད་ལ་དཀྱིལ་འཁོར་ཉེར་བརྒྱད། རྣལ་འབྱོར་གྱི་རྒྱུད་ལ་བཅུ་གསུམ། སྤྱོད་རྒྱུད་ལ་གཅིག །བྱ་རྒྱུད་ལ་བཅུ་གཉིས་ཏེ་དཀྱིལ་འཁོར་ལྔ་བཅུ་རྩ་གསུམ་སྟེ། དེ་རྣམས་ཀྱི་དབང་རྗེས་གནང་ལུང་མན་ངག་དང་བཅས་པ་དང་། སྒྲུབ་མཆོད་ཀྱི་རྒྱུན་རྣམས་སུ་བཞུགས་ཤིང་། བུ་ལུགས་ཀྱི་ཁྲིད་ཆེན་རིམ་ལྔ། བཞི་ཞེས་གྲགས་པ་ལས། གསང་འདུས་རིམ་ལྔ་དང་། གཤེད་དམར་སྤྲོས་མེད་ཀྱི་ཁྲིད། ཁྲིད་ཆུང་


JKT018_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས། སྙིང་པོ་དོན་གསུམ་དང་ཚེམ་བུ་དམར་ཁྲིད། གཞན་ཡང་ར་ཁྲིད་མཁའ་འགྲོའི་སྙན་སྤྲོས་མེད། ངལ་བསོ། སྦྱོར་དྲུག་བཞི། བརྒྱུད་སོགས་ཁྲིད་བཀའ་དང་། བུ་སྟོན་རིན་པོ་ཆེའི་བཀའ་འབུམ་སྔགས་ཕྱོགས་སྐོར་པོད༡༨། ཐུགས་སྲས་ལོ་ཙཱ་བའི་བཀའ་འབུམ་པོད་༢བཅས་ཀྱི་ལུང་། ཆོས་སྐྱོང་སྐོར་ལ་རྒྱལ་པོ་རྣམ་ཐོས་སྲས་བཀའ་བཅོ་ལྔ། གླེགས་བམ་གཉིས་ཀྱི་ལུང་། མགོན་པོ་བིང་ཟླདམར་གྱི་རྗེས་གནང་། ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། སྒྲུབ་སྐོར་གྱི་ལུང་སོགས་བཞུགས་སོ། །དཔལ་ཞྭ་ལུ་པའི་གདན་རབས་སོགས་རྒྱས་པར་རྟོགས་པར་འདོད་ན། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྣམ་ཐར་ལེ་ཚན་དང་། མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་གིས་མཛད་པའི་གདན་རབས་གླེགས་བམ་སོགས་ལས་ཤེས་པར་བྱ་ཞིང་། །རྒྱུད་སྡེའི་བྱུང་ཚུལ་སོགས་ཀྱང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་སྤྱིའི་རྣམ་བཞག་ཆེ་འབྲིང་ཆུང་གསུམ་དང་། བདེ་གསང་དུས་གསུམ་ཡོ་ག་དང་བཅས་པའི་ཆོས་འབྱུང་རྣམས་ལས་ཤེས་པར་བྱའོ། ། །བོ་དོང་ཨེ་ནི། ཐོག་མར་བཀའ་གདམས་པའི་དགེ་བཤེས་མུ་ཏྲ་ཆེན་པོས་ས་གླང་ལོར་བཏབ། ཕྱིས་དཔང་ལོ་བློ་གྲོས་བརྟན་པ། དེའི་དབོན་ལོ་ཆེན་བྱང་ཆུབ་རྩེ་མོ། དེའི་དབོན་ལོ་


JKT018_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྲགས་པ་སོགས་མཁས་གྲུབ་ཆེན་པོ་མང་དུ་བྱོན། ཁྱད་པར་གྲགས་པའི་དབོན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལམ། འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་ནི་སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བས་ རིག་པའི་གནས་མཐའ་དག་ཐོགས་པ་མེད་པར་སྨྲ་པའི་མ་ཧཱ་པཎྜི་ཏར་གྱུར། གངས་ལྗོངས་མཁས་པ་ཕལ་ཆེར་རྩོད་པས་ཕམ་པར་བྱས། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཕག་མོ་སོགས་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ཀྱིས་གསང་བའི་མཛོད་ཆེན་པོ་བྱིན་པས་དེ་ཉིད་འདུས་པ་ཆེན་པོ་སོགས་བསྟན་བཅོས་པོད་བརྒྱ་ཕྲག་ཐལ་པ་མཛད་ཅིང་གསུང་ལས་སྐྱེས་པའི་སློབ་མ་ཡང་། བཟོ་རིག་པ་ནས་བསྟན་པ་ཡོངས་རྫོགས་ཀྱི་བར་བཀའ་བབས་ཉི་ཤུ་རྩ་གསུམ། འཁོན་གྱི་གདུང་བརྒྱུད་གསུམ། སྔགས་འཆང་ཆེན་པོ་གཅིག མཁས་གྲུབ་གཉིས། ལོ་ཆེན་གསུམ་སོགས་ནས། བཀའ་བཅུ་སྨྲ་བ་སྟོང་ཕྲག་གཅིག །བཀའ་བཞི་སྨྲ་བ་སྟོང་ཕྲག་ཟུང་། ཕར་ཚད་ཤེས་པའི་སློབ་མ་ཁྲི་ཕྲག་བརྒལ་བ་སོགས་བྱོན་པར་གྲགས་ཤིང་། ཕྱིས་དཔལ་མོ་ཆོས་སྡིངས་སུ་ཕྲིན་ལས་སྐྱོང་། གྲུབ་མཐའི་ཁས་ལེན་ཅུང་མི་འདྲ་བ་མང་དུ་མཛད་པས་བོ་དོང་པའི་ལུགས་ཞེས་གྲགས། དེང་སོང་གདན་ས་དངོས་སུ་ཆོས་རྒྱུན་སོགས་ཆེར་མི་བཞུགས་ཀྱང་། ལོ་རོར་རྗེ་ཉིད་ཀྱི་རྣམ་འཕྲུལ་སྦྱོར་ར་ཐམས་ཅད་མཁྱེན་པ་རིམ་བྱོན་


JKT018_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡར་འབྲོག་བསམ་སྡིངས་སུ་རྡོ་རྗེ་ཕག་མོ་རིམ་བྱོན་སོགས་ཀྱིས་བཟུང་སྟེ་ཆོས་རྒྱུན་འགའ་ཞིག་ཡོད་དོ།། ༈ །།ཤངས་ཞང་ཞང་རྡོ་རྗེ་གདན་ནི། སྐུ་གསང་བ་འདུས་པ། གསུང་མ་ཧཱ་མཱ་ཡ། ཐུགས་དགྱེས་པ་རྡོ་རྗེ། ཡོན་ཏན་འཁོར་ལོ་སྡོམ་པ། ཕྲིན་ལས་རྡོ་རྗེ་འཇིགས་མཛད་དེ་རྒྱུད་སྡེ་ལྔ་ཡི་ངོ་བོར་བཞུགས་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བརྩོན་འགྲུས་མགོན་ཞེས་གྲགས་པ་ཟླདེ་ཉིད་དང་པོར་བོན་གྱི་སྒོར་ཞུགས། བར་དུ་རིམ་པར་རྫོགས་ཆེན་དང་ཕྱག་ཆེན་སྦྱངས། མཐར་དེས་ཀྱང་ཐུགས་མ་ཚིམ་པར་འཕགས་པའི་ཡུལ་དུ་བྱོན་ནས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། སུ་ཁ་སི་དྷི། མེ་ཏྲི་པ། རྡོ་རྗེ་གདན་པ་སོགས་པཎ་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་ཀྱི་དགོངས་པ་བླངས་ནས་གངས་ཅན་དུ་ཕེབས་ཏེ་གླང་ཐང་པ་རྡོ་རྗེ་སེང་གེ་ལས་རབ་ཏུ་བྱུང་། སྐུ་ཚེའི་སྨད་ལ་ལོ་གཅིག་གི་ནང་དགོན་གནས་བརྒྱ་རྩ་གཅིག་བཏབ་པའི་ཡ་གྱལ་ཏེ། ཤངས་པ་བཀའ་བརྒྱུད་ཀྱི་འབྱུང་གནས་ལྟ་བུ་ཡིན་ཀྱང་། དེང་སང་ནི་སྐུ་འདྲ་རིན་པོ་ཆེ་བྱིན་ཅན་ཙམ་ལས་བརྒྱུད་འཛིན་སོགས་མི་སྣང་། །ཆོས་བརྒྱུད་ནི། རྡོ་རྗེ་འཆང་༡། ནི་གུ་མ༢། ཁྱུང་པ ༣། དེ་ཡི་སློབ་མ་ཁྲི་བརྒྱད་དུ་ལོངས་པར་བྱུང་བར་གྲགས་པའི་གཙོ་བོ་གྲུབ་ཐོབ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དེ་ནས། དབོན་སྟོན་


JKT018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་སྒང་པ་ཆོས་ཀྱི་སེང་གེ།། སངས་རྒྱས་གཉན་སྟོན་སྦས་པའི་རྣལ་འབྱོར་ཆོས་ཀྱི་ཤེས་རབ༦། འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེངྒེ་༧རྣམས་ལ་དཔལ་ཤངས་པ་བཀའ་བརྒྱུད་པའི་བརྒྱུད་པ་རིན་པོ་ཆེ་སྣ་བདུན་དུ་གྲགས་ཤིང་། གདམས་པ་ཕལ་ཆེར་ཀྱང་ཆིག་བརྒྱུད་དུ་བཞུགས། སངས་རྒྱས་གཉན་སྟོན་པས་ཁྱབ་བདལ་དུ་སྤེལ་བས་ཤངས་འཇག་པ་ཚུལ་ཁྲིམས་མགོན་དང་། ཉང་བསམ་སྡིངས་པ་གཞོན་ནུ་གྲུབ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ། སྒྱུ་ལུས་དང་རྨི་ལམ་ལ་རང་དབང་ཐོབ་པ་མང་དུ་བྱོན། གྲུབ་མཐའ་ཐམས་ཅད་ལ་རྒྱུད་འདྲེས་པར་གྱུར། དེ་ལས་བྱུང་བའི་ཆོས་བཀའ་ལ། ནི་གུའི་ཆོས་སྐོར། སུ་ཁའི་ཆོས་སྐོར། རྡོ་རྗེ་གདན་པའི་ཆོས་སྐོར། མེ་ཏྲི་པའི་ཆོས་སྐོར། རཱ་ཧུ་ལའི་ཆོས་སྐོར་ཏེ་ལྔ་དང་། དེར་མ་འཐུས་པའི་མན་ངག་ཐོར་བུ་དང་བཅས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ནའང་། དེང་སང་ཆོས་རྗེ་མུས་པ་དང་། བཀའ་བརྒྱུད་སོགས་སུ་ནི་གུའི་སྐོར་གཙོ་བོར་གྱུར་པ་ལ། རྩ་བ་ནི་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་ལུས་སེམས་འཆི་མེད། བཀའ་སྲུང་ཡེ་ཤེས་མགོན་པོའི་སྐོར་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལས། དང་


JKT018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། ཆོས་དྲུག་གི་སྨིན་བྱེད་ཁོག་ཕུབ་གསུམ། སྒོས་བཀའ་དྲུག །ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་གསུམ། གསང་སྒྲུབ་བཀའ་ལྔ། མགོན་པོ་བཀའ་གཉིས་ལས། དང་པོ་ནི། ཆོས་དྲུག་སྤྱི་ཡི་ཁོག་ཕུབ་རྒྱུད་སྡེ་ལྔ་གཙོ་བོར་གྱུར་པའི་འཇུག་སྒོ་སྒྱུ་ལུས་དབང་མོ་ཆེ༡། བདེ་མཆོག་དབང་བཞི་ལུས་བསྒྲིགས། ལྷ་བཞི་དྲིལ་སྒྲུབ་བཅས། གཉིས་པ་ནི། གཏུམ་མོ་སོགས་ཆོས་དྲུག་སོ་སོའི་དབང་། གསུམ་པ་ནི། ཕྱག་ཆེན་གའུ་མ༡། བླ་མ༢། ཡི་དམ ༣། སྒྱུ་ལུས་༤ལམ་ཁྱེར། ལུས་སེམས་༥འཆི་མེད་ཀྱི་དབང་། བཞི་པ་ནི། མཁའ་སྤྱོད་དཀར་མོ༡། དམར་མོ༢། སུམ་ཕྲུགས་༣ཀྱི་དབང་། ལྔ་པ་ནི། བདེ་མཆོག༡ །སྤྱན་རས་གཟིགས༢། ཕྱག་རྡོར༣། རྟ་མགྲིན། དྲུག་པ་ནི། ཕྱག་དྲུག་༡པ་དང་། མགོན་དཀར༢། ཞར་བྱུང་སུ་ཁ་སིདྡྷིའི་བྱིན་རླབས་བཅས་སོ།། །།གཉིས་པ་གྲོལ་བྱེད་ཁྲིད་ལ། ཐང་རྒྱལ་མུས་པ་སོགས། དང་། ཇོ་ནང་བཀའ་བརྒྱུད་སོགས། ཏཱ་ར་ནཱ་ཐ་སོགས་ཀྱི་ཡིག་ཆའི་སྟེང་ནས་ཆོས་དྲུག །ཕྱག་ཆེན། ལམ་ཁྱེར་རྣམ་གསུམ། །མཁའ་སྤྱོད་དཀར་དམར་གྱི་འཕོ་བ། ལུས་སེམས་འཆི་མེད། བླ་མགོན་དབྱེར་མེད་རྣམས་ཀྱི་ཉམས་ཁྲིད། གསུམ་པ་ལུང་ལ། རྩ་བ་རྡོ་རྗེའི་ཚིག་རྐང་སོགས་གླེགས་བམ་གཅིག་ལྷག་རྣམས་


JKT018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིང་། གཞན་ཡང་སྔར་སྨོས་པ་ལྟར་དགེ་ལུགས་པའི་ཕྱོགས་ལའང་ཆོས་དྲུག་གི་ཁྲིད་རྒྱུན་ཙམ་དང་། ཁྱད་པར་མགོན་པོ་ཕྱག་དྲུག་པའི་རྗེས་གནང་། ཁྲིད་ལུང་བཅས་རྒྱ་ཆེར་དར་རོ།། ༈ །།ལ་སྟོད་དིང་རི་གླང་འཁོར་ནི། འགྲོ་མགོན་དམ་པ་སངས་རྒྱས་དང་། དེའི་ཐུགས་སྲས་བྱང་ཆུབ་སེམས་དཔའ་ཀུན་དགའ་སོགས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཏེ། དེ་ལ་གྲུབ་ཆེན་འདི་ཉིད་ནི། འཕགས་ཡུལ་བེ་ཏཱ་ཡུལ་གྱི་ཙ་ར་སིདྷར་འཁྲུངས། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་དྲུག་ལས་གདམས་ངག་གི་སྒྲོ་འདོགས་བཅད། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་དང་། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོ་མངོན་དུ་གྱུར། བོད་དུ་ལན་ལྔ་བྱོན་པའི་དུས། གསུམ་པ་ལ་ཁ་ཆེ་ཛྙ་ན་གུ་ཧྱ་ལ་ཞི་བྱེད་སྒྲོན་མའི་སྐོར་གསུམ་སོགས་གསུངས། དེ་དང་དམ་པ་གཉིས་ཀས་རྗེ་བཙུན་ལོང་པོ་ལོ་ཙཱ་དང་། ཁ་ཆེ་པུ་ཧྲང་ལོ་ཆུང་ལ་གསུངས་པ་སོགས་བརྒྱུད་པ་སྔ་མ་དང་། བཞི་པར། རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་ཆེན། སོ་ཆུང་དགེ་འདུན་འབར་ལ་རིགས་པ་གཅེར་མཐོང་། ཀམ་ཚུལ་ཁྲིམས་རྒྱལ་མཚན་ལ་རྟོགས་པ་ལམ་ཁྱེར་གྱི་གདམས་ངག་


JKT018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བས་མཚོན་རྨ་སོ་ཀམ་གསུམ་གྲངས་དང་། ཕྲན་དང་བཅས་པ་ལ་བརྒྱུད་པར་བར་མ། ལྔ་པར་དམ་པ་ཕྱར་ཆེན། ཕྱར་ཆུང་བཛྲ་ཀྲོ་དྷཱ། ཀུན་དགའ་བཞི་ལ་གདམས་པ་སོ་སོར་གནང་། །གཞན་ཡང་མ་ཇོ་ཉི་ཤུ་རྩ་བཞི་སོགས་ལྕེ་དང་། ལྗགས་ལུགས་གསུམ། གྲུབ་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ཙམ་བྱོན་པ་བརྒྱུད་པ་ཕྱི་མ་སྟེ། དེ་ལས་ཀྱང་སྐྱེ་བ་ལྔར་དམ་པས་རྗེས་སུ་བཟུང་ཞིང་། ང་དང་དགོངས་པ་མཉམ་པ་ཀུན་དགའ་ཡིན། །ཅེས་བསྔགས་པ་ཆིག་བརྒྱུད་སྦས་པའི་གཏེར་མཛོད་དམ་པ་ཀུན་དགའ་ནས་རིམ་པར་པ་ཚབ་སྒོམ་པ་རྒྱལ་བ་ཏེ་ནེ། རོག་ཤེས་རབ་སེང་གེ་སྐུ་མཆེད་སོགས་བརྒྱུད་ཤིན་ཏུ་དར་བ་བྱུང་ཡང་། དེང་སང་ནི་བརྒྱུད་ལ་ཕྱི་མའི་སྐོར་ལས། ཚོགས་ལམ་བློ་སྦྱང་སྦྱོར་ལམ་དཀའ་ཐུབ། མཐོང་ལམ་བློ་བྲལ། སྒོམ་ལམ་རོ་སྙོམས། མཐར་ལམ་བདག་བསྟོད་དང་བཅས་པའི་ལམ་ལྔའི་དབང་རྒྱས་པ། འབྲིང་པོ་ལམ་གསུམ་གཞུང་མ། བསྡུས་པ་དབང་རྣོན་ཀུ་སཱ་ལའི་རྣལ་འབྱོར་གྱི་དབང་། རྟེན་འབྲེལ་སྔོན་དུ་བདག་པོ་བསྟོད་པ་ཞེས་བྱ་བ་དམ་པ་ཕྱི་ནང་གསང་གསུམ་གྱི་བླ་སྒྲུབ་བྱིན་རླབས། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་། བདེ་མཆོག་བཅུ་གསུམ་མ། ཕག་མོ་ཕྱི་སྒྲུབ་ལྷ་དགུ། ནང་སྒྲུབ་ཞལ་གཉིས་མ། གསང་སྒྲུབ་ཁྲོས་ནག །


JKT018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བུམ་པ་རྣམས་ཀྱི་དབང་། ཆོས་སྐྱོང་ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་སྐྲག་མེད། ར་གསང་སྒྲུབ་དམར་ནག་གི་དབང་བཀའ་རྒྱ་མ། ཕྱི་སྒྲུབ་ཐུན་མོང་བ། ཞིང་སྐྱོང་ཀུན་ཏུ་རི་ཀ་དང་། ཨ་པ་ར་ཙིཏྟ་སོགས་ཀྱི་རྗེས་གནང་དང་། མཁྱུད་དཔྱད་དཀར་ནག་ཁྲ་གསུམ་གྱི་ལུང་སོགས་ཐོར་བུ་ཙམ་ལས། གྲུབ་མཐའི་རྐང་འཛིན་པ་དང་ཆོས་བརྒྱུད་སོགས་རྒྱ་ཆེར་མི་སྣང་ངོ་།། ༈ །།ངོམ་ཤོད་ཟངས་རི་མཁར་དམར་གྱི་ཕུག་པར། མ་གཅིག་ལབ་ཀྱི་སྒྲོན་མས་སྐུ་ཚེའི་སྨད་དུ་ཡུན་རིང་བཞུགས་ཤིང་། གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་པ་དང་སྲས་སྙིང་པོ་གྲུབ་པས་གཡེ་ཆུང་གླང་ལུང་དགོན་པ་བཟུང་བ་སོགས་ཕྱོགས་དེར་གཅོད་ཡུལ་གྱི་བསྟན་པ་དར་བ་བྱུང་མོད། དེང་སང་ནི་གདན་ས་དངོས་སུ་ཆོས་བརྒྱུད་འཛིན་པ་དམིགས་བསལ་མེད་ཀྱང་། གདམས་ངག་གི་རྒྱུན་ནི་གྲུབ་མཐའ་ཐམས་ཅད་ལ་ཁྱབ་པར་གྱུར་ཏེ། སྤྱིར་དམ་པས་ཡར་ལུང་སྨ་ར་སེར་པོ་དང་། སྐྱོ་སྟོན་བསོད་ནམས་བླ་མ་ལ་བཤད་པར་ཕོ་གཅོད་དང་། མ་གཅིག་གིས་དམ་པ་དང་སྐྱོ་སྟོན་གཉིས་ཀ་ལས་གསན་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་པ་ལས། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་དབྱེར་མེད་པའི་ཡེ་ཤེས་ཌཱ་ཀི་འདི་ཉིད་ནི་ཡུལ་གཡེལ་བ། གྲོང་འདབ་གྲོང་མ་ཚེ་མོར་མོར་རུས་ཁེའུ་གད་ཀྱི་


JKT018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་འཁྲུངས། གྲྭ་པ་མངོན་ཤེས་དབང་ཕྱུག་འབར་ལས་རབ་ཏུ་བྱུང་། ཤེར་ཕྱིན་ཀློག་པས་སྟོང་ཉིད་ཀྱི་ལྟ་བ་གཤའ་མར་སྐྱེས། ཅེར་གྲོང་ཐོད་པ་འབབ་རེ་བྱ་བ་དང་འདུས་པས་སྲས་ལྕམ་སྲིང་ལྔ་འཁྲུངས། སླར་ཡང་རབ་ཏུ་བྱུང་ནས་དགུ་བཅུ་རྩ་ལྔའི་བར་དུ་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་མཛད་ཅིང་། ཤེར་ཕྱིན་གྱི་གདམས་ངག་ཟབ་མོ་གཅོད་ཡུལ་གྱི་གྲུབ་མཐའ་གངས་ཅན་ཐམས་ཅད་ལ་ཁྱབ་པར་མཛད། ཚོགས་སློབ་ཀྱང་སྲས་རྒྱལ་བ་དོན་གྲུབ་ནས་བརྒྱུད་པ་ལ་སྲས་བརྒྱུད་དང་། ཁུ་སྒོམ་ཆོས་སེང་ནས་སློབ་བརྒྱུད་རྣམས་བྱུང་། ཕྱིས་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། རྒོད་ཕྲུག་རས་པ་རྒྱལ་ཐང་པ་སོགས་ལམ་འདིའི་བཀའ་བབས་མང་དུ་བྱུང་སྟེ། དེང་སང་ཡང་བཀའ་བརྒྱུད་གཙོ་བོར་གྱུར་པའི་ས་རྙིང་དགེ་ལུགས་སོགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཁྲོས་ནག་ལྷ་ལྔའི་དབང། ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས། ཞག་བདུན་མ་དང་སྟན་ཐོག་གཅིག་མ་སོགས་ཀྱི་ཉམས་ཁྲིད་ཕྱག་བཞེས་དང་བཅས་པ། མ་གཅིག་གི་བཀའ་ཆེམ་སོགས་རྩ་བའི་གཞུང་དང་། གྲུབ་མཐའ་སོ་སོའི་གཅོད་གཞུང་གླེགས་བམ་མང་པོའི་ལུང་སོགས་ཅི་རིགས་པར་མཆིས་སོ། །དེ་ལ་སྡུག་བསྔལ་ཞི་བྱེད་ཅེས་པའི་དོན་ནི། བོད་དུ་བྱོན་པའི་གདམས་པ་ཕལ་མོ་ཆེ་སློབ་མ་མི་དགེ་བ་ལས་


JKT018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་ཏུ་བཅུག་ནས་གཟོད་དེའི་སེམས་རྒྱུད་ཀྱི་ཉོན་མོངས་པར་སྦྱངས་བར་བྱེད་པ་གཙོ་ཆེ་ལ། འདིས་ནི་ཚེ་རབས་སྔ་མའི་ལས་ཀྱི་དབང་གིས་ལུས་དམན་པ་དང་། ནད་གདོན་གྱིས་གཙེས་པ་སོགས་སྡུག་བསྔལ་རྣམས་ལམ་དུ་བསླངས་པས་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། ཤེར་སྙིང་ལས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཅེས་པ་ལ་བརྟེན་ནས་བཏགས་པར་བཞེད་དེ། གཅོད་ཡུལ་ཅེས་པ་ནི། གཅོད་བྱ་ནི། ཐོགས་བཅས། ཐོགས་མེད། དགའ་བྲོད། སྙེམས་བྱེད་དེ་བདུད་བཞིའི་རྒྱུ་འབྲས་སུ་གྱུར་པའི་ཉོན་མོངས་ཐམས་ཅད་སྤང་གཉེན་རེས་འཇོག་མ་ཡིན་པར་ཡུལ་དེ་ཉིད་ཀྱི་རང་ཐོག་ཏུ་གཅོད་པར་བྱེད་པས་དེ་སྐད་ཅེས་བྱ་ཞིང་། ངོ་བོ་ཕ་རོལ་ཏུ་ཕྱིན་པ་ལ་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པས་ཁྱད་པར་དུ་བྱས་པའོ། ༈ །ཡང་དམ་པའི་ཆོས་འདུལ་བའི་ཐོག་མར་བསྟན་པ་ལ་སྔ་འགྱུར་སྨད་འདུལ་གྱི་བརྒྱུད་ནི། ལྷ་བཙན་པོ་ཁྲི་སྲོང་དུས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོས། སྦ་རཏྣ་ཡེ་ཤེས་དབང་པོ་སྲུང་བ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བས་མཚོན་བསྟན་པའི་སྒྲོན་མེ་དང་པོར་སྦྱར། དར་མས་བསྟན་པ་བསྣུབས་པའི་སྐབས། སྦ་རཏྣའི་མཁན་བུ་འདུལ་བ་འཛིན་པ་དམར་གཡོ་གཙང་


JKT018_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཁམས་སུ་བྱོན། དེ་རྣམས་ཀྱི་སྤྱན་སྔར་བླ་ཆེན་དགོངས་པ་རབ་གསལ་གྱིས་རབ་ཏུ་བྱུང་ཞིང་འདུལ་བའི་སྡེ་སྣོད་ལ་སྦྱངས། དེ་ལས་ཀླུ་མེས་སོགས་དབུས་གཙང་གི་མི་བཅུས་བཀའ་དྲིན་ཞུས་ཏེ་སོ་སོས་གནས་གཞི་ཡང་བརྩིགས་ཏེ་ཆོས་གྲྭ་ཤིན་ཏུ་མང་བ་བྱུང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱང་སྔ་འགྱུར་གྱི་སྡོམ་རྒྱུན་ལས་བསྙན་པར་རྫོགས། བར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ཏེ། མཁན་བུ་པཱ་ལ་རྣམ་གསུམ་བསྙེན་པར་རྫོགས་ཏེ་སྟོད་མངའ་རིས་ཕྱོགས་སུ་དར་བསྟོད་འདུལ་ཞེས་གྲགས་པ་བྱུང་། །གཞན་ཡང་ལྕེ་བཙུན་གྱིས་ཞྭ་ལུར་ཨ་བྷ་ཡའི་སྡོམ་རྒྱུན་སྤེལ་ནའང་། སྔ་འགྱུར་གྱི་བཤད་རྒྱུན་ནི་ཁ་ཆེ་ལུགས་ཀྱི་བརྒྱུད་པ་དང་འདྲེས་ཤིང་སྡོམ་རྒྱུན་ཀྱང་དེང་སང་གི་བར་དུ་གནས་ལ། རྙིང་མ་དང་དགེ་ལུགས་ཕྱོགས་ལས་ཞིག ཕྱི་མ་གཉིས་ཀྱི་སྲོལ་ནི་ཡུན་མ་བྱུང་ངོ་། །ཕྱིས་མ་བྱོན་པའི་སངས་རྒྱས་གསུམ་པ་ཁ་ཆེའི་པཎྜི་ཏི་ཤཱཀྱ་ཤྲྰི་བོད་དུ་ཕེབས་ནས་འདུལ་བའི་སྡོམ་རྒྱུན་གསར་དུ་བཙུགས་པ་ལས། །ཚོགས་སྡེ་གྲངས་མེད་པ་ཞིག་འཕེལ་བའི་རྩ་བ་ལྟ་བུ་ནི། དགེ་འདུན་སྒང་པ། ཆོས་ལང་པ། ཚལ་མིག་པ། བྱེ་རྫོང་པ་སྡེ་ཚོགས་སྡེ་བཞིར་གྲགས་པ་འདི་ཡིན་ལ། འདི་རྣམས་སུ་སྔར་འདུལ་བའི་


JKT018_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལག་ལེན་གཉིས་ཀ་ཁྱད་པར་ཅན་བྱུང་ནའང་། དེང་སང་ནི་སྤྱི་འགྲེ་ཙམ་ལས་དམིགས་བསལ་གྱི་ཁྱད་ཐོན་ཡོད་པར་མ་མངོན་མོད། འོན་ཀྱང་དགེ་འདུན་སྒང་པ་ལས་ཀར་ལུགས། ཆོས་ལུང་པ་ལས་འབྲུག་ལུགས་ཚལ་མིག་པ་ལས་ངོར་ལུགས་དང་། ས་ལུགས་སྔ་མ་རྣམས་ཀྱིས་མཚོན་སྡོམ་རྒྱུན་མང་དུ་འཕེལ་བས་ཕྱོགས་ཐམས་ཅད་དུ་འདུལ་བའི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པར་གྱུར་ཏོ། །དེ་ལྟར་ན་གངས་ཀྱི་རི་བོའི་སུལ་ན་སྟོན་པ་བདེ་བར་གཤེགས་པའི་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ཏེ། འགྲོ་བ་རྣམས་ཀྱི་ཕན་བདེའི་གཞིར་གྱུར་པའི་དགེ་འདུན་འདུས་པའི་སྡེ་དང་། གདན་རབས་ཀྱི་སྐོར་ཇི་ལྟར་བྱོན་པའི་ཚུལ་སོགས་ཡོངས་སུ་གྲགས་པ་འགའ་ཞིག་གི་མཚན་ཙམ་བརྗོད་ཟིན་ཏེ། སྤྱིར་ཡང་ཇི་སྐད་དུ། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་ཡིན་ཕྱིར་ཐོས་པ་གཅེས། །ཅེས་གསུངས་པ་ལྟར་རང་དང་གཞན་གྱི་གྲུབ་པའི་མཐའ་ཡི་གང་ཟག་དང་ཆོས་ཀྱི་ཚུལ་མང་དུ་ཐོས་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་སྟེ། གཞན་དུ་རང་རང་གི་ལུགས་སྲོལ་ཙམ་ཁོང་དུ་ཆུད་པར་རློམ་པ་ཁ་ཅིག་ཀྱང་། རང་གི་བླ་མ་བརྒྱུད་པ་དང་། ཆོས་ལུགས་ཙམ་མ་གཏོགས་གཞན་མཁས་པ་དང་གྲུབ་པ་དང་ལུང་རིགས་ཀྱིས་དབེན་ནོ་སྙམ་དུ་སེམས་ཤིང་གཞན་ལའང་གདམས་པས་ཆོས་སྤོང་


JKT018_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་མི་བཟོད་པ་གསོག་པ་དག་སྣང་བའི་ཕྱིར་རོ། །དེ་བས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་མདོ་སྡེ་རིན་པོ་ཆེ་རྣམས་དང་། དེ་དག་གི་དོན་བསྡུས་པ་བརྒྱ་ཉེར་ལྔ་བྱམས་པ་ཆོས་རྗེས་བསྐལ་བཟང་རྒྱ་མཚོ། པ་དང་། སྐྱེས་རབས་སོ་བཞི་པ་ཁ་སྐོང་རང་བྱུང་ཞབས་སོགས། འགྲེལ་ཆེན་ཡེ་ཤེས་རྒྱལ་མཚན་སོགས། དང་བཅས་པ་དང་། རྟོགས་བརྗོད་དཔག་བསམ་གྱི་འཁྲི་ཤིང་མཆན་སྤང་ལོས་སྟོན་སོགས། དང་དོན་བསྡུ་བའི་རིགས་དང་། འཕགས་པའི་གནས་བརྟན་ཡེ་ཤེས་རྒྱལ་མཚན་སོགས། བཅུ་དྲུག་དང་། གྲུབ་ཆེན་བརྒྱད་ཅུའི་རྟོགས་པ་བརྗོད་པ་སོགས་ལེགས་པར་བལྟ་ཞིང་དད་པ་བསྐྱེད། གྲུབ་མཐའ་སྤྱིའི་ཆོས་འབྱུང་སྐོར་ལ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དང་བཀའ་བབས་བདུན་གྱི་གཏམ་སོགས་རྒྱ་གར་བའི་གཏམ་ཚད་མ་མང་པོ་དང་། གུང་མགོན་པོ་སྐྱབས་ཀྱིས་བྱས་པའི་རྒྱ་ནག་གི་ཆོས་འབྱུང་། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་། ཚལ་པའི་དེབ་དམར། འགོས་ལོའི་དེབ་སྔོན། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། པད་དཀར་གྱི་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད། ཐུའུ་བཀྭན་པའི་གྲུབ་མཐའ་ཤེལ་གྱི་མེ་ལོང་། རྒྱལ་རབས་གསལ་བའི་མེ་ལོང་དང་། རྫོགས་ལྡན་


JKT018_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུའི་དགའ་སྟོན་སོགས། བྱེ་བྲག་སྔར་སྨོས་པའི་སོ་སོའི་རྣམ་ཐར་དང་ལོ་རྒྱུས་རྣམས་ལ་བློ་གྲོས་ཀྱི་མིག་བསྒྲུབས་ཏེ་རང་གི་ལུགས་སྲོལ་མ་ཉམས་པར་བཟུང་བའི་སྟེང་། གྲུབ་མཐའ་གཞན་ལའང་སྡང་ཞེན་གྱིས་སྨོད་པ་སོགས་སྤངས་ཏེ། དད་པའི་པདྨོ་མཆོག་ཏུ་རྒྱས་པར་བྱའོ། །ཐོས་པས་ཡིད་ཀྱི་གདུང་སེལ་ཞིང་། །ཕན་བདེའི་ཆུ་གཏེར་འཕེལ་བྱེད་པ། །དམ་པའི་རྣམ་ཐར་ཟླ་ཤེལ་གྱིས། །འཇིག་རྟེན་གསུམ་པོ་སྣང་གྱུར་ཅིག །གངས་ཅན་གྱི་ལྗོངས་སུ་བྱོན་པའི་གདན་རབས་སོགས་ཅུང་ཟད་བཤད་པའི་བརྗེད་བྱང་གི་ལེའུ་ཚན་ནོ།། །།ཤུབྷམ་སྐུ་སརྦ་ཛཱ་ག་ཏཱཾ།། །


previousཤོག་ལྷེབ་ ༥༠༡ ནས་ ༥༣༠ བར།no next