Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 expand section
 
མདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ།
 expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousམདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ།next

མདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ།


JKT018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ མ དེ བ སྱ པ དྨ བ ནཾ ནཱ མ སུ ཏྲ མྨ ན ཤུ ས ན རཏྭཱ ཡོ ཛྷ རྨ སྱ ནི རྒ ཏ ནཱ ཡཱ ཏ རམྦྷ པྲ ཀྲྀ ཡཱ བི མོ ཀཱ ཏི ཡཱ གསྟེ།།
མདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ་ཅེས་བྱ་བ་བཞུགས་སོ། །


JKT018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཐོབ་པ་ཙམ་ནས་སྲིད་དང་ཞིའི། །རྒུད་པ་མཐའ་དག་དྲུང་འབྱིན་པ། །དམ་ཆོས་ཡིད་བཞིན་ནོར་བུའི་དཔལ། །བྱུང་བའི་ལོ་རྒྱུས་མདོ་ཙམ་གླེངས། །འདི་ལ་གསུམ་སྟེ། བདག་པོའི་རྐྱེན་རྫོགས་པའི་སངས་རྒྱས་བྱོན་ནས་དེས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དང་། དེ་ཉིད་བཀའ་བསྡུ་བ་ཇི་ལྟར་བྱས་པའི་ཚུལ་དང་། དེ་ཉིད་བསྟན་སྐྱོང་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་ཞིང་བསྐྱང་བའི་ཚུལ་ལོ། །དང་པོ་ནི། ལྷ་དང་བཅས་པའི་སྟོན་པ་གཅིག་པུ་པ་ཟས་གཙང་སྲས་ཀྱི་རིགས་སུ་འཁྲུངས་པའི་སྐྱོབ་པ་ཤཱཀྱའི་ཏོག་དེ་ཉིད་ཀྱིས། དང་པོར་སྨོན་པ་དང་
འཇིག་རྟེན་མགོན་པོ་དངོས་སྣང་བ། །གངས་ཅན་གཙུག་ནོར་སྲོང་བཙན་རྗེ།།
ཁམས་གསུམ་འགྲོ་མགོན་ས་སྐྱ་པ། །ཆོས་ཀྱི་རྒྱལ་པོ་འཕགས་པའི་ཞབས།།


JKT018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཚུལ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་གྲངས་མེད་པའི་བསྐལ་པ་གསུམ་གྱི་སྲིད་དུ་ཚོགས་བསགས། ཐ་མ་དབུས་འགྱུར་འཆང་རྡོ་རྗེའི་རྡུལ་བརྩེགས་པའི་སྤོར་བྱང་ཆུབ་ལྗོན་པའི་བསིལ་གྲིབ་ཏུ་མངོན་པར་སངས་རྒྱས་པའི་ཚུལ་བསྟན་ནས་རིགས་ཅན་གསུམ་གྱི་འགྲོ་བ་རྣམས་རྗེས་སུ་བཟུང་བའི་སླད། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པར་མཛད་དོ། །གཉིས་པ་ནི། ཐེག་དམན་གྱི་ལུགས་ལ་བཀའ་བསྡུ་རིམ་པ་གསུམ་གྱིས་དང་པོ་ཉེ་བར་འཁོར། འོད་སྲུང་། ཀུན་དགའ་བོ་གསུམ་གྱིས་འདུལ་མདོ་མངོན་པའི་སྡེ་སྣོད་
དུས་གསུམ་རྒྱས་པའི་ཕྲིན་ལས་པ། །པད་དཀར་འཆང་དངོས་དེ་བཞིན་གཤེགས། །
འཛམ་གླིང་བསྟན་པ་ཡོངས་ཀྱི་བདག །ངག་དབང་བློ་བཟང་རྒྱམཚོའི་སྡེ།།


JKT018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྡུས། གཉིས་པ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་སྤེལ་བ་གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱས་སུན་དབྱུང་ཞིང་སྡེ་སྣོད་གསུམ་རྫོགས་པར་བཏོན། གསུམ་པ་ནི། ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་ངམ། གཞན་དག་ཛ་ལནྡྷ་རའི་དགོན་པ་ཀུ་ས་ར་ཞེས་ཀྱང་བོད་པ་དེར་དགྲ་བཅོམ་པ་རྩིབ་ལོག་སོགས་ཀྱིས་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་སངས་རྒྱས་ཀྱི་བཀར་སྒྲུབ་ཅིང་འདུལ་བ་ཡི་གེར་བཀོད། མདོ་མངོན་གཉིས་ཀྱང་རྒྱ་ཆེར་སྤེལ་ལོ། །ཐེག་ཆེན་པ་དག་ནི་རྩ་བའི་སྡུད་པོ་ཀུན་བཟང་དང་། བྱམས་པ་དང་། འཇམ་དཔལ་དང་། ཕྱག་རྡོར་སོགས་ཀྱིས་བསྡུས་པར་འདོད་ལ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ནི་གཙོ་བོར་དཔལ་གསང་བ་འཛིན་པའི་བདག་པོ་དང་། གཞན་དུ་ཞུ་བ་པོ་སོ་སོས་བསྡུས་པ་ལྟར་ཡང་སྣང་ངོ་། །གསུམ་པ་ནི་རྒྱ་གར་དུ་ཇི་ལྟར་བསྐྱང་ཚུལ་དང་། བོད་དུ་ཇི་ལྟར་བསྐྱང་ཚུལ་གཉིས། དང་པོ་ཐེག་དམན་དང་། ཐེག་ཆེན་གཉིས། དང་པོ་ནི། སྟོན་པས་འོད་སྲུང་དང་། དེས་ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་ཏི་ཀ ། ནག་པོ་པ། ལེགས་མཐོང་། ལེགས་མཐོང་ཆེན་པོ་སྟེ་བསྟན་པའི་གཏད་རབས་བདུན་དང་། དགྲ་བཅོམ་པ་ཆོས་སྐྱོབས། དབྱངས་སྒྲོགས། དབྱིག་བཤེས། སངས་རྒྱས་ལྷ་སྟེ་ཆེན་པོ་བཞིར་གྲགས་པ་བཞི་


JKT018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་སློབ་མ་འབུམ་ཕྲག་གི་གྲངས་ལངས་པ་རྣམས་བྱོན་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། གཉིས་པ་ལ་མཚན་ཉིད་དང་། སྔགས་གཉིས་ལས། དང་པོ་ནི། ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ནས་ཆོས་བསྟན་ཅིང་ཐེག་པ་ཆེན་པོ་ཐོག་མར་སྣང་བར་བྱས། དེ་ནས་བཙུན་པ་ཨ་བི་ཏརྒ་སོགས་རྣམ་རིག་སྨྲ་བའི་སློབ་དཔོན་ལྔ་བརྒྱ་ཙམ་བྱོན་ཅིང་། ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་ཀྱང་མི་ཡུལ་དུ་བྱུང་། དེ་ནས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན། དེའི་སློབ་མ་སངས་རྒྱས་༦༠༠གཉིས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་དངོས་བསྟན་དབུ་མའི་ལམ་སྲོལ་རྒྱ་ཆེར་ཕྱེ། དེའི་སློབ་མ་ཨཱརླ་དེ་ཝ་སྟེ་འཕགས་པ་ལྷ་དང་། ནཱ་ག་ཧཱ་སྟེ་ཀླུས་པོས་དང་། ནཱ་ག་བོ་དྷི་དང་། ཀླུའི་བྱང་ཆུབ་སོགས་བྱོན། ཨཱརྱ་དེ་ཝའི་སློབ་མ་དམངས་རིགས་པ་སྒྲ་གཅན་འཛིན་བཟང་པོ་དང་། སློབ་དཔོན་དཔའ་བོ་ཞབས་སོ། །སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་བྱོན། གཅེན་གྱིས་དགའ་ལྡན་དུ་ཕེབས་ཏེ་བྱམས་མགོན་ལས་ཆོས་ཀྱི་བདུད་རྩི་གསོལ། སླར་མི་ཡུལ་དུ་ཕེབས་ཏེ་ཐེག་པ་ཆེན་པོའི་སེང་གེའི་སྒྲ་བསྒྲགས། དེའི་སློབ་མའི་མཆོག་གཅུང་བཱ་སུ་བནྡྷས་ཐེག་པ་ཆེ་ཆུང་གི་མངོན་པ་སོགས་གསལ་བར་མཛད། སློབ་མ་ཕྱོགས་གླང་། ཡོན་ཏན་འོད། བློ་གྲོས་བསྟན་པ། འཕགས་པ་རྣམ་


JKT018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་སྡེ་བཞི་ནི་ཚད་མ་འདུལ་མངོན་ཕར་ཕྱིན་བཞིར་རང་ལས་མཁས་པ་བཞི་ཞེས་གྲགས། ཀླུ་སྒྲུབ་ཀྱི་སློབ་མ་དགེ་སྲུང་ལས་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་བྱོན་ཏེ་རང་ཐལ་གྱི་སྲོལ་གསར་དུ་དབྱེ། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སློབ་མ་ཟླ་བ་གྲགས་པས་ཐལ་འགྱུར་གྱི་སྒྲ་ཕྱོགས་བཅུར་བསྒྲགས་ཤིང་། འདིའི་ཚེ་དགེ་བསྙེན་ཙནྡའི་ཞབས་ཀྱང་བྱོན་ཏེ་སློབ་དཔོན་བློ་གྲོས་བརྟན་པའི་སློབ་མ་ཡིན། ཟླ་གྲགས་དང་ན་ལེནྡྲར་ལོ་བདུན་དུ་ཆོས་ཀྱི་བརྒལ་བརྟག་མཛད་ཅིང་སློབ་དཔོན་སོ་སོས་ཀླུ་ཐོགས་ཀྱི་གཞུང་བཟུང་། ཕྱིས་པོ་ཊ་ལར་གཤེགས་པར་གྲགས། སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱི་སློབ་མ་ནཱ་ལེནྡྲའི་མཁན་པོ་ཆོས་སྐྱོང་ཞེས་བྱ་བ་བྱོན། དབུ་མ་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བ་སོགས་བསྟན་བཅོས་མང་དུ་མཛད། དེའི་སློབ་མ་བྷུ་སུ་ཀུའི་སྤྱོད་པ་ཅན་སློབ་དཔོན་ཆེན་པོ་ཞི་བ་བ ལྷ་དང་། དཔལ་ལྡན་ཆོས་སྐྱོང་སྟེ་ཕྱིས་བི་རཱུ་པར་གྲགས་པ་གཉིས་ཡིན། ཕྱོགས་ཀྱི་གླང་པོའི་སློབ་མ་རྒོལ་བ་དབང་ཕྱུག་སྡེ་ལས་ཚད་མ་དང་། སློབ་དཔོན་ཆོས་སྐྱོང་ལས་སྡེ་སྣོད་གསུམ་གྱི་ཟིལ་དངར་བཞེས་པ་དཔལ་ཆོས་ཀྱི་གྲགས་པ་ནི་ཕྱོགས་ཀྱི་གླང་པོ་གཉིས་པར་གྱུར། དཔལ་ཧེ་རུ་ཀ་ལས་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་གྲུབ་ཐོབ། དེ་ལྟར་ན། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་གཞུང་བྱེད་པ་པོ་


JKT018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨཱརྱ་དེ་ཝ། དབྱིག་གཉེན། ཆོས་གྲགས་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་ཀྱི། མཆོག་གཉིས་ལ་སོགས་པའི་ཐ་སྙད་ནི་འཕགས་ཡུལ་དུ་མི་སྣང་། དེ་ནས་རྣམ་སྣང་བཟང་པོ་ལ་ཤེར་ཕྱིན་གསན་ཅིང་མ་ཕམ་པས་དབུགས་དབྱུང་བ་སློབ་དཔོན་སེང་གེ་བཟང་པོ་དང་། དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་སོགས་ཀྱིས་ཕར་ཕྱིན་དང་། ཡོན་ཏན་འོད་ཀྱི་སློབ་མ་ཤཱཀྱ་འོད་དང་། དྷརྨ་མི་ཏྲ་དང་། དགྲ་བཅོམ་ས་གའི་ལྷ་སོགས་ཀྱིས་འདུལ་བསྟན་སྤེལ། སྤྱིར་འདུལ་བ་ལ་བཤེས་གཉེན་དྲུག་དང་། ཕར་ཕྱིན་ལ་བཀའ་བབ་དྲུག་ཅེས་ཀྱང་གྲགས། ཕྱི་ཞིག་ན་བི་ཀྲ་མ་ཤཱི་ལར་ཉི་ཟླ་ལྟ་བུའི་མཁས་པ་སྒོ་དྲུག་ཅེས། ཤནྟི་པ། ཤར། ཤེར་འབྱུང་སྦས་པ། ངག་དབང་གྲགས་པ། ནཱ་རོ་པ། བྱང་། བྲམ་ཟེ་རིན་ཆེན་རྡོ་རྗེ། དབུས་ཛྙཱ་ན་ཤྲཱི་མི་ཏྲ་རྣམས་བྱོན། དེ་རྗེས་ཇོ་བོ་རྗེ་དཱི་པཾ་ཀཱ་ར་དང་། དེ་ནས་རྡོ་རྗེ་གདན་དུ་ཨ་བྷ་ཡ་ཀ་ར། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་སོགས་ཀྱིས་བསྟན་པ་བཟུང་། དེའི་སྐབས་སུ་ཏུ་རུཥའི་རྒྱལ་པོ་ཟླ་བས་དམག་གི་སྦྱོར་བ་ཚན་ཆེ་བ་ལྷགས་ཏེ་ཡུལ་དབུས་ཀྱི་གཙུག་ལག་ཁང་ཕལ་ཆེར་བཤིག །མཁས་ཤིང་གྲུབ་པའི་དབང་པོ་རྣམས་ཀྱང་ཕྱོགས་གཞན་དུ་འཁྱམ་ནས་བསྟན་པའི་དངོས་གཞི་ནུབ་ཀྱང་། རྒྱལ་ཕྲན་འདྲས་ཆོས་གཞི་ཅུང་ཟད་བཙུགས་ཏེ་པཎྜི་ཏ་ཏཱ་རུ་ལ་ཤྲཱི་བྷ་དྲ་


JKT018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤཱ་རི་སུ་ཏྲ་དང་། སྒྲ་གཅན་འཛིན་བཟང་པོ་སོགས་ཀྱིས་རང་སྟོབས་གང་ཡོད་ཀྱིས་བསྟན་པ་ལ་བྱ་བ་མཛད་ནའང་། དེང་སང་ནི་ཡུལ་དབུས་སུ་ནང་པའི་བསྟན་པ་འགའ་ཡང་མེད་པར་མངོན་ནོ། །གཞན་རྒྱ་གར་གྱི་ཡུལ་ཕྲན་སོ་སོར་ཇི་ལྟར་དར་བའི་ཚུལ་རྒྱས་པར་ཡི་གེས་འཇིགས་ཀྱང་། འཕགས་ཡུལ་ཤར་ཕྱོགས་དང་། བྱང་ཤར་ཤར་ཁར་ཁམ་དང་། བིཏྟ་ན་ག་ར་སོགས་སུ་སྔར་ནས་ཡོད་པ་དང་། མ་ག་དྷ་སོགས་སུ་བསྟན་པ་ནུབ་པས་རྐྱེན་བྱས། གསར་དུ་བཅོས་པའི་རྒྱུན་དེང་སང་ཡང་ཡོད་པར་གྲགས་ཤིང་གཙོ་བོར་ཐེག་ཆེན་པའི་རིང་ལུགས་འཛིན་པའོ། །སིངྒ་ལའི་གླིང་དང་། དྷ་ན་ཤྲཱིའི་གླིང་སོགས་སུ་ནི་ཉན་ཐོས་པ་དར་ཆེ་བར་མངོན། གཉིས་པ་ལ། བྱ་སྤྱོད་ཀྱི་རྒྱུད་གཉིས་ནི་སྟོན་པས་མིའི་འགྲོ་བ་ལ་གསུངས་པ་སོགས་དང་། གནོད་སྦྱིན་སོགས་ལ་བསྟན་པའི་རྒྱུན་དུས་དེ་ཉིད་ནས་བཟུང་འཕགས་ཡུལ་དུ་སྐལ་བ་ཅན་མང་པོས་སྔགས་གྲུབ་པའི་རྒྱུན་མ་ཉམས་པར་ཡོད་པ་ལ། ཕྱིས་ཐེག་ཆེན་དར་བའི་མགོ་བརྩམས་པ་དང་ཤིན་ཏུ་རྒྱས་པར་གྱུར་ལ། དེ་ཙམ་ན་རྣལ་འབྱོར་ཕྱི་ནང་གཉིས་ཀྱང་ཐོད་རྒལ་ཙམ་ལས་རྒྱུན་ཆགས་སུ་མེད་པར་མངོན་ཅིང་། ཕྱིས་བྲམ་ཟེ་སྒྲ་གཅན་འཛིན་གྱི་སྐུ་རིང་ནས་བཟུང་དར་ཞིང་རྒྱས། དེ་ཡང་སྟོན་པ་དངོས་ཀྱིས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་གསང་འདུས་དང་། ཤམྦྷ་ལར་གསང་


JKT018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཟླ་བཟང་ལ་དུས་འཁོར་གྱིས་གཙོས་པའི་རྒྱུད་ཐམས་ཅད་བསྟན་པར་བཞེད་པ་དང་། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་རབ་གསལ་ཟླ་བར་དཔལ་གསང་བ་འཛིན་པས་ལྷ་གནས་གསུམ་དུ་གྲགས་པའི་རྒྱུད་དེ་ཉིད་འདུས་པ་སོགས་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་བསྟན། སྟོན་པ་འདས་ནས་ལོ་སུམ་བརྒྱ་ཙམ་ན་དཔལ་ས་ར་ཧ་བྱོན་ནས་གསང་བདག་ལས་ལུང་བླངས་ཤིང་། མིའི་བླ་མའང་སློབ་དཔོན་རྣམ་པར་མི་རྟོག་པ་དང་། ཨོ་རྒྱན་དུ་ཀླུ་ལས་གྱུར་པའི་རྣལ་འབྱོར་མས་རྗེས་སུ་བཟུང་བ་བིསུ་ཀལྤ་སོགས་བསྟེན། ཨོ་རྒྱན་ནས་སངས་རྒྱས་ཐོད་པའི་རྒྱུད་སྤྱན་དྲངས། དེས་སློབ་དཔོན་ཀླུ་སྒྲུབ་རྗེས་སུ་བཟུང་། དང་པོ་ཐེག་ཆེན་དར་བ་ནས་འདིའི་བར་དུ་བྱ་སྤྱོད་གཙོ་བོར་གྱུར་པའི་སྔགས་ཀྱི་གྲུབ་ཐོབ་སྟོང་ཕྲག་བརྒྱ་བྱུང་བར་གྲགས། ཀླུ་སྒྲུབ་སློབ་མ་འཕགས་ལྷ་དང་། ཀླུ་བྱང་སོགས་དང་། དེ་དང་དུས་མཚུངས་དཔལ་ཤ་བ་རི་དབང་ཕྱུག་སོགས་ཀྱང་བྱོན། འདི་སྐབས་ཀྱི་སྔགས་ནི་གཙོ་བོར་གསང་སྡོམ་གདན་ཐོད་རྣམས་ཡིན་པར་གྲགས། །གཞན་ཡང་སློབ་དཔོན་རྟ་མཆོག་དཔལ་དང་། གྲུབ་པའི་དབང་ཕྱུག་ལཱུ་ཧི་པ་སོགས་བྱོན། ལཱུ་ཧི་པ་ནས་དཱ་རི་ཀ་པ། ཌིདྡྷི་སོགས་རྗེས་སུ་བཟུང་། དེ་འོག་ཟླ་བ་གྲགས་པས་ཀྱང་གསང་བ་འདུས་པའི་བསྟན་པ་ལྷག་པར་སྤེལ་བའི་རྗེས། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པས་ཀླུ་


JKT018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལས་གཤེད་སྐོར་ནོས་ཏེ་གྲུབ། རྡོ་རྗེ་བདག་མེད་མས་རྗེས་སུ་བཟུང་ཞིང་ས་དྲུག་པ་མངོན་དུ་གྱུར། ཨོ་རྒྱན་ནས་གཤེད་དམར་རྒྱུད་སྤྱན་དྲངས། བཤད་པ་དང་མན་ངག་གི་གཏད་པ་གྲུབ་ཆེན་གཡུང་པོ་ཁྲག་འཐུང་དང་། ནག་པོ་པ་སོགས་ལ་གཏད། འདི་ཙམ་ལ་སློབ་དཔོན་ས་ཧོ་རུ་ཧ་དང་། ལ་ལི་ཏ་བཛྲ་ཡང་བྱོན་ཏེ་སྔ་མས་ཨོ་རྒྱན་ནས་དགྱེས་རྡོར་དང་། ཕྱི་མས་གཤེད་སྐོར་སྤྱན་དྲངས། ཌོམྦིས་རི་གི་ཨཱ་ར་ལིའི་རྒྱུད་སྤྱན་དྲངས་ཏེ་ལྭ་བ་པ་སོགས་རྗེས་སུ་བཟུང་། གྲུབ་ཆེན་དཱ་ཀ་པའི་སློབ་མ་རྡོ་རྗེ་དྲིལ་བུ་པས་ཀྱང་བདེ་མཆོག་གི་སྐོར་མཆོག་ཏུ་གསལ་བར་མཛད། དེས་རུས་སྦལ་ཞབས་དང་། དེས་ཛ་ལཱནྡྷ་རི་པ་དང་། དེས་ནག་པོ་པ་རྗེས་སུ་བཟུང་། དེའི་འོག་ཏུ་སྔར་སྨོས་པའི་རྒྱལ་པོ་རབ་གསལ་ཟླ་བས་ཡོ་གའི་སྐོར་རྒྱ་ཆེར་སྤེལ། དེ་ནས་བིརླ་པ་ཆུང་བ་དང་། ནག་པོ་པ་ཆུང་བ་སོགས་གཞལ་གྱིས་མི་ལང་བའི་སིདྡྷ་པ་བྱོན། ཁྱད་པར་ཡོ་ག་པ་ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་རྒྱུད་ཀྱི་སྲོལ་རྒྱ་ཆེར་ཕྱེས། དེ་ནས་སློབ་དཔོན་སྒེག་པའི་རྡོ་རྗེས་ནཱ་ལེནྡྲར་སྔགས་བསྟན་རྒྱ་ཆེར་སྤེལ། དེའི་འོག་ཏུ་གྲུབ་ཆེན་ཀུ་ཀུ་རཱི་པ་ས་མ་ཧཱ་མཱ་ཡའི་སྐོར་རྣམས་ཨོ་རྒྱན་ནས་སྤྱན་དྲངས། སེང་གེ་བཟང་པོའི་ཞབས་ཀྱི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་ལས་དངོས་སུ་ལུང་མནོས་ཏེ་སྔགས་ཀྱི་ཤིང་རྟ་པ་ཆེན་པོར་གྱུར་ཅིང་བི་


JKT018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲ་མར་སྔགས་ཀྱི་སློབ་དཔོན་ཆེན་པོ་མཛད། ཀྲི་ཡོག་སྡེ་གསུམ་དང་། ནང་རྒྱུད་འདུས་སྒྱུ་མཉམ་སྦྱོར་ཟླ་གསང་འཇམ་དཔལ་ཁྲོས་པ། སྡེ་ལྔ་སོགས་རྒྱ་ཆེར་སྤེལ། ཚེ་འདིར་ཟུང་འཇུག་གི་སྐུ་གྲུབ་པ་བཞི་དང་། སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་སོགས་བྱོན་ཅིང་། འདི་གཉིས་ཀྱིས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསལ་བར་བྱས། དེའི་འོག་ཏུ་མཱ་ག་དྷའི་སློབ་དཔོན་ཀུན་སྙིང་བྱུང་། བྷཾ་ག་ལ་པ་རབ་གསལ་ཟླ་བའི་དངོས་སློབ་བཞི་ལ་གཏུགས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལུང་བྱིན་ནས་རྒྱུད་སྡེ་བརྒྱ་རྩའི་འགྲེལ་པ་མཛད། ལྷག་པར་རྣལ་འབྱོར་གྱི་རྒྱུད་གསལ་བར་བྱེད་པའི་ཉི་མ་གཅིག་པུར་གྱུར། འདི་ཙམ་ན་སློབ་དཔོན་ཡེ་ཤེས་བྱིན། ཡེ་ཤེས་གྲགས་པ། ལངྐ་རྒྱལ་བཟང་སོགས་དང་། ཁྱད་པར་ཤར་ཕྱོགས་ཛ་གོའི་ཡུལ་དུ་ཏིལླི་པ་བྱོན། ཙཱརྨ་པ་སོགས་བཀའ་བབས་བཞིའི་བླ་མ་བསྟེན། ཧེ་རུ་ཀ་ཉིད་ལས་རྡོ་རྗེ་ཐེག་པའི་བདུད་རྩི་གསོལ་ཅིང་གྲུབ་པའི་སྤྱོད་པ་ཆེན་པོ་མཛད། ཡང་སྔོན་ཚེ་ཞིག་པཎྜི་ཏ་ཟབ་པའི་རྡོ་རྗེས་ཨོ་རྒྱན་དྷ་མཱ་ཐ་ལ་ནས་ཡེ་ཤེས་ཀྱི་མཁའ་འགྲོས་བདུད་རྩི་བཞི་ཡི་དཀྱིལ་འཁོར་དུ་དབང་བསྐུར་བ་ནས་རིམ་པར་བརྒྱུད་དེ། ཕྱིས་ཀུན་སྙིང་གི་དུས་ཙམ་ན་སློབ་དཔོན་བདུད་རྩི་གསང་བས་དེའི་སྲོལ་ཕྱེ། རྒྱལ་པོ་དྷརྨ་པཱ་ལའི་རིང་ལ་སློབ་དཔོན་བི་དྷུ་རས་ཡེ་ཤེས་ཞབས་ཀྱི་སློབ་བརྒྱུད་འགའ་ཞིག་ལ་བསྟེན་


JKT018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསང་འདུས་དང་གཤེད་སྐོར་ལ་གྲུབ་པ་བརྙེས། དེ་ནས་བྷ་བ་བྷ་དྲ་དང་། སྐལ་ལྡན་གྲགས་པ། ལཱི་ལ་བཛྲ། མི་ཐུབ་ཟླ་བ། ཏ་ཐཱ་ག་ཏ་རཀཱི་ཏ་སོགས་བྱོན་ཅིང་རྒྱུད་སྡེ་རྒྱ་མཚོར་མཁྱེན་པ་རྒྱས། །བི་ཀྲ་མར་བསྟན་པ་སྐྱོང་། རྒྱལ་པོ་ཧི་མ་པཱ་ལའི་སྐུ་ཚེའི་སྨད་ཙམ་ན་ཤར་ཨོཆི་བར་ཙི་ལུ་པཎྜི་ཏ་བྱོན་ནས་རིགས་ལྡན་གྱི་སྤྲུལ་པར་དུས་འཁོར་གསན། ནཱ་ལེནྡྲར་པི་བ་ཆུང་བ་དང་། དུས་ཞབས་པ་ཆེན་པོ་རྗེས་སུ་བཟུང་། ཕྱི་མ་སླར་ཡང་ཤམྦྷ་ལར་བྱོན་ནས་རིགས་ལྡན་ཉིད་ལས་གསན་ཅིང་ཡུལ་དབུས་སུ་ཆེས་དར་བར་མཛད། འདི་སྐབས་སློབ་དཔོན་ཀ་མ་ལ་རཀྵི་ཏ་དང་། པདྨ་ལྕགས་ཀྱུ། འཇམ་དབྱངས་གྲུབ་པའི་དཔའ་བོ་ཛེ་ཏཱ་རི་རྣམས་བྱོན་ཅིང་བི་ཀྲ་མར་བཞུགས། དེ་ནས་རྒྱལ་པོ་ཙ་ན་ཀའི་རིང་ལ་བི་ཀྲ་མར་མཁས་པ་སྒོ་དྲུག་བྱོན་ཏེ་ཐམས་ཅད་ཀྱང་སྔགས་ཀྱི་གྲུབ་བརྙེས་ཆེན་པོ་ཡིན་མོད་ཀྱི། ཁྱད་པར་ཏིལླི་པ་དང་། དུས་ཞབས་པ་ཆེན་པོའི་སློབ་མ་ན་རོ་པ་ནི་རྡོ་རྗེ་ཐེག་པའི་གསང་འཛིན་མཆོག་ཏུ་ཁུམས་སོ། །དེ་རྗེས་ཇོ་བོ་རྗེས་ན་རོ་པ་སོགས་སྔགས་ཀྱི་བླ་མ་མང་དུ་བསྟེན། རྡོ་རྗེ་ཐེག་པ་གཟིགས་པའི་སྙན་བྱེ། ནཱ་རོ་དང་ཤྭ་བ་རིའི་སློབ་མ་མེ་ཏྲི་པས་ཀྱང་གྲུབ་སྙིང་ཨ་མ་ན་སི་གཙོ་བོར་གྱུར་པའི་སྔགས་བསྟན་བསྐྱངས། གཞན་ཡང་ནཱ་རོ་པ་སོགས་ཀྱི་སློབ་མ་རྡོ་རྗེ་གདན་པ་ཆེ་ཆུང་། དེ་པཱ་ཀ་ར་ཙནྡྲ། པྲཛྙཱ་རཀྴི་ཏ་


JKT018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཕྲིན་ལས་རྒྱས། སློབ་དཔོན་ཨ་ནུས་མ་རཀཱི་ཏ་དང་ནཱ་རོའི་ལྕམ་མིང་པོས་སྔགས་ལམ་དུ་སྨིན་ཟིན་པ་ཞིག་བཛྲ་དྷ་རས་རྗེས་སུ་བཟུང་བ་ཡེ་ཤེས་མཁའ་འགྲོ་ནི་གུ་མའང་བྱོན། བི་རཱུ་པ་དང་། །ནཱ་རོ་ལྕམ་སྲིང་གཉིས་ཀྱིས་སྲོལ་བཏོད་པའི་ལམ་འབྲས་དང་། ཆོས་དྲུག་ནི་བླ་མེད་སྤྱིའི་རྫོགས་རིམ་དུ་བཞག་གོ །དེའི་འོག་ཏུ་རྡོ་རྗེ་རྣལ་འབྱོར་མས་བསྟན་བཅོས་བརྩམས་པའི་མཆོག་བྱིན་པས་རྒྱུད་སྡེའི་དགོངས་པ་རང་དབང་དུ་འགྲེལ་ནུས་པ་ཨ་བྷ་ཡ་བྱོན་ཅིང་དགུང་ལོ་བརྒྱ་དང་ཉེར་གཅིག་ཏུ་བསྟན་པ་བསྐྱངས། བར་དོར་མཆོག་གྲུབ། དེ་དང་མཚུངས་པ་དུས་འཁོར་ཞབས་ཆུང་པའང་ནཱ་ལེནྡྲར་གྲགས་པར་བྱོན་ཅིང་། དང་པོའི་སངས་རྒྱས་ཀྱི་སེང་གེའི་སྒྲ་བསྒྲགས་པས་ཨ་བྷ་ཡ་སོགས་པཎྜིཏ་ལྔ་བརྒྱ་ཙམ་གྱིས་བཏུད། དེ་ནས་སྔགས་ཀྱི་རྡོ་རྗེ་འཛིན་པ་མ་ཧཱ་ན་ཉི་ཤུ་རྩ་བཞིར་གྲགས་པ་སོགས་བྱོན། ཕྱིས་རྒྱ་གར་ཤར་ཕྱོགས་སང་ནཱ་ག་རར་དཔལ་ནགས་ཀྱི་རིན་ཆེན་བྱོན་ཅིང་། གྲུབ་ཆེན་ཤ་བ་རིས་རྗེས་སུ་བཟུང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར། བོད་ཡུལ་དུ་ཡང་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། དེ་རྗེས་འཕགས་ཡུལ་ལྷོ་ཕྱོགས་སུ་ཁ་གེནྡར་རྡོ་རྗེ་སློབ་དཔོན་ཞི་བ་སྦས་པ་བྱོན་ཅིང་། ཡུལ་དེ་དང་ཀོ་ཀིའི་ཡུལ་སོགས་སུ་སྔགས་བསྟན་ཤིན་ཏུ་དར་བར་མཛད་ཀྱང་དེང་སང་ཇི་ལྟར་གྱུར་ཐོས་པར་མ་གྱུར་ལ།


JKT018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འགྲོ་ལྡིང་གི་ཡུལ་དུ་ནི། སྔར་སློབ་དཔོན་པདྨ་དང་། ཕྱིས་མར་མེ་མཛད་བཟང་པོས་ཀྱང་བྱོན་པས་སྔགས་བསྟན་ཤིན་ཏུ་དར་བར་གྲགས་སོ། །གཉིས་པ་བོད་ཡུལ་དུ་ཇི་ལྟར་བྱོན་ཚུལ་ལ། མདོ་སྔགས་གཉིས་ལས། དང་པོ་ལའང་འདུལ་མདོ་མངོན་པ་གསུམ་ལས། དང་པོ་ནི། འཇམ་དཔལ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཚན་བརྗོད་པར་དཀའ་བ་སློབ་དཔོན་ཞི་བ་འཚོས་སྡོམ་རྒྱུན་དང་། ཁ་ཆེའི་སློབ་དཔོན་ཛི་ན། དཱ་ན་གཉིས་ཀྱིས་བཤད་རྒྱུན་གཙོ་བོར་སྤེལ། སྔ་མའི་སློབ་མ་སད་མི་མི་བདུན་སོགས་དང་། ཕྱི་མ་ལ་སྐ་ཅོག་གཉིས་སོགས་མང་དུ་བྱོན། མཁན་པོའི་སློབ་མ་སྦ་རཏྣ་དང་། འཆད་ཚུལ་མང་ཡང་རང་ལུགས། ཅོག་རོ་གཉིས་ལས་དམར་གཡོ་གཙང་གསུམ་གྱིས་འདུལ་བ་གསན། བར་སྐབས་སུ་གླང་དར་མས་རྒྱལ་བསྟན་ལ་རྨ་འབྱིན་པའི་ཚེ་ཁམས་སུ་བྲོས་ནས་བཞུགས་པས་བསྟན་པ་ཕྱི་དར་གྱི་ཐོག་མར་བླ་ཆེན་དགོངས་པ་རབ་གསལ་གྱིས་གཏུགས་པས་སྨད་འདུལ་དང་། སྟོད་མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་པཱ་ལ་གསུམ་སོགས་བསྙེན་པར་རྫོགས་པས་སྟོད་འདུལ་དུ་གྲགས། འདིའི་བཤད་རྒྱུན་ཛི་ན་དཱ་ན་གཉིས་ལས། ཤཱཀྱ་སེན། དྷརྨ་པཱ་ལ། ཀླུབ་ལོ་ཙཱ། སྐྱོགས་འདུལ་འཛིན་དང་། ཡང་བླ་ཆེན་ནས། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཚུལ་ཁྲིམས་། །


JKT018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྟེ། སྐྱོགས་ཀླུ་གཉིས་ཀར་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་གསན་པས་བཤད་རྒྱུན་གྱི་ཆུ་བོ་གཅིག་ཏུ་འདྲེས་ཤིང་། འཛིམ་པ་ཤེས་རབ་འོད། སྣེ་སོ་གྲགས་རྒྱལ་ཏེ་གཙང་དང་། སྤོ་ཐུང་ཤེས་རབ་ཚུལ་ཁྲིམས་དང་། བླ་མ་གླེན་བྱང་ཚུལ་ཏེ་དབུས་ཀྱི་བུ་གཉིས་ཏེ་བཞིར་གྲགས་པའི་རྒྱུན་ལས་ཀུན་མཁྱེན་མཚོ་སྣ་པ་ཤེས་རབ་བཟང་པོ་དང་། བྱ་འདུལ་བ་འཛིན་པ་ཚུལ་ཁྲིམས་འབར་སོགས་བྱུང་ཞིང་། འདུལ་བསྟན་ཉིན་མོ་ལྟར་མཛད། ཁྱད་པར་མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ཁྲོ་ལོ་བྱམས་པའི་དཔལ་གྱི་བསོད་ནམས་ཟླ་མེད་པའི་མགྲོན་དུ་ཁུགས། དེས་ཁེར་གང་བྱང་ཆུབ་དཔལ། གཙང་པ་རྡོ་རྗེ་དཔལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སོགས་བསྙེན་པར་རྫོགས། སྔ་མ་གཉིས་ལས་ཚོགས་ཆེན་སྡེ་བཞིར་གྲགས་པ་བྱུང་། འདིས་སྣས་ལྷ་ས་ཀླས་མོ་ཆེར་དབྱར་གནས་སྐབས་མེ་ཏོག་ཕྲེང་རྒྱུད་གསུངས་པ། སེང་གེ་ཟིལ་གནོན་ལས་ཚད་མའི་སྐྱེས་བུ་དང་། དེ་ལས་བུ་སྟོན་རིན་པོ་ཆེས་གསན་ཅིང་ཊིཀྲ་ཆེན་ཡང་བརྩམས། སྤྱིར་བུ་སྟོན་རིན་པོ་ཆེ་ལ་འདུལ་བའི་བཤད་སྲོལ་གསུམ་ཀ་གཅིག་ཏུ་འདྲེས་ཤིང་། དེ་ནས་བཀའ་གདམས་གསར་མའི་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཙོང་ཁ་པ་སོགས་ཀྱིས་བསྟན་པ་ལ་བྱི་དོར་མཛད་པས་གཅིག་ཏུ་བཀའ་དྲིན་ཆེའོ། །


JKT018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐེག་པ་ཆེ་ཆུང་གི་མངོན་པ་ནི། སྔ་དར་གྱི་ཚེ་ཛཱི་ན་དཱ་ན་གཉིས་ལས་སྐ་ཅོག་སོགས་ཀྱིས་ཐེག་ཆེན་གྱི་མངོན་པ་ཀུན་བཏུས་དང་ཐེག་དམན་གྱི་མཛོད་རང་འགྲེལ་འགྲེལ་བཤད་རྒྱལ་སྲས་མ་སོགས་གསན་ཅིང་བསྒྱུར། དེ་དག་གི་སློབ་མ་སྦ་ཡེ་ཤེས་རྒྱལ་བ་ལས། གྲུམ་རྒྱལ་བ་ཡེ་ཤེས་ཀྱིས་གསན་ནས་རྒྱུན་དར་བ་དང་། ཡང་ནཱ་རོའི་སློབ་མ་སྨྲི་ཏིས་ཁམས་གླང་ཐང་དུ་མཛོད་ཀྱི་བཤད་པ་མཛད་པས་མཁས་བཙུན་མང་དུ་འདུས་ནས་མངོན་པ་འོག་མའི་བསྟན་པ་གཞིར་བཞེངས་སུ་བཏང་། ཕྱིས་པུ་ཏོ་བའི་སློབ་མ་རོག་དམར་ཞུར་དོལ་པ་ཤེས་རབ་རྒྱ་མཚོ་དང་། འབན་གུང་རྒྱལ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཀྱིས་བཟུང་སྟེ་སྣར་ཐང་པའི་དགེ་བཤེས་རྣམས་ལ་བཀའ་བབས་པ་སོགས་དང་། མངོན་པ་གོང་མ་རོང་ངུར་སྨྲིག་ཏུ་བྲང་ཏི་དར་མ་སྙིང་པོས་རྒྱ་ཆེར་སྤེལ། ཕྱིས་སུ་པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་ས་པཎ་ལ་མཛོད་ཀྱི་ཝཾ བཤད་པ་གནང་བ་དང་། མནལ་ལམ་དུ་ཨ་ཕྱི་འབུམ་པའི་དྲུང་དབྱིག་གཉེན་ལས་ཟླ་བ་གཅིག་ཏུ་གསན་པའི་ཐུགས་ཉམས་བྱུང་བས་བཤད་སྲོལ་ཁྱད་པར་འཕགས། །གསུམ་པ་མདོ་སྡེའི་བསྟན་པ་བྱོན་ཚུལ་ལ། ཉན་ཐོས་ཀྱི་མདོ་སྡེ་ནི་བཀའ་བསྡུ་དང་པོའི་ཚེ་བསྡུས་པ་རྣམས་རིམ་གྱིས་ཉམས་ནས་བཙུན་པ་དབྱིག་བཤེས་ཀྱི་སྐབས་ཀྱང་ཆེར་མི་བཞུགས་པར་གསལ་བ་བཞིན། །བོད་དུ་དེ་ལས་ཀྱང་ཅུང་ཟད་ཅིག་


JKT018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་འགྱུར་ཏེ་མདོ་སྡེ་ལས་བརྒྱ་པ་སོགས་སོ། །འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་ནི་རྒྱ་གར་དུ་བཞུགས་སོ་ཅོག་ལྗོངས་འདིར་བྱོན་ཅིང་། བསྟན་པ་སྔ་དར་གྱི་ཚེ་གླང་ཁམས་པ་གོ་ཆ་དང་། བ་གོར་བེ་རོ་ཙ་ན་སོགས་ཀྱིས་ཡུམ་གསུམ་གྱིས་མཚོན་པའི་བཀའ་དང་། དེའི་དགོངས་འགྲེལ་ཀྱང་དིཀྵ་སེ་ནའི་འབུམ་ཊིཀྲ་སོགས་མང་དུ་བསྒྱུར། བཤད་པ་དང་ཉམས་ལེན་གཉིས་ཀའི་རྒྱུན་རྒྱ་ཆེར་འཕེལ། དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཞི་འཚོ། པདྨའི་ངང་ཚུལ་སོགས་ཀྱི་རིང་ལུགས་འཛིན་པར་བཀས་བཅད་ཀྱང་བར་སྐབས་སུ་ཉམས་པ་ལས། ཕྱི་དར་གྱི་ཐོག་མར་ལོ་ཆེན་རིན་བཟང་གིས་པཎྜི་ཏ་གུ་ཎ་མི་ཏྲ་ལས་རྒྱན་འགྲེལ་པ་དང་བཅས་པ་གསན། དེས་ཤར་ཕྱོགས་པ་ཟླ་བ་བཟང་པོ། དེས་སློབ་དཔོན་བརྟན་སྐྱོང་། དེས་རྔོག་ལོ་ཆེན་པོར་བརྒྱུད། ཡང་ཇོ་བོས་འབྲོམ་སྟོན་ལ་ཕར་ཕྱིན་བཤད་པ་དང་། དེས་འབྲོ་སྟོང་བཙན་ལ་བཤད་པའི་སྲོལ་ཆེ་བ་གཅིག་དང་། ཇོ་བོས་ཕྱི་དར་སྟོན་པ་ལ་བཤད་པའི་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ་སོགས་དར། ཁྱད་པར་རྔོག་ལོ་ཆེན་པོའི་སློབ་མ་འབྲེ་ཤེས་རབ་འབར་གྱིས། སྔ་དར་གྱི་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་དང་། ཇོ་བོ་དང་། རིན་བཟང་གི་སྲོལ་གསུམ་རྣམས་གཅིག་ཏུ་དྲིལ་བའི་ལེགས་བཤད་ཀྱི་སྒྲོན་མེ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་སྟེ་བསྟན་པ་འདི་ལ་བྱ་བ་ཆེ་


JKT018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་དུ་མཛད་ཅིང་། རྔོག་ལོའི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་བཤད་སྲོལ་ལ་བསྟེན་དཔལ་ལྡན་ཕྱུ་པས་ཀྱང་སྤེལ། དབུ་མ་ནི་བསྟན་པ་སྔ་དར་ལ་ཡེ་ཤེས་སྙིང་པོ་དང་། ཅོག་རོའི་རྩ་ཤེས་བསྒྱུར་བ་སོགས་ལ་དཔག་ན་དར་བར་བྱུང་འདྲ། ཕྱི་དར་ལ་རྔོག་ལོ་ཆེན་པོས་ཤེས་རབ་སྒྲོན་མ་གཙོ་བོར་གྱུར་པའི་གཞུང་ལ་འཆད་ཉན་མཛད། དེ་ལས་བརྒྱུད་དེ་ཕྱ་པ་ཆོས་སེང་གིས་རང་རྒྱུད་ཀྱི་དྲིལ་བསྒྲོགས། ཁྱད་པར་པ་ཚབ་ལོ་ཙཱ་བ་ཁ་ཆེ་སཛྫ་ནའི་སྲས་གཉིས་སོགས་བསྟེན་ནས་ལོ་ཉེར་གསུམ་བཞུགས། བོད་དུ་རྩ་འཇུག་བཞི་གསུམ་སོགས་ཀྱི་འགྲེལ་པ་ཟླ་བས་མཛད་པ་ཅི་རིགས་བསྒྱུར། དགེ་བའི་བཤེས་གཉེན་ཤར་བས་ཀྱང་གྲོགས་མཛད་ནས་ཐལ་འགྱུར་གྱི་བ་དན་བསྒྲེངས་པས་པ་ཚབ་བུ་བཞིར་གྲགས་པ་སོགས་བྱོན། འཁོར་ལོ་ཐ་མའི་མདོ་སྡེ་ནི་ཤིན་ཏུ་རྒྱ་ཆེ། ནཱ་ལེནྡྲ་བི་ཧ་རར་མེའི་གནོད་པ་ལན་གསུམ་བྱུང་བས་ཕྱིས་འཕགས་ཡུལ་དུའང་ཆེར་མི་བཞུགས་ཤིང་། དེ་ལས་ཕལ་ཆེར་ཞིག་དང་དགོངས་འགྲེལ་བཅས་བསྟན་པ་སྔ་དར་གྱི་ཚེ་བསྒྱུར། ཕྱི་འགྱུར་ཀྱང་འགའ་ཞིག་ཡོད། དེ་དག་གི་བཤད་སྲོལ་ཡང་མང་དུ་བྱུང་བ་ལས་གཙོ་བོར་རྔོག་བཙན་གཉིས་ཏེ། སྔ་མས་ཁ་ཆེ་སཛྫ་ན་ལས་མདོ་སྡེ་རྒྱན། རྒྱུད་བླ། འབྱེད་གཉིས་རྣམས་ཀྱི་གཞུང་འགྲེལ་དང་བཅས་པ་རྒྱ་ཆེར་གསན་ནས་བསྟན་པའི་རྒྱུན་ཕྱིས་སུ་གཙང་ནག་པ།


JKT018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་པ། དོལ་བུ་པ་སོགས་ཀྱིས་རྩལ་དུ་བཏོན་པས་འཁོར་ལོ་ཐ་མའི་ངེས་དོན་རྒྱ་ཆེར་གསལ། གྲྭ་པ་མངོན་ཤེས་ཀྱི་མཁན་བུ་བཙན་ཁ་པོ་ཆེས་སཛྫན་ལས་རྒྱུད་བླ་སོགས་ཞུས། ལྕང་ར་བ་སོགས་སློབ་མ་རྣམས་ལ་བཤད། ཕྱི་མོའི་བར་བཤད་སྒྲུབ་ཀྱི་རྒྱུན་ཁྱད་པར་ཅན་བྱུང་ཡང་རྣམ་རིག་སྨྲ་བར་གྲགས་སོ། །གཉིས་པ་རྡོ་རྗེ་ཐེག་པ་ནི། སྔ་དར་གྱི་ཚེ་ཐོག་མར་ཆོས་རྒྱལ་ཐོ་རི་སྙན་ཤལ་དུས་སུ་དཔང་སྐོང་ཕྱག་བརྒྱ་དང་། མདོ་ཟ་མ་ཏོག་སོགས་བབས་ནས་དབུ་བརྙེས། ལྷ་གཅིག་སྲོང་བཙན་གྱི་དུས་སློབ་དཔོན་ཀུ་སཱ་ར་དང་བྲམ་ཟེ་ཤང་ཀ་ར་སོགས་བྱོན་ནས་ཐོན་མི་སོགས་ཀྱིས་ལོ་ཙཱ་མཛད་དེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཏུ་གྲགས་པ་བསྒྱུར། སྤྲུལ་པའི་རྒྱལ་པོས་ཀྱང་སྐལ་ལྡན་འགའ་ལ་ལྐོག་ཆོས་སུ་བསྟན་པས་གྲུབ་ཐོབ་མང་དུ་བྱུང་བར་གྲགས། ཁྱད་པར་ཁྲི་སྲོང་གི་དུས་སུ་སློབ་དཔོན་སངས་རྒྱས་གསང་བའི་མདུན་དུ་དབས་མཉྫ་ཤྲཱི་སོགས་བཏང་ཡང་མ་བྱོན་ནས་ཀྲི་ཡོག་སྡེ་གསུམ་གྱི་བཤད་པ་ཉན་ནས་དར་བར་བྱས། ཡོ་ག་བ་སྔགས་འཆང་དྷརྨ་ཀཱིརྟི་སོགས་ཀྱིས་ཀྱང་རྣལ་འབྱོར་གྱི་རྒྱུད་སྤེལ། བརྟུལ་ཞུགས་གྲུབ་པ་པདྨ་སཾ་བྷ་ཝས་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་སྨིན་གྲོལ་ཕོག །བྱེ་བྲག་ཏུ་མ་ཧཱ་ཡོ་གའི་སྐོར་རྣམས་ལས། རྒྱུད་སྡེ་སྒྱུ་འཕྲུལ་གྱི་སྐོར་སློབ་དཔོན་སངས་རྒྱས་གསང་བ་ལ་གཉགས་ཀྱིས་


JKT018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པ་སོགས་དང་། སྒྲུབ་སྡེ་བཀའ་བརྒྱད་ཀྱི་སྐོར། སློབ་དཔོན་ཤྲིནྟཾ་གནྡྷ། ཧཱུཾ་ཀ་ར། བི་མ་ལ་སོགས་ཀྱིས་དངོས་དང་བརྒྱུད་ནས་དར་བར་མཛད། ལུང་ཨ་ནུ་ཡོ་གའི་སྐོར་རྣམས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་ཞུས། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སེམས་ཀློང་གཉིས་ཤྲཱི་སེང་ཧ་ལས་བེ་རོས་གསན་པ་དང་། མན་ངག་སྡེ་ནི་བི་མ་ལ་ལས་མངའ་བདག་དང་ཉང་གིས་གསན་པ་སོགས་ཀྱི་རྒྱུན་ལས་བྱུང་། སྤྱིར་བརྒྱུད་པའི་བཀའ་བབས་དྲུག་ཅེས་གཏམ་དུ་གྲགས་ཤིང་། དེའང་བསྡུ་ན། དང་པོ་གཉགས། བར་དུ་གནུབས། ཐ་མ་ཟུར་ལ་བབས་པས་བོད་ཁམས་ཐམས་ཅད་རིག་སྔགས་འཆང་བའི་དབང་པོས་ཁེངས། དེའི་ཚེ་སློབ་དཔོན་རིན་པོ་ཆེ་དང་། གནུབས་ཆེན་སོགས་ཀྱིས་ཕྱི་མའི་དུས་ན་དགོས་པ་ཁྱད་པར་ཅན་གཟིགས་ཏེ་ཟབ་མོ་གཏེར་གྱིས་རི་བྲག་གངས་གསུམ་ཐམས་ཅད་བཀང་བ། ཕྱིས་སྨོན་ལམ་གྱིས་སྤྲུལ་པའི་གཏེར་སྟོན་མང་པོས་སྤྱན་དྲངས་ཏེ། དེའང་བཀའ་བརྒྱད་རྣམ་པ་གསུམ་དང་། བཀའ་འདུས་སྔ་ཕྱི་བར་གསུམ་དང་། བླ་མ་ཞི་དྲག་དང་། རྫོགས་པ་ཆེན་པོ་མན་ངག་སྙིང་གི་ཐིག་ལེའི་སྐོར་དང་། ཐུགས་རྗེ་ཆེན་པོ་ཞི་དྲག་དང་། འཇམ་དཔལ་ཚེ་བདག་ལ་སོགས་པ་རྣམས་ཏེ། སྔར་མངའ་བདག་ཉང་ཡབ་སྲས་དང་། ཕྱིས་ལྷོ་བྱང་གཉིས་ཁོ་ན་


JKT018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཆེ་ཞིང་། གཞན་ནི་གྲངས་ཀྱི་མཐས་གཏུགས་པ་མི་མངའ་ནའང་ཕལ་ཆེར་ལ་སོམ་ཉིའི་ཡུལ་དུ་གྱུར་པའང་སྣང་ཞིང་། འགའ་ཞིག་ཚད་ལྡན་དུ་ཁས་ལེན་དགོས་པར་སེམས། བསྟན་པ་ཕྱི་དར་གྱི་དུས་བྱ་སྤྱོད་གཉིས་ཀྱི་དབང་དང་རྗེས་གནང་རིགས་ལུང་བཀླག་པ་ཙམ་ལས་བཤད་སྲོལ་ཁུངས་མ་ནི་མ་བྱུང་བར་མངོན། རྣལ་འབྱོར་གྱི་རྒྱུད་ནི། ཐོག་མར་ལོ་ཆེན་རིན་བཟང་གིས་རྒྱ་གར་ཁ་ཆེའི་པཎྜི་ཏ་མང་པོ་ལ་གཏུགས། རྒྱུད་དང་འགྲེལ་པ་སྔར་མ་བསྒྱུར་བ་བསྒྱུར། བསྒྱུར་བ་ཞུ་ཆེན་མཛད། འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་ཆེན་པོ་བཏོད་ནས་རྔོག་ལེགས་ཤེ་སོགས་ཐུགས་སྲས་ཀྱི་གཙོ་བོ་བཞིས་དར་ཞིང་རྒྱས་པར་མཛད། བར་དུ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ཀྱང་ཡོ་གའི་སྐོར་ལ་གསན་པ་རྒྱ་ཆེར་མཛད། སྤང་འགྲེལ་ཡང་བསྒྱུར། ཟངས་དཀར་གྱི་བུ་བཞིར་གྲགས་པ་སོགས་དང་། རྩ་སྐྱ་ཤཱཀྲ་འབུམ། སྣུར་ཉི་མ་འོད་ཟེར་འཛིམ་པ་བློ་ཆེན་སོགས་རང་གི་བརྒྱུད་འཛིན་དང་བཅས་པས་སྤེལ། ཕྱིས་བུ་སྟོན་རིན་པོ་ཆེས་དབང་རྒྱུད་འགྲེལ་ཡོངས་སུ་རྫོགས་པ་གསན་ཅིང་། འཆད་རྩོམ་རྒྱ་ཆེར་མཛད་ནའང་དེང་སང་ནི་རྒྱུད་ཀྱི་བཀླགས་ལུང་དང་། དཔལ་རྩེ་དབྱིངས་གསུམ་སོགས་དབང་བསྐུར་འགའ་ཞིག་གནས་པ་ཙམ་མོ། །བླ་མེད་ཀྱི་རྒྱུད་ལ། ཕ་རྒྱུད་གསང་འདུས་ལས། འཕགས་ལུགས་ནི། ཐོག་


JKT018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལོ་ཆེན་རིན་བཟང་གིས་འདུས་པའི་རྒྱུད་འགྲེལ་ཆེན་སྒྲོན་གསལ་སོགས་བསྒྱུར་ཅིང་དབང་བཤད་སོགས་རྫོགས་པར་གསན། ཕྱིས་འདུས་པ་གསན་པའི་ལོ་ཙཱ་མང་ཡང་གཙོ་བོར་མར་འགོས་གཉིས་སུ་གྲགས་པའི་འགོས་ཁུག་པ་ལྷས་བཙས་ཀྱིས་དཱི་པཾ་ཀ་ར་དང་། དེ་བཱ་ཀ་ཙནྡྲ་སོགས་པཎྜི་ཏ་བདུན་ཅུ། མཁའ་འགྲོའི་བླ་མ་གཉིས་རྣམས་ལས་གསང་འདུས་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་གསན། སློབ་མ་མང་ར་བ་སེང་གེ་རྒྱལ་མཚན་སོགས་མཆོག་དྲུག་བྱུང་ནས་རིམ་པར་དར། ལྷོ་བྲག་མར་ལོས་ནཱ་རོ་དང་ཡེ་ཤེས་སྙིང་པོ་སོགས་ལས་གསང་འདུས་དབང་རྫོགས་པར་གསན། བོད་དུ་ཀ་ཆེན་བཞི་ལས་མཚུར་སྟོན་དབང་ངེ་ལ་གནང་། དེས་ཁམས་པ་རོ་མཉམ་རྡོ་རྗེ་སོགས་ལ་བརྒྱུད་པ་དང་། གཞན་ཡང་ཇོ་བོས་རོང་པ་ཕྱག་སོར་བ་ལ་བཤད་པ་རོང་ལུགས། ཆགས་ཆོས་རྗེ་དཔལ་གྱིས་པཎྜི་ཏ་པ་རེནྡྲར་གསན་ནས་འུ་ཡུག་ཀུང་ར་བ་བླ་མ་དཔལ་སོགས་ལ་བཤད་པ་ཆགས་ལུགས། ཁ་ཆེ་པཎྜི་ཏས་ས་པཎ་དང་། དཔྱལ་ལོ་ལ་གནང་བ་དཔྱལ་ལུགས་སོགས་བྱུང་ནའང་གཙོ་བོར་འགོས་ལུགས་ཉིད་བཟུང་ངོ་། །ཡེ་ཤེས་ཞབས་ལུགས་ནི། དང་པོར་ལོ་ཆེན་རིན་བཟང་དང་། སྨྲ་ཏི་ཛྙཱ་ནས་དར་བར་མཛད་པས་ལོ་ཆེན་ལུགས་དང་། ཁམས་ལུགས་སུ་གྲགས་པ་བྱུང་། ཕྱིས་པཎྜི་ཏ་པུཎྱ་ཤྲཱི་ནས་གཉན་ལོར་བརྒྱུད་པ་ས་ལུགས།


JKT018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་པུཎྱ་ཤྲཱི་སོགས་ནས་རྭ་ལོས་གསན་པ་རྭ་ལུགས། གཉོས་འབྱུང་པོས་བ་ལི་ཨཱ་རླ་ལ་བསྟེན་པས་གཉོས་ལུགས་སོགས་བྱུང་། ཕ་རྒྱུད་གཤེད་སྐོར་ནི། ཕྱི་དར་ལ་དང་པོ་ཅོག་ལོ་ཙཱ་བ་ཞང་ཤེས་རབ་བླ་མས་དགྲ་གདོང་འཇིགས་གསུམ་གྱི་དབང་བཤད་དར་བར་མཛད། ཨུ་པ་ཤྲཱི་མི་ཏྲ་ལས་རོང་ཟོམ་ཆོས་བཟང་གིས་ཞུས་ཏེ་ནག་འཇིགས་ཀྱི་རྒྱུད་སོགས་བསྒྱུར། ནིཀྐ་ལཱངྐ་ལས་དཔྱལ་ཆོས་བཟང་གིས་གཤེད་དམར་སྐོར་ཞུས་ཏེ་དར་བར་མཛད། དེ་བཞིན་དུ་དཱ་ན་ཤཱི་ལས་ས་པཎ་དང་། ཆགས་ལོ་ཙཱ་བ། དར་པཎ་ལས། གློ་བོ་ལོ་ཙཱ་བས་ཀྱང་གསན་ཏེ་དེ་བཞི་ལས་གཤེད་དམར་གྱི་སྐོར་བྱུང་། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་པོ་པ་རོ་ཕྱག་རྡུམ་དང་། མེ་ཙ་ལིང་པ་གཉིས་ལ་བསྟེན་ནས་འཇིགས་བྱེད་ཀྱི་སྐོར་དང་། ཁྱད་པར་བལ་པོ་ཐུགས་རྗེ་ཆེན་པོར་དགྲ་གདོང་འཇིགས་གསུམ་གསན་ནས་དར་བ་རྭ་ལུགས། བླ་མ་སྐྱོ་འོད་འབྱུང་གིས་དོན་ཡོད་རྡོ་རྗེ་ལས་འཇིགས་བྱེད་ཀྱི་སྐོར་གསན་ནས་དར་བ་སྐྱོ་ལུགས། ཞང་ཅོག་གྲུ་ལོ་ཙཱས་དེ་བཱ་ཀར་ཙནྡྲར་ནག་འཇིགས་གཉིས་གསན་ནས་དར་བ་ཞང་ལུགས། གཉོས་ལོས་བ་ལཾ་ཨ་ཙརླ་སོགས་ལས་ནག་པོ་སྐོར་གསུམ་གསན་ཏེ་དར་བ་གཉོས་ལུགས་ཏེ། མདོར་ན་དཔྱལ་ལོ་སོགས་བཞི་ལས་གཤེད་དམར་དང་། རྭ་སྐྱོ་ཞང་གཉོས་ལོ་བཞི་ལས་ནག་པོ་སྐོར་གསུམ་གཙོ་བོར་དར་ཏེ་དེ་


JKT018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་བཀའ་བབས་བརྒྱད་དོ། །མ་རྒྱུད་ཀྱི་ཕྱོགས་ལ། གདན་བཞིའི་དབང་ཁྲིད་མན་ངག་དང་བཅས་པ་ནི་ལོ་ཆེན་དུས་ཅུང་ཟད་བྱུང་བ། ག་ཡ་དྷ་ར་ཡབ་སྲས་ཀྱིས་སྲོལ་བཏོད་ཅིང་། མར་འགོས་གཉིས་ཀྱིས་རྒྱ་ཆེར་སྤེལ། སྒྱུ་འཕྲུལ་ཆེན་མོའང་དེ་དང་མཚུངས། སངས་རྒྱས་ཐོད་པ་གྱི་ཇོ་ཟླ་འོད་ཀྱིས་རྒྱུད་འགྲེལ་བསྒྱུར་བཤད་མཛད་པ་དང་མར་འགོས་སོགས་ལས་ཀྱང་དར། བདེ་མཆོག་ནི། ཕྱི་དར་གྱི་ཐོག་མར་ཇོ་བོ་རྗེས་ལོ་ཆེན་དང་། རོང་པ་འབར་དགེ་སོགས་ལ་གནང་། ལོ་ཆེན་དང་འགོས་ཀྱིས་པཎྜི་ཏ་མང་པོར་དབང་རྒྱུད་མན་ངག་སོགས་གསན་ཅིང་བསྒྱུར། ཕྱིས་ཇོ་བོས་ནག་ཚོ་ལའང་གནང་། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བལ་པོར་ཕམ་མཐིང་པ་ལས་གསན་པ་དང་། དེ་དང་ཕམ་མཐིང་པ་གཉིས་ཀར་མལ་ལོ་བློ་གྲོས་གྲགས་ཀྱིས་གསན་པ་ས་སྐྱ་བར་བཀའ་བབས་པ་དང་། མར་ལོས་ནཱ་རོ་ལས་བདེ་མཆོག་གི་མན་ངག་མང་དུ་གསན་པ་དང་། མར་པ་དོ་པས་ནཱ་རོའི་སློབ་མ་ན་ཀ་ཤྲི་སོགས་མང་པོ་བསྟེན་ནས་སློབ་མ་གཟེ་པ་བློ་ལྡན་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་སྲོལ་རྣམས་ལས། ཚོགས་པ་དང་སློབ་མར་བཤད་པའི་བདུད་རྩི་གཉིས་ཀས་མྱོས་པ་ནི་མལ་ལོ་ཙཱ་བ་སྟེ། ལུགས་འདི་ལ་རྣལ་འབྱོར་གསང་མཐའ་ཞེས་པའི་གཏམ་གྱིས་མཛེས་པ་ཡིན་ནོ། །གཞན་ཡང་ཕམ་མཐིང་པ་སྐུ་མཆེད་ལས་པུ་ཧྲང་ལོ་ཆུང་ཞེས་


JKT018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དུ་གཤེགས་པ་དེ་ལས་གཉོས་ལོ་སོགས་ཀྱིས་གསན་པའི་སྲོལ་ཅི་རིགས་པ་ཡོད་དོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྐོར་པཎྜི་ཏ་ཛ་ཡ་སེ་ན་ལ་སུཾ་བྷ་ལོ་ཙཱ་དཔལ་མཆོག་དང་པོའི་རྡོ་རྗེས་དབང་བཤད་རྫོགས་པར་གསན་ཏེ་དཔལ་ས་སྐྱ་པར་བཀའ་བབས་པ་སོགས་དང་། དེའི་ཡུམ་བཀའ་ཕག་མོ་ལྷ་སོ་བདུན་མར་གྲགས་པའི་དབང་བསྐུར་དང་། བསྙེན་སྒྲུབ་ཀྱི་རྒྱུན་ཙམ་དང་། ཁྱད་པར་ཕག་མོ་གཞུང་དྲུག་ཏུ་གྲགས་པའི་སྐོར་རྣམས་རྔོག་ལོ་དང་། རྭ་ལོ་དང་། ཁུ་ནེ་ཙོ་དང་། སྣུབ་སྟོན་སོགས་ལས་དར་རོ། །དེ་དང་རྗེས་སུ་འབྲེལ་བའི་མཁའ་སྤྱོད་སྐོར་གསུམ་ཞེས་དཔལ་ས་སྐྱ་པ་ལ་བཀའ་བབས་པ་དང་། གཞན་ཡང་མར་པ་ནས་བརྒྱུད་པ་སོགས་མང་ཙམ་སྣང་ངོ་། །དཔལ་དགྱེས་པ་རྡོ་རྗེ་ཡབ་ཡུམ་ཀྱི་སྐོར་ནི། རྒྱ་གར་དུ་སྲོལ་ཆེན་དྲུག་གམ་བདུན་ཅེས་གྲགས་ཤིང་། སྤྱིར་སྲོལ་འབྱེད་བཅུ་གཉིས་ཙམ་ཡོད་པ་ལས། འབྲོག་མྱིས་ག་ཡ་དྷ་ར་དང་། འགོས་ལོས་ནག་པོ་པ། མར་པས་ནཱ་རོ་པ། སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་ཕམ་མཐིང་པ་ལས་ནཱ་རོའི་ལུགས་གསན་པ་སོགས་ལས་དར་མོད། གཙོ་བོ་ནི་མར་པས་མེས་རྔོག་གཉིས་ལ་བསྟན་པ་གཏད་པས་རྒྱ་ཆེར་དར་བ་དང་། ཁྱད་པར་འབྲོག་མི་ལོ་ཙཱ་བ་ལས་བརྒྱུད་པའི་བཤད་པ་དང་མན་ངག་གི་རྒྱུན་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་མཚོར་བསྐྱིལ་


JKT018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བཤད་སྒྲུབ་ཀྱི་རྦ་རླབས་ཕྱོགས་བརྒྱར་གཡོ་བར་གྱུར་ཏོ། །གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་རྒྱུད་ནི། ཐོག་མར་པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་དང་། གྱི་ཇོ་ལོ་ཙཱ་བས་བསྒྱུར་ཅིང་། ཁྲོམ་ལོ་ཙཱ་པདྨ་སོགས་བུ་ཆེན་བཞི་ལས་བརྒྱུད་པ་གྱི་ཇོ་ལུགས་དང་། འབྲོ་ལོ་ཙ་བས་ཁ་ཆེ་ཟླ་མགོན་ལས་གསན་ནས་དར་བ་འབྲོ་ལུགས། ཙ་མི་སངས་རྒྱས་གྲགས་ཀྱིས་དུས་ཞབས་པ་ལ་གསན་ནས་གྲྭ་ལོ་སོགས་ལ་བཤད་པ་ཙ་མི་ལུགས། བལ་པོའི་པཎྜི་ཏ་ས་མན་ཤྲཱི་ལས་རྭ་ཆོས་རབ་ཀྱིས་གསན་པ་རྭ་ལུགས། གཞན་ཡང་པཎ་ཆེན་ལུགས། ཆག་ལུགས། ཤ་བ་རི་པའི་མན་ངག་གི་ལུགས་སོགས་མང་པོ་བྱུང་། དེ་དག་གི་གདམས་ངག་གཙོ་བོར་སྦྱོར་བ་ཡན་ལག་དྲུག་ལའང་ལུགས་སྲོལ་མི་འདྲ་བ་བཅུ་བདུན་ཙམ་བཞུགས་པ་སོགས་མཐའ་ཀླས་ཤིང་། ཕྱིས་བུ་དོལ་གཉིས་བསྟན་པའི་བདག་པོར་གྱུར་པ་ལས་ཀྱང་ཚུལ་འདིར་བཤད་སྒྲུབ་གཉིས་ཀའི་སྒོ་ནས་བཀའ་དྲིན་ཆེ་བ་ནི་ཀུན་མཁྱེན་ཇོ་ནང་པ་ཉིད་ཡིན་ནོ། །དེ་དང་རྗེས་མཐུན་གྲུབ་ཆེན་ཨོ་རྒྱན་པས་སྤྲུལ་པའི་ཡུལ་དྷ་མ་ཐ་ལར་རྡོ་རྗེ་རྣལ་འབྱོར་མ་ལས་མངོན་སུམ་དུ་གསན་པའི་ཨོ་རྒྱན་བསྙེན་སྒྲུབ་ཅེས་གྲགས་པའང་། ཡི་དམ་ཀྱིས་ལུང་བསྟན་པའི་རྟོགས་ལྡན་མཁར་ཆུ་པ་དང་། ཀུན་མཁྱེན་རང་བྱུང་པ། རྟོགས་ལྡན་ཟླ་བ་སེང་གེ །དཔལ་ལྡན་སྤུ་ཧྲ་པ། རྗེ་བཙུན་ཟུར་ཕུག་པ་སོགས་ལས་བརྒྱུད་


JKT018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་སོགས་ཚད་མའི་སྐྱེས་བུ་མང་པོས་ཀྱང་གསན་པར་མཛད་དོ། །དེ་དག་གིས་རྒྱུད་གཙོ་བོར་སྟོན་པའི་བབས་ཚུལ་མདོར་བསྡུས་ཙམ་བྲིས་པ་ཡིན་ལ། མན་ངག་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཀྱི་རིང་ལུགས་ལ། ལམ་འབྲས་བུ་དང་བཅས་པ་ནི། ཐོག་མར་གཱ་ཡ་དྷ་རས་སྲོལ་བཏོད། བར་དུ་འབྲོག་མི་དཔོན་སློབ་ཀྱིས་དར་བར་མཛད། ཐ་མར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་ཤིན་ཏུ་གསལ་བར་ཕྱེས། དེ་ལ་ཡང་སྔ་ཕྱིར་ལུགས་སྲོལ་མི་འདྲ་བ་བཅོ་བརྒྱད་ཙམ་བྱུང་བར་གྲགས་ནའང་ཕལ་ཆེར་ཧ་ཅང་དར་བར་མ་མངོན་ཅིང་། །ཞྭ་མ་ལུགས་དང་། ས་ལུགས་གཉིས་དར་རྒྱས་ཆེ་བ་ལས། ས་སྐྱ་པའི་ལུགས་ནི་དེང་སང་གི་བར་དུ་རྗེ་བཙུན་གོང་མ་ལྔ་དང་། ངོར་རྫོང་གོང་གསུམ་སྙན་བརྒྱུད་ཀྱི་མངའ་བདག་ཚར་ཆེན་ཡབ་སྲས་སོགས་ཀྱིས་ཉིན་མོ་ལྟར་མཛད་དོ། །ཕྱག་རྒྱ་ཆེན་པོར་གྲགས་པའི་གཙོ་བོ་ནི། རྗེ་བཙུན་མར་པ་ལོ་ཙཱས་གངས་ཅན་གྲུབ་བརྒྱའི་སྤྱི་མེས་མི་ལ་རིན་པོ་ཆེར་སྒྲུབ་བརྒྱུད་ཀྱི་བསྟན་པ་གཏད། དེའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེས་བཀའ་གདམས་ཀྱི་བདུད་རྩིས་ཚིམས་པར་མཛད་པའི་རྗེས་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་ལ་ཞུགས་པས་གྲུབ་པ་བརྙེས་ནས། སློམ་མ་ཁམས་པ་མི་གསུམ་དུ་གྲགས་པའི། དུས་གསུམ་མཁྱེན་པ་ལས་ཀརྨ་


JKT018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་དང་། ཕག་གྲུ་ལས་འབྲི་སྟག་འབའ་རོམ་ཁྲོ་ཕུ་བཀའ་བརྒྱུད་དང་། སྒོམ་ཚུལ་གྱི་སློབ་མ་ཞང་རིན་པོ་ཆེ་ལས་ཚལ་བ་བཀའ་བརྒྱུད་སོགས་བྱོན་ནས་གངས་ཅན་གྱི་རི་བོའི་སུལ་ཐམས་ཅད་མཛེས་པར་ལྟ་བྱས། ཁྱད་པར་དཔལ་ལྡན་འབྲུག་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་སོང་། གཞན་ཡང་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལས་རས་ཆུང་སྙན་བརྒྱུད་དང་། ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་ལས་ངན་རྫོང་སྙན་བརྒྱུད་དུ་གྲགས་པ་སོགས་བྱུང་། ཤངས་པ་བཀའ་བརྒྱུད་དུ་གྲགས་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཐམས་ཅད་པའི་ངོ་བོ་མཁས་གྲུབ་ཁྱུང་པོ་བརྩོན་འགྲུས་མགོན་རྗེས་སུ་བཟུང་། དེས་རྨོགས་ལྕོག་པ་རིན་བརྩོན། སྐྱེར་སྒང་པ་ཆོས་སེང་། འགྲོ་མགོན་སངས་རྒྱས་སྟོན་པའི་བར་དུ་ཆིག་བརྒྱུད་ཀྱི་རྒྱས་བཏབ་པ་བརྒྱུད་པ་རིན་པོ་ཆེ་སྣ་བདུན། དེ་ནས་བཀའ་སྲོལ་རྣམ་ལྔ་ལ སོགས་རྒྱ་ཆེར་སྤེལ་བས་དབུས་སུ་འཇག་བསམ་གཉིས་དང་། ཤངས་དང་། ཉང་སོགས་སུ་རྒྱ་ཆེར་འཕེལ་ལོ། །ཞི་བྱེད་དུ་གྲགས་པ་ནི། ངོ་མཚར་བརྒྱུད་པའི་བླ་མ་སོ་དྲུག་དང་། བདེ་གཤེགས་བཅུ་གཉིས་སོགས་ཀྱིས་རྗེས་སུ་བཟུང་པ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱིས་བོད་འདིར་བརྩེ་བས་དགོངས་ཏེ་ལན་མང་དུ་བྱོན་པ་ལས། དང་པོར་ཨང་པོ་ལོ་ཙཱ་བ་སོགས་དང་། བར་དུ་རྨ། སོ། ཀཾ་དགེ་འདུན་


JKT018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གསུམ་དང་། ཐ་མ་དམ་པ་ཀུན་དགའ། ཕྱར་ཆེན། ཕྱར་ཆུང་སོགས་བུ་ཆེན་བདུན་ལ་སྤེལ་ནས་རྒྱ་ཆེར་དར། དེ་ནས་བརྒྱུད་པའི་གདམས་ངག་ལ་བརྟེན་ནས་རང་སྟོབས་ཀྱིས་ཕྱེ་བ་གཅོད་ཡུལ་ཅེས་གྲགས་པ་ནི་ཡུམ་ཆེན་མོ་མི་མོའི་ཤ་ཚུགས་ལ་བརྟེན་པ་མ་གཅིག་ལབ་ཀྱི་སྒྲོལ་མས་རྒྱ་ཆེར་སྤེལ་བ་ལས་གྲུབ་མཐའ་ཕལ་ཆེར་ལ་ཁྱབ་པར་གྱུར་ཏོ། །དེ་རྣམས་ནི་མདོ་སྔགས་སོ་སོར་ཕྱེ་བའི་མན་ངག་མ་ཡིན་ཏེ། དཔེར་ན་ལམ་འབྲས་ལས་ཀྱང་། སངས་རྒྱས་ཀྱི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ་ཞེས་གསུངས་པ་ལྟར། སྔོན་འགྲོ་སྣང་གསུམ་གྱིས་མདོ་དང་། དངོས་གཞི་རྒྱུད་གསུམ་གྱིས་སྔགས་བླ་མེད་མཐའ་དག་གི་དབང་བཞིའི་ལམ་སྟོན་པའི་ཕྱིར་དང་། དེ་བཞིན་ཕྱག་རྒྱ་ཆེན་པོའང་སྤྱིར་སྔགས་ལུགས་ཡིན་མོད་ཀྱི། གདུལ་བྱ་དབང་རྟུལ་ལ་ཤེར་ཕྱིན་གྱི་ལྟ་བ་ངོ་སྤྲད་པར་ཕྱག་ཆེན་གྱི་མིང་གིས་བཏགས་ནས་འཆད་པ་སོགས་སོ། །མདོ་ལུགས་རང་རྐང་གི་ཉམས་ལེན་གྱི་གནད་ཐམས་ཅད་བསྡུས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་ནི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྷ་གཅིག་དཱི་པཾ་ཀཱ་ར་ལས་བྱུང་སྟེ། དེའང་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཕོ་ཉར་མངགས་ཏེ་གངས་ཅན་པའི་བསོད་ནམས་ཀྱི་ཞིང་དམ་པར་ཇོ་བོ་རྗེ་བྱོན་པར་བསྐུལ་བ་བཞིན་ཕེབས་ནས་སྔར་


JKT018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྣལ་མ་ཞིག་བྱུང་ནའང་བར་སྐབས་སུ་རྙོགས་པའི་དྲི་མ་ཅུང་ཟད་ཀྱིས་བསླད་པ་རྣམས་བསལ་ཏེ་བསིལ་ལྗོངས་ཐམས་ཅད་ཉིན་མོ་ལྟ་བུར་མཛད། དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་ཀྱང་ཁུ་རྔོག་འབྲོམ་གསུམ་ནི་གཙོ་བོ་ཡིན་ལ། དེ་ལས་ཀྱང་འབྲོམ་སྟོན་པ་སྐྱེ་བ་དུ་མར་ཡབ་སྲས་ཀྱི་ཚུལ་བཟུང་བས་ཐུགས་སྲས་གཅིག་པུར་གྱུར་པ། དེའི་སློབ་མ་སྐུ་མཆེད་གསུམ་ཞེས་པའི་འཇམ་དབྱངས་རྣམ་འཕྲུལ་པོ་ཏོ་བ་རིན་ཆེན་གསལ་གྱིས་བཀའ་གདམས་གཞུང་དྲུག་ལ་ཉན་བཤད་མཛད་པས་གཞུང་པ་དང་། ཕྱག་རྡོར་རྣམ་འཕྲུལ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་སྒྲུབ་པ་གཙོ་བོར་མཛད་ནས་བདེན་བཞིའི་མན་ངག་གསུངས་པས་མན་ངག་པ་དང་། སྤྱན་རས་གཟིགས་སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་སྐྱེས་བུ་གསུམ་གྱི་ལམ་རིམ་ཆེས་ཆེར་སྤེལ་བས་གདམས་ངག་པ་དང་། ནག་ཚོ་སོགས་ཇོ་བོའི་སློབ་མ་བརྒྱད་དང་། ཉིང་སློབ་གཉིས་ཏེ་བཅུ་ལ་གཏུགས་པ་རོང་པ་ཕྱག་སོར་བ་ལས་ནག་ཚོ་བཀའ་བརྒྱུད་དམ། བཀའ་གདམས་འོག་མ་ཞེས་གྲགས་པ་ནས་བཟུང་སྟེ་ཕྲིན་ལས་ཀྱི་ཀློང་ཆེན་པོ་བརྡོལ་ཏེ་བར་སྐབས་ཤིག་ཏུ་ཁ་བ་ཅན་གྱི་ནོར་འཛིན་ཐམས་ཅད་ཁྱབ་པར་གྱུར་ནའང་། ཕྱིས་སུ་བསྟན་པ་ཐམས་ཅད་ལ་ཐིམ་སྟེ་གནས་པ་ལས་ཟུར་དུ་འབྱེད་རྒྱུ་མ་བྱུང་ཞིང་། འོན་ཀྱང་འཇམ་དཔལ་གཞོན་ནུ་བྱིས་པའི་གཟུགས་ཀྱིས་རྒྱུ་བ་ཤར་ཙོང་ཁ་པ་བློ་


JKT018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གྲགས་པས་ཐུན་མོང་མདོ་ཕྱོགས་ཀྱི་གདམས་ངག་ལས་རྒྱ་ཆེན་སྤྱོད་པའི་སྲོལ་ཇོ་བོ་ཡབ་སྲས་དང་། ཟབ་མོ་སྟོང་པའི་སྲོལ་དང་། རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཚད་མར་མཛད་ནས་ལམ་རིམ་གཉིས་སོགས་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་པའི་བགྱི་བས་རྒྱལ་བསྟན་སླར་ཡང་ཉིན་མོར་བྱེད་པ་ལ་བཀའ་གདམས་གསར་མ་ཞེས་མཚན་དུ་གསོལ་བའང་ཡོད་དེ་དོན་ལ་གནས་པ་ཉིད་དོ། །དེ་ལྟར་ཛམྦུའི་ལྗོན་པས་མཚན་པའི་ལྗོངས་འདིར་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་དར་བའི་གནས་ཀྱི་མཆོག་ནི་འཕགས་བོད་གཉིས་ཁོ་ནར་ངེས་པའི་ཕྱིར་ཅུང་ཟད་བཤད་པ་ཡིན་ལ། གཞན་དུ་དཔལ་དུས་ཀྱི་འཁོར་ལོ་ལས་ལྷོ་གླིང་དབུས་མ་འདིའི་ཕྱེད་བྱང་མ་ལ་དུམ་བུ་དྲུག་ཏུ་བྱས་པའི་བྱང་ནས་རིམ་པར་གངས་ཅན། ཤམྦྷ་ལ། རྒྱ་ནག །བོད། ལི། རྒྱ་གར་ཞེས་ཡུལ་གྱི་དུམ་བུ་དྲུག་ཏུ་གསུངས་པ་ནི་ལས་ཀྱི་ས་ཉིད་ཡིན་ཕྱིར་བསྟན་པ་རིན་པོ་ཆེ་འདེགས་པར་བཟོད་པའི་ནོར་འཛིན་གྱི་གཞིའོ། །དེ་སླད་དང་པོ་གངས་ཅན་དུ་བྲི་མ་ཀ་ཊདྷུ་ནའི་མཆོད་རྟེན་དུ་ནག་པའི་ཉ་ལ་བདག་ཅག་གི་སྟོན་པས་དང་པོར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས། གཉིས་པ་ཤམྦྷ་ལར་ ཆོསརྒྱལཟླབཟངཔོ ་ནས་ལྷ་དབང་ལྡན་གྱི་བར་སྤྲུལ་པའི་ཆོས་རྒྱལ་བདུན་དང་། འཇམ་དཔལ་


JKT018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་སོགས་རིགས་ལྡན་ཉེར་ལྔ་བྱོན་ནས་ཕྱི་མའི་མཐར་ཐུག་པའི་བར་རྡོ་རྗེ་ཐེག་པ་དང་པོའི་སངས་རྒྱས་གཙོ་བོར་གྱུར་པའི་བསྟན་པ་ཤིན་ཏུ་གསལ་བར་མཛད། ཁྱད་པར་མ་འོངས་པར་ཀླ་ཀློས་འཛམ་གླིང་ཕལ་ཆེར་དབང་བསྒྱུར་བའི་ཚེ་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་སྤྲུལ་པའི་དམག་གིས་བཏུལ་ཏེ་ལས་ས་དུམ་བུ་བཅུ་གཉིས་སུ་གསང་བ་མཆོག་གི་བསྟན་པ་འཇོག་པར་ལུང་བསྟན་གྱི་བདེན་པ་ལས་རྗེས་སུ་དཔག་གོ །གསུམ་པ་རྒྱ་ནག་ཏུ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཧན་གྱི་རྒྱུད་ལས་ཧ་ན་མིན་ཏི་ཞེས་བྱ་བའི་རྒྱལ་པོའི་ཚེ་འཕགས་ཡུལ་གྱི་པཎྜིཏ་གྲོལ་བ་དང་། འབར་བ་ཟེར་བ་གཉིས་བྱོན་ནས། ཐེག་པ་ཆུང་ངུའི་སྡེ་སྣོད་ལྔ་བཅུ་རྩ་གཉིས་དང་། ཨུ་དྲ་ཡ་ནས་བཞེངས་པའི་ཐུབ་པའི་བྲིས་སྐུ་བཅས་བསྣམས་ནས་ཕེབས་ཏེ་བསྟན་པའི་དབུ་བརྙེས། སའི་ཕའི་གསི་ཞེས་པའི་གཙུག་ལག་ཁང་ཐོག་མར་བཞེངས། དེ་གཉིས་ཀྱིས་དགྲ་བཅོམ་ཐོབ་ཅིང་ཟིན་ཤིང་བཏུལ། དགེ་འདུན་གྱི་སྡེ་འཕེལ་བར་མཛད་དོ། །ཕྱིས་ཞིག་ན་པཎྜི་ཏ་ཀུ་མཱ་ར་སྤྱན་དྲངས་ཏེ་བསྟན་པ་སྤེལ། ཐང་གི་བརྒྱུད་པའི་རིང་ལ་ཐང་ཛང་ཛང་ཞེས་པ་དབྱིག་གཉེན་གྱི་སློབ་མར་གྱུར་ནས་ཐེག་པ་ཆེ་ཆུང་གི་ཆོས་དཔག་མེད་བསྒྱུར། འདིའི་གོང་དུ་ཆོས་བསྒྱུར་ནུས་པའི་རྒྱའི་ལོ་ཙཱ་ཉིས་བརྒྱ་ཙམ་བྱུང་བར་གྲགས། དེ་དག་གིས་


JKT018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོས་མང་དུ་བསྒྱུར་ཅིང་། དགྲ་བཅོམ་པའང་མང་དུ་བྱོན་ནས་བཟུང་མི་ཉག་དང་ཧོར་གྱི་རྒྱལ་པོ་བྱུང་བ་དང་། དེ་ནས་ཀྱང་ད་ལྟའི་བར་དུ་རྒྱལ་པོ་མང་པོའི་ཚེ་ལ་བསྟན་པ་གནས་བཞིན་པ་ནས། མི་ཉག་གི་རྒྱལ་པོ་ཐའི་ཧུས་ཆོས་རྗེ་ཁམས་པ་དབུ་སེ་གདན་དྲངས་ཀྱང་མ་ཕེབས་པར་གཙང་པོ་པ་གཏོང་བར་ཆོས་ཉན་པ་དང་། ཧོར་ཡུལ་དུ་ཧོར་གྱི་རྒྱལ་པོ་ཛིང་གི་སླན་གྱི་ཆེ་ཚལ་པའི་སློབ་མ་གཙང་པ་དུང་ཁུར་པ་བྱོན་ནས་གནམ་མཆོད་པ་ལ་དད་པ་ཙམ་མཛད། རྗེས་ནས་མི་ཉག་ཀྱང་ཧོར་གྱིས་དབང་དུ་བསྡུས། ཕྱིས་རྒྱལ་པོ་གོ་དན་གྱིས་ས་པཎྜི་ཏ་སྤྱན་དྲངས། དེའི་དུས་སུ་ཆོས་རྗེ་རིན་པོ་ཆེ་འཕགས་པའང་ཕེབས་ཤིང་། གོ་དན་ལ་དབང་བསྐུར་བ་སོགས་བསྟན་པ་གསལ་བར་མཛད། མོ་གོར་གན་གྱིས་ཀརྨ་པཀཱི་སྤྱན་དྲངས་པ་སོགས་བོད་ཡུལ་གྱི་བསྟན་པ་དང་དེར་འཛིན་ཅི་རིགས་པར་མཆོད་པ་བྱུང་། རྒྱ་ནག་ཕྱི་མ་ཚིན་གྱི་རྒྱུད་ཐའི་ཛུ་རྒྱལ་པོས་བི་རཱུ་པ་དང་། གནས་བརྟན་བཅུ་དྲུག་སྤྱན་དྲངས། ཏཱ་མིན་གཡུང་ལོ་རྒྱལ་པོས་ཆོས་རྗེ་དེ་བཞིན་གཤེགས་པ་སྤྱན་དྲངས། ད་ལྟ་ཚིན་གྱི་བརྒྱུད་པ་འདིར་ཡང་ཤུརྩའི་རྒྱལ་པོས་ངག་དབང་བློ་བཟང་རྒྱ་མཚོ་སྤྱན་དྲངས་པ་སོགས་ཞྭ་སེར་ཅན་གྱི་རིང་ལུགས་གཙོ་བོར་གྱུར་པའི་བསྟན་པ་ལ་བསྙེན་བཀུར་ཞིང་ཕྱིས་ནས་ཆོས་སྡེ་ཆེན་པོའང་མང་དུ་བཏབ་པར་སྣང་ལ། འོན་ཏེ་སྔར་ནས་


JKT018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་སྔགས་ཀྱི་བསྟན་པ་ནི་སྐལ་བ་ཅན་རེ་གཉིས་ཙམ་གྱིས་ཉམས་སུ་ལེན་པ་ལས་ཁྱབ་གདལ་དུ་མ་བྱུང་ལ། མདོ་ཕྱོགས་ལས་ཀྱང་དེང་སང་གི་ཐེག་ཆེན་དང་། དེ་ལས་ཀྱང་འཁོར་ལོ་ཐ་མའི་མདོ་སྡེ་གཙོ་བོར་སྤྱོད་པ་ཞིག་སྣང་། བཞི་པ་བོད་ཡུལ་གྱི་ལོ་རྒྱུས་ནི་སྔར་བྲིས་པ་ལྟར་དང་། ལྔ་པ་ལི་ཡུལ་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་ས་ནུར་གྲགས་པས་བཟུང་སྟེ་རིང་ཞིག་ན་རྒྱལ་པོ་བི་ཛ་ཡ་སཾ་བྷ་བའི་རིང་ལ། དགེ་སློང་བེ་རོ་ཙ་ན་སོགས་ཀྱིས་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། དེ་རྗེས་རྒྱལ་པོ་བི་ཛ་ཡ་བིརླའི་ཚེ་འཕགས་ཡུལ་ནས་དགྲ་བཅོམ་བཞི་ཕེབས། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ངོ་སྤྲད་ཅིང་། སྒེའུ་དོ་ཤན་གྱི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཞིག་བྱོན་ཏེ་ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་གསལ་བར་མཛད་ཅིང་། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་གྱུར་ནའང་། དེང་སང་ནི་བསྟན་པ་གཟུགས་བརྙན་ཙམ་དུ་སྣང་ངོ་ཞེས་གཏམ་དུ་ཐོས་སོ། །དྲུག་པ་འཕགས་ཡུལ་དུ་དར་ཚུལ་ནི་སྔར་སྨོས་པས་ཁྱབ་ལ། རྒྱས་པར་ནི་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། གསུང་རབ་རིན་པོ་ཆེའི་མཛོད། འགོས་ལོ་ཐམས་ཅད་མཁྱེན་པ། དེབ་སྔོན། དཔའ་བོ་གཙུག་ལག་


JKT018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་མཁས་པའི་དགའ་སྟོན་སོགས་ཀྱི་བོད་ཡུལ་གྱི་ཆོས་གཙོ་བོར་གྱུར་པའི་ཆོས་འབྱུང་། ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་བོད་ཀྱི་རྒྱལ་རབས་གཙོ་བོར་བཤད་པ་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བདེ་གསང་དུས་གསུམ་ཡོ་ག་དང་བཅས་པའི་ཆོས་འབྱུང་དང་། གྲུབ་མཐའ་སོ་སོའི་ཆོས་ཀྱི་བྱུང་བ་བརྗོད་པ་དང་། བླ་མ་བརྒྱུད་པའི་རྣམ་ཐར་སོགས་དང་། གུང་མགོན་པོ་སྐྱབས་ཀྱིས་བྱས་པའི་རྒྱ་ནག་གི་ཆོས་འབྱུང་དུ་བློ་གྲོས་ཀྱི་མིག་བསྒྲུབ་པར་བྱོས་ཤིག །རྣམ་མང་ངོ་མཚར་གཏམ་གྱི་མཆོག །བདུད་རྩིའི་ཆུ་གཏེར་བསྲུབས་པ་ལས། །ལེགས་འོང་ཉིན་མོའི་དཔལ་འདི་ཡང་། །བློ་ལྡན་ཨུཏྤལ་ཚོགས་ཀྱི་གསོས། །ཞེས་པའང་ཆེད་དུ་བརྗོད་པའོ། །སརྦ་དཱ་མངྒ་ལཾ།། ༈ །།ན་མོ་བཛྲ་སཏྭཱ་ཡ། རྣལ་འབྱོར་གྱི་རྒྱུད་སྡེ་བྱུང་ཚུལ་ལ། བདག་ཅག་གི་སྟོན་པ་གྲངས་མེད་ཀུན་སྙིང་བཞེད་པའི་བསྐལ་པ་རྒྱ་མཚོའི་ཐོག་མ་ནས་རྫོགས་པའི་བྱང་ཆུབ་མངོན་དུ་བརྙེས་ཀྱང་། དྲང་དོན་དུ་རྒྱལ་བུ་དོན་གྲུབ་ཀྱི་རྟེན་ལ་གསར་དུ་སངས་རྒྱས་བའི་ཚུལ་སྟོན་པའི་ཚེ། བཏགས་པའི་ལུས་ཆུ་བོ་ནེརཉྫ ནའི་འགྲམ་དུ་བཞག་ནས་དབང་བསྐུར་ཏེ། ཡེ་ཤེས་ཀྱི་ལུས་འོག་མིན་དུ་མངོན་བྱང་ལྔའི་རོལ་པས་སྐུ་བཞིའི་སར་གཤེགས་པར་མཛད་ནས། སླར་ཡང་འོག་མིན་དང་། དགའ་ལྡན་དང་། ལྕང་ལོ་ཅན་ཏེ་ལྷ་


JKT018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ་གྲགས་པར་ཡོ་གའི་རྒྱུད་སྡེ་རྣམས་གསུངས། དེ་ཉིད་སྡུད་པོ་ཕྱག་ན་རྡོ་རྗེས་བསྡུས་ཏེ་གནས་པ་ལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ན། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ཞེས་སོགས་ལུང་བསྟན་པ་ལྟར་རྒྱ་གར་ཤར་ལྷོའི་འགྲམ། གྲོང་ཁྱེར་པ་ཏི་ཀིརྟི་ཞེས་བྱ་བར་རྒྱལ་པོ་རབ་གསལ་ཟླ་བ་བྱུང་སྟེ། དེ་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་ཏེ། ལྷ་གནས་གསུམ་དུ་གྲགས་པར་དེ་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་མཐའ་དག་གནང་། དེ་ལ་སློབ་མ་རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ་དང་། ཡེ་ཤེས་རྡོ་རྗེ་དང་། པྲཛྙཱ་སིདྡྷི་དང་། རབ་འབྱོར་བསྐྱངས་ཏེ་བཞིའམ། ཁ་ཅིག་རབ་འབྱོར་བསྐྱངས་མི་འདྲེན་པར། སྭ་སྟི་ཕ་ལ་དང་། ཕལ་ཆེར་ཉི་མའི་སྙིང་པོ་དང་བཞི་ཡིན་ཅེས་ཟེར། གང་ལྟར་དེ་བཞི་ཆར་ལ་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨཱ་མིང་བདག་ཉིད་ཆེས། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །ཅེས་ལུང་བསྟན་པའི་གྲུབ་ཆེན་ཀུན་དགའ་སྙིང་པོས་གསན། དེ་ནས་པྲཛྙཱ་བ་ལི་ཏ། པྲཛྙཱ་བོ་དྷི། མུཀྟིཀ་ཀོ་ཥ དྷརྨ་པ་ལ་རྣམས་ལ་བརྒྱུད་དེ། དེའི་སློབ་མ་ནི་ཇོ་བོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའོ། །ཡང་ཁ་ཅིག །སློབ་དཔོན་བུདྡྷ་གུབྱ་ཞེས་


JKT018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དངོས་གྲུབ་བརྙེས་པ་ཞིག་གིས་འཕགས་པ་འཇམ་དཔལ་ལས། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ངན་སོང་སྦྱོང་རྒྱུད། རྟོག་པ་ཐམས་ཅད་བསྡུས་པ་རྣམས་ཀྱི་དབང་གདམས་གསན་ནས། ཡན་ལག་མེད་པའི་རྡོ་རྗེ་སོགས་ལས་རིམ་པར་བརྒྱུད་དེ། །སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་དེ་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཤྰཀ་སྟོང་ཕྲག་བཅུ་གཉིས་པ་ཀོ་སཱ་ལ་ཡི་རྒྱན་ཅེས་བྱ་བ་མཛད། ཡང་སྔར་གྱི་སློབ་དཔོན་གྲུབ་པ་ཐོབ་པ་དེ་དང་མིང་མཚུངས་པའི་སློབ་དཔོན་སངས་རྒྱས་གསང་བ་ཞེས་པས་དེ་ཉིད་བསྡུས་པའི་འགྲེལ་པ་མཛད་དེ། དེ་ལྟར་ན་དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་སྟེ། རྣལ་འབྱོར་རྒྱུད་ལ་མཁས་པ་མི་གསུམ་དུ་གྲགས་སོ། །ཞེས་བཞེད་དོ། །ཡང་ཀུན་དགའ་སྙིང་པོའི་མཆེད་གྲོགས་འཇམ་དཔལ་གྲགས་པ་ཞེས་བྱ་བ་འཇམ་དཔལ་གྱི་གྲུབ་པ་ཐོབ་ཅིང་སྐུ་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པ་དེས་དཔལ་སྦས་བཟང་པོ་ལ་བཤད། དེས་བྲམ་ཟེ་ཡེ་ཤེས་རྡོ་རྗེ་ལ་བཤད། དེས་ན་ལེནྡྲའི་ནུབ་སྒོ་བ་ཤེར་འབྱུང་བློ་གྲོས་ལ་བཤད། དེས་བྲམ་ཟེ་བཞད་པའི་རྡོ་རྗེ་དང་། པདྨ་ཀ་ར་ཤཱནྡྷ་ཀ་ར་གསུམ་ལ་བཤད། ཕྱི་མ་གཉིས་ཀྱིས་ལོ་ཆེན་ལ་བཤད། ཡང་སློབ་དཔོན་འཇམ་དཔལ་


JKT018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་ཞེས་བྱ་བས། སངས་རྒྱས་ཡེ་ཤེས་ཞབས་དང་སྒེག་པའི་རྡོ་རྗེའམ་ནོར་བུ་གླིང་པ་དང་སྣ་ཚོགས་གཟུགས་ཅན་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེ་ལ་བཤད། དེས་སཱུརྱ་སིཾ་ཧ། དེས་དྷརྨ་བཛྲ། དེས་དེ་བེ་ཧྥ་ར། དེས་ཤྲིནྟཾ་གནྡྷ་དང་སྨི་ཏི་ཛྙཱ་ན་ལ་བཤད་དོ། །དེ་དག་ལས་བོད་དུ་ཇི་ལྟར་བྱུང་ཚུལ་ལ། ལོ་ཆེན་རིན་བཟང་ཀ་སྨི་རར་ལན་གསུམ་དུ་བྱོན་པའི་དང་པོ་ལ། ཁ་ཆེའི་མཁན་པོ་ཙནྡྲ་ཧ་རི་ལ་འཇིག་རྟེན་སྣང་བྱེད་ཀྱི་དཀྱིལ་འཁོར་དུ་ཞུགས། ཕྱིས་ཤཱངྒཱ་ལས་འདུས་པ་འཇམ་རྡོར་དང་། མི་བསྐྱོད་པ་གཉིས། རྡོར་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་བཤད་བཀའ་ཡང་གསན། ལན་གཉིས་པར་པཎྜི་ཏ་པདྨ་ཀ་ར་ཝརྨ་དང་པྲཛྙཱ་ཀ་ར་ཝརྨ་གཉིས་ལ་གཏུགས་ཏེ་ཡོ་གའི་གཞུང་འགྲེལ་འགའ་ཞིག་བསྒྱུར་བ་སོགས་མཛད། དེ་ཡན་ཆད་ལོ་ཆེན་གྱི་སློབ་མ་རྣམས། ཤདྡྷ་ནས་བརྒྱུད་པའི་ཡོ་གའི་སྐོར་འཛིན་པས། ཕྱག་ལེན་ཀུན་སྙིང་དང་། བཤད་པ་དེ་ཉིད་སྣང་བ་མ་འགྱུར་བས་བཤད་པ་ཀོ་སཱ་ལའི་རྒྱན་གྱི་སྟེང་ནས་མཛད་ཅིང་ཀར་དང་དབྱངས་སོགས་སྤྲོས་པའང་ཆེ་བར་གྲགས་སོ། །གསུམ་པར་པཎྜི་ཏ་སངས་རྒྱས་ཞི་བ་ཞེས་ནོར་བུ་གླིང་པའི་སློབ་མའམ། ལ་ལས་དེ་ཉིད་དུ་འདོད་པ་དེ་ལས་ཀུན་སྙིང་ལུགས་ཀྱི་བཤད་པ་དང་ལག་ལེན་གཉིས་ཀ་ཞུས་པས། དེ་ཉིད་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་


JKT018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ལོ་ཆེན་གྱི་སྐུ་ཚེའི་མཇུག་ཏུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པ་ལ་མངའ་རིས་སུ་བྱོན་པར་རྣལ་འབྱོར་རྒྱུད་ཀྱི་སྐོར་གསན། ཀུན་སྙིང་གི་བརྒྱུད་པ་བཞི་པར་འདུག་ཅིང་དེའི་གདམས་པ་མ་ནོར་བ་བྱུང་བས་ཤིན་ཏུ་མཉེས་སྐད། ལོ་ཆེན་དེ་ལ་སྤྱིར་སློབ་མ་མང་ཡང་ཐུགས་སྲས་མཆོག་བཞི་སྟེ། ལོ་ཆུང་ལེགས་པའི་ཤེས་རབ། མང་གོང་གི་གུང་ཤིང་བརྩོན་འགྲུས་རྒྱལ་མཚན། གྲྭ་པ་གཞོན་ནུ་ཤེས་རབ། སྐྱི་ནོར་ཛྷཱ་ན་དང་བཞི་ལས། དང་པོས་དྷརྨ་ཕ་ལའི་ལུགས་མ་གསན། གཉིས་པས་དྷརྨ་ཕ་ལའི་ལུགས་གཙོ་བོར་མཛད། གསུམ་པས་གཉིས་ཀའི་གཞུང་བསྲངས། བཞི་པས་ཕྱིས་ཀྱི་གཞུང་བསྲང་ངོ་། །ཡང་གཞན་དུ་སྦྱངས་ཤིང་དེར་ཐུག་པ། པུ་ཧྲང་ཨན་སྟོན་གྲགས་རིན། རྒྱ་ཡེ་ཚུལ། གུང་པ་དགེ་བཤེས། མར་ཡུལ་བ་དཀོན་མཆོག་བརྩེགས་ཏེ་བཞིའོ། །དབུས་གཙང་ན་མར་དར་ཚུལ། ལོ་ཆེན་དྲུང་དུ་འགྲོ་བ་ཡི། རྒྱང་རོ་དཔེ་དམར་གྱི་རྐྱང་པོ་ཆོས་བློ་སྔ། དེ་ནས་ཤན་གྱི་སུམ་སྟོན་ཡེ་འབར། དེ་ནས་ཉང་སྟོད་ཀྱི་ཅེ་ཞར། དེ་ནས་དཔང་ཁ་འདར་ཆུང་གི་ཕ་གཞོན་ནུ་རྒྱ་མཚོ། ལ་སྟོད་ཀྱི་བྲག་སྟེང་བ། སྒུལ་ཕྱི་རུའི་དམར་སྟོན་ཆོས་ཀྱི་རྒྱལ་མཚན་ནོ། །མདོག་གླེ་སྟོན། བལ་ཤཱཀྱ་རྡོ་རྗེ། ཐང་སྟོན་གོང་གེ་བ་རྣམས་ཏེ། དེ་དག་ཕལ་ཆེར་ལོ་ཆེན་ལ་ཐུག་པ་ཙམ་བྱས་ནས་གཙོ་བོར་ལོ་ཆུང་གི་དྲུང་དུ་སྦྱངས་ཏེ། དབུས་


JKT018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་གི་སྨད་ཕྱོགས་སུ་དར་བས་ཡོ་ག་སྨད་ལུགས་སུ་གྲགས། ཡང་ལོ་ཆེན་གྱི་སློབ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། དེས་མལ་གྱོ། དེས་ས་སྐྱ་པ་ལ་བརྒྱུད་དེ་སྟོད་ལུགས་སུ་གྲགས། ཡང་དྷརྨ་ཕ་ལ་ནས། ཇོ་བོ། གོ་མི་སྒོམ་ཆེན། སྤྱི་ནོར་ཛ་ན། གཉལ་བ་ཉི་མ་ཤེས་རབ། ས་ནུར་ཉི་མ་འོད་ཟེར་སོགས་ནས་བརྒྱད་པ་ལ་ཇོ་བོ་ལུགས་སམ། རྩ་སྐྱ་པ་རྩ་སྣར་ཉི་མ་འོད་ཟེར་འཛིམ་པ་བློ་ཆེན་གསུམ་ནས་བརྒྱུད་པ་ཞེས་གྲགས་སོ། །ཤུ་བྷཾ།། ༈ །།ལེགས་པར་སྦྱར་བའི་བསྟན་བཅོས་ཀྱི་བྱུང་ཚུལ་ཅུང་ཟད་བཤད་པ་ངོ་མཚར་ཟླ་ཞུན་གསར་བའི་འཛུམ་ཕྲེང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ངག་གི་རང་བཞིན་མིང་ཚིག་བརྗོད་པའི་སྒོ། །སྨྲ་བ་ཀུན་གྱི་མཆོག་གྱུར་འཇམ་མགོན་དང་། །དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས། །ལེགས་པར་སྦྱར་བའི་བྱུང་ཚུལ་ཅུང་ཟད་དབྱེ། །འདི་ལ་གཉིས། ཐོག་མར་ལྷ་ཡུལ་དུ་དར། དེ་ནས་མི་ཡུལ་དུ་དར་ཚུལ་ལོ། །དང་པོ་ནི། སྔོན་སརྦ་ཛྷ་ཞེས་པའི་སྒྲ་མཁས་པ་ཞིག་བྱུང་བས། དེས་ལྷའི་དབང་པོ་བརྒྱ་བྱིན་དང་། དྲང་སྲོང་ཕུར་བུ་ལ་བསླབས། གཉིས་པ་ནི། འདུལ་བ་ལུང་ནས་ཤཱ་རིའི་བུས་དབང་པོའི་བརྡ་སྤྲོད་ལོ་བཅུ་གཉིས་སུ་བསླབས་པར་གསུངས་ཤིང་། རྒྱལ་པོ་ཙནྡན་སྐྱོང་གི་སྐབས་སུ་བྲམ་ཟེ་ཨིནྡྲ་བྷ་བ་ཞེས་པས་ལྷའི་དབང་པོ་བསྒྲུབས་པས་མཐོང་སྟེ་སྒྲའི་ངེས་


JKT018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུངས་ཏེ། ལྷའི་དབང་པོས་བསྟན་པ་བཞིན་བྲིས་པའི། ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པ་བརྩམས་ཤིང་། བོད་ཀྱི་ལྷའི་དབང་པོས་བརྩམ་པར་བཤད་པ་ཡང་དེར་ཐུག་གོ །གཞན་ཡང་སྟག་རྐང་རིགས་ཀྱི་དྲང་སྲོང་མ་ལྷག་ཉི་མས་མཛད་པའི་གཞུང་བཅུ་པ་ཞེས་བྱ་བ་ཞིག་ཡོད་པ་སྒྲ་འགྲེལ་རྣམས་སུ་ལུང་འདྲེན་པ་ཡང་ཡོད་ལ། དྲང་སྲོང་ཏཉྫལིས་མཛད་པ། བ་ཏཉྫ་ལི་བྱཱ་ཀ་ར་ཎ་སྟེ་ཐལ་མོ་ལྷུང་གི་བརྡ་སྤྱོད་པ་ཞེས་པའང་འདུལ་བ་སོགས་ལས་ཆུར་ལྷུང་གི་རིག་པ་ཞེས་བཤད་པའང་དེ་ཡིན་ཏེ། འདི་གཉིས་ནི་སྔ་མོ་ཞིག་ནས་ཡོད་པར་མངོན་ནོ། །འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནིས་མཛད་པའི་པཱ་ཎི་བྱཱ་ཀ་ར་ཎའི་མདོ་བརྒྱད་པ་ཞེས་བློ་ཀ་སྟོང་ཡོད་པ་དང་། བྱེ་བྲག་འབྱེད་པའི་མདོ་བློ་ཀ་སྟོང་ཡོད་པ་མཛད་ཅིང་། དེ་ལ་དག་འབྱེད་ཟླ་བའི་འགྲེལ་པ་ཟླ་ཟེར་ཞེས་པ་ཡོད་ལ། འདར་ལོས་བསྒྱུར་བར་གྲགས་པའི་དཔེ་འདི་ཡང་རྒྱ་དཔེ་འདི་ལ་བརྟེན་ཁུལ་ཡིན་ཀྱང་ཟླ་ཟེར་ཞེས་པའི་མིང་ཡང་མ་ཤེས་འདུག་གོ །རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་སློབ་པའི་ཕྱིར་བྲམ་ཟེ་མཆོག་སྲེད་ཀྱིས་རིག་སྔགས་ཀྱི་ནུས་པས་ཀླུའི་རྒྱལ་པོ་ལྷག་མ་ཅན་བཀུག་སྟེ། པཱ་ཎིའི་འགྲེལ་པ་བློ་ཀ་འབུམ་ཡོད་པ་འཆད་ཉན་བྱས་པའི་སྐབས་སློབ་དཔོན་དང་ཀླུའི་བར་ཡོལ་བས་བཅད་དེ་གནས་པ་ལས། སྐབས་ཤིག་ཡོལ་བ་བཏེག་ནས་


JKT018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་ཀླུའི་ལུས་ལ་སྦྲུལ་ཆེན་པོ་འཁྱིལ་བ་མཐོང་སྟེ་ཀླུ་སྐྱེངས་ནས་བྲོས། འགྲེལ་པ་ཤོ་ཀ་སྟོང་ཕྲག་ལྔ་ལས་མ་ཟིན། ལྷག་མ་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་དུ་ལོངས་པ་བརྩམས་བསམ་ཧཱ་བྷ་ཥ་ཟེར། གཞུང་འགྲེལ་པ་དང་བཅས་པའི་འཆད་ཉན་ད་ལྟའི་བར་ཡོད་ཅིང་། སི་ཏུ་རིན་པོ་ཆེའི་ཞལ་ནས་ཀྱང་གླེགས་བམ་རྣམས་གཟིགས་ཚུལ་གསུངས་ཤིང་། འགྲེལ་པ་དེ་ལ་འཆད་ཉན་བྱེད་པ་མ་བྱུང་ཡང་། འགྲེལ་པ་ཀོ་མུ་དཱིའི་སྟེང་ནས། ཏི་ཏ་བྷུཀྟའི་བྲམ་ཟེ་པྲ་དཱུམྦྷ་སྟེ་རབ་སྟོབས་ལས་ལེགས་པར་གསན་ཅིང་། སྔ་སོར་དགུང་ལོ་ཉེར་ལྔའི་སྟེང་དུ་བལ་ཡུལ་ལྷོ་ཕྱོགས་ཀྱི་པཎྜི་ཏ་པི་པ་ཏི་ཁྱབ་འཇུག་བདག་པོ་ལ་འགྲེལ་པ་བདུད་རྩི་དང་ཚིག་ཟླའི་སྟེང་ནས་ཨ་མཱ་ར་ཀོ་ཥའི་དཀའ་གནས་ཐམས་ཅད་ལེགས་པར་བསླབ་པ་ཡིན་ཅེས་གསུངས། དེའི་དོན་འགྲེལ་དུ་སློབ་དཔོན་ཙནྡྲ་གོ་མིས་ཙཱནྡྲ་བྱཱ་ཀ་ར་ཎ་སྐབས་དྲུག་པ་འདི་མཛད་ཅིང་། སློབ་དཔོན་ཟླ་བ་གྲགས་པས་ས་མནྟ་བྷ་དྲ་ཞེས་པའི་སྒྲ་ཡི་བསྟན་བཅོས་མཛད་པ་གཟིགས་པས། རང་ཉིད་ཀྱི་གླེགས་བམ་ཁྲོན་པར་བསྒྱུར་བར་གྲགས་པའི་སྒྲ་མདོ་ཀུན་བཟང་སྟེ། བེ་དཀར་སོགས་སུ། སུ་མན་བྷ་ར་ཞེས་བྲིས་ནོར་བ་དེ་ཡིན་ནོ། །སློབ་དཔོན་ཨ་ནུ་བྷཱུ་ཏི་ལ་དབྱངས་ཅན་མས་དངོས་སུ་བསྩལ་བའི་སཱ་ར་སྦ་ཏཱི་བྱཱ་ཀ་ར་ཎ་སྟེ་མཚོ་ལྡན་མའི་བརྡ་སྤྲོད་པ་ཞེས། ཇོ་ནང་རྗེ་བཙུན་གྱིས་མདོ་གཞུང་བོད་སྐད་


JKT018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྱུར་ནས་འགྲེལ་པ་གསར་བརྩམས་མཛད་པ་འདི་ལའང་བ་ལ་བྷ་དྲས་རྫུན་བཤད་ཞུས་པ་དང་འགྱུར་ནོར་པའང་ཅི་རིགས་འདུག་ཅེས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་གསུངས། གཞན་ཡང་པཎྜི་ཏ་སཱ་དྷ་ཀཱི་རྟིས་མཛད་པའི་འཇམ་དཔལ་དབྱངས་ཀྱི་བརྡ་སྤྲོད་པ་ཞེས་ལོ་ཆེན་ཆོས་སྐྱོང་བཟང་པོས་འགྱུར་བ་འདི། བོད་རྣམས་ཀྱིས་དུས་འཁོར་གྱི་དབྱངས་གསལ་ལ་བརྟེན་ནས་འཇམ་དཔལ་གྱིས་མཛད་པ་ཞིག་ཡོད་ཟེར་རྒྱུ་དེའི་འཁྲུལ་གཞི་དེ་ཡིན་ནམ་སྙམ། སྐྱེས་བུ་མཆོག་གིས་མཛད་པའི་མ་ཧཱ་བྷཱ་ཥ་རྩ་འགྲེལ་གཉིས་ཡོད་པའི་རྩ་བ་ཞྭ་ལུས་པཱ་ཎི་པའི་མདོ་ཡིན་རྒྱུར་མཛད་ནས་བོད་སྐད་དུ་བསྒྱུར་བ་འདི་ལ་འདར་ལོས་བསྒྱུར་བའི་མིང་བཏགས་བྱས་པ་ཡིན་འདུག །ཕྱི་རོལ་གྱི་པཎྜི་ཏ་དྷརྨ་ཀིརྟི་ཞེས་པས་བྱས་པའི་གཟུགས་ཀྱི་འཇུག་པ་ཞེས་པའི་སྒྲ་གཞུང་ཞིག་ཀྱང་འདུག་པ་དེ་གཉིས་ཀའི་རྒྱ་དཔེ་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་ཕྱག་ཁར་བཞུགས་པར་སྣང་། དྲང་སྲོང་ཤཱ་ཀ་ཊས་མཛད་པའི་ཤཱ་ཀ་ཊ་ཡཱ་ན་ཞེས་པའི་བརྡ་སྤྲོད་པ་ཞེས་དང་། དྲང་སྲོང་ཀ་ཏིའི་བུས་བྱས་པའི་བརྡ་སྤྲོད་པ་རྣམས་འཕགས་ཡུལ་དུ་ཡོངས་སུ་གྲགས་ཀྱང་བསྟན་བཅོས་རྣམས་སུ་ལུང་དྲངས་པ་ཙམ་ལས་བོད་འདིར་མ་འགྱུར་རོ། །རྒྱལ་པོ་མ་ནུ་ཛེནྡྲས་མཛད་པའི་མི་སྐྱེས་དབང་པོའི་བརྡ་སྤྲོད་པ་དང་། དྲང་སྲོང་པི་ཤ་ལིས་མཛད་པའི་པི་ཤ་ལིའི་བརྡ་སྤྲོད་པ་ཞེས་བ་དག་


JKT018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བོད་རྣམས་འདོད་པ་ནི་གང་ཡིན་མ་ཤེས་ཤིང་། རྒྱ་གཞུང་རྣམས་ལས་མིང་ཙམ་ཡང་མི་འབྱུང་ལ། ཙཱནྡྲ་བྱཱ་ཀ་ར་ཎ་ནི་ལྷའི་བུ་ཟླ་བས་མཛད་ཟེར་བ་ཡང་ཇི་བཞིན་མ་ཡིན་ཏེ་འཕགས་ཡུལ་དུ་ཡེ་མ་གྲགས་པའི་ཕྱིར་རོ། །སྤྱིར་ཡང་གྲགས་ཆེན་སྒྲ་མདོ་ཆེན་པོ་བརྒྱད་ཀྱི་གྲངས་འདྲེན་པ་ནི་བོད་རྣམས་ཀྱི་གསར་སྤྲོས་ལས་འཕགས་ཡུལ་དུ་དེ་ལྟ་བུའི་གྲངས་ངེས་བྱེད་པ་ཀུན་ཏུ་མ་གྲགས་སོ། །སྤྱིར་ལེགས་སྦྱར་གྱི་གཞུང་དང་བསྟན་བཅོས་བསམ་གྱིས་མི་ཁྱབ་པའི་ཕྱིར། དེ་ལྟར་ཡང་བོད་ཡུལ་འདིར་རྣ་བའི་ལམ་དུ་མ་གྲགས་པའི་དཔལ་སྒྲ་ཡི་རྒྱ་མཚོ་ཟེར་བའི་རྣམ་དབྱེའི་མཐའ་དཔྱོད་ཀྱི་བསྟན་བཅོས་ཆེན་པོ་ཞིག་དང་། ཤརྡ་མི་མམྤ་ཟེར་བའི་སྒྲ་སྤྱི་ཡི་མཐའ་དཔྱད་ཀྱི་བསྟན་བཅོས་ཤིན་ཏུ་རྒྱས་པ་ཞིག་ཀྱང་ཡོད་ཅེས་བླ་མ་མཆོག་གིས་སི་ཏུ་རིན་པོ་ཆེས་གསུངས་ཤིང་། ཡང་སྤེལ་བྱེད་ཀྱིས་བྱས་པའི་བྱ་བྱེད་ལས་གསུམ་སོགས་བྱེད་རྐྱེན་དྲག་གི་རྣམ་བཤད་འགྲེལ་པ་ལ་མཁས་པ་ཞེས་དང་། མཆོག་སྲེད་ཀྱིས་མཛད་པའི་རྟགས་ཀྱི་བསྟན་བཅོས་གཉིས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་བསྒྱུར་བ་དང་། ན་སི་ཏུ་རིན་པོ་ཆེས་བསྒྱུར་བ་དང་། དེ་ཞབས་ཀྱི་ཕྱག་ཏུ་རྒྱ་དཔེ་ཡོད་དེ་ཞབས་ཀྱི་ཕྱག་ཏུ་རྒྱ་དཔེ་ཡོད་རིགས་ཀྱང་། བ་མ་ཧ་སྟེ་མིའུ་ཐུང་གི་མངོན་བརྗོད། མངོན་བརྗོད་ཀྱི་བསྟན་བཅོས་མེ་དཱི་ནཱི་ཀ་ར་དང་། སྣ་ཚོགས་གསལ་བ་དང་། ཧ་ཏཱ་པཱ་ལཱི་དང་། དྲག་པོ་འབངས་ཀྱིས་སྦྱར་བའི་མངོན་བརྗོད་དང་།


JKT018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་འཕེལ་གྱིས་བྱས་པའི་ཚིག་སྡུད་ཀྱི་སྙིང་པོ་དང་། འཆི་མེད་མཛོད་ཀྱི་འགྲེལ་བ་བྱུ་ཁྱུ་སུ་དྷ་སྟེ། རྣམ་བཤད་བདུད་རྩི་དང་། པཱ་ད་ཙནྡྲི་ཀཱ་སྟེ་ཚིག་གི་ཟླ་བ་རྣམས་བཞུགས་ཤིང་། གཞན་ཡང་། ཀོ་མུ་དཱི་ཟེར་བའི་སྒྲ་མདོ་ཞིག་བྱང་ཕྱོགས་གུ་ཛི་ར་ཐ་སོགས་སུ་ཆོས་དར་བར་ཡོད་ཅེས་ཇོ་ནང་སྒྲོལ་མགོན་གྱིས་གསུངས་འདུག་པ་དེ་དང་། པཎྜི་ཏ་བྷཊྛས་མཛད་པའི་མ་དྨ་ཀོ་མོ་དི་ཟེར་བ་ཞིག་དང་། དབང་ཕྱུག་ཆེན་པོའི་ཌཱ་མ་རུའི་སྒྲ་ལས་བྱུང་བར་གྲགས་པའི། སིདྡྷི་ཀོ་མོ་དཱི་སྟེ། རྟག་པའི་ཟེར་ཏེ་ཟླ་ཟེར་རྣམ་པ་གསུམ་ཡོད་ཅེས་བལ་པོ་པཎྜི་ཏ་ཀུན་བཟང་གིས་ཟེར་གྱིན་འདུག་གོ །ཁྱད་པར་ཀཱ་ལཱ་པའི་བྱུང་ཚུལ་ནི། འཕགས་པ་ཀླུའི་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་བཟང་པོའི་བཙུན་མོ་ཐ་ཆུང་ཞིག་གིས་སྒྲའི་གནས་ཅུང་ཟད་ཤེས་པ་ལ། སྐྱེད་མོས་ཚལ་དུ་རྩེ་བའི་ཚེ་བཙུན་མོ་ལ་ཆུ་གཏོར་བས། བཙུན་མོས། མ་མོ་དཱ་ཀ་པིཉྩ་ཞེས། བདག་ལ་ཆུ་གཏོར་ཅིག་ཅེས་སྨྲས་པས། རྒྱལ་པོས་ལྷོ་ཕྱོགས་ཀྱི་ཡུལ་སྐད་དུ་འཁྲུལ་ནས། བལ་སྲན་གྱི་ཁུར་བ་ཏིལ་མར་དུ་བཙོས་པ་བྱིན་ཅིག་ཟེར་བར་གོ་སྟེ་བྱིན་པས། བཙུན་མོའི་བསམ་པར། བདག་གི་ཁྱོ་ག་འདི་ཅི་ཡང་མི་ཤེས་པའི་སྐྱེ་བོ་བ་ལང་ལྟ་བུ་ཞིག་གོ་བསམ་སྟེ། ལྕེབ་པར་བརྩམས་པས་རྒྱལ་པོས་བཟུང་སྟེ་སྒྲ་སློབ་པར་དམ་བཅས་ཏེ། བྲམ་ཟེ་མཆོག་སྲེད་ལས་ལེགས་པར་བསླབ་བོ། །


JKT018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་གོང་དུ་བཤད་པའི་མཆོག་སྲེད་ཀྱི་འགྲེལ་པ་ལ་ཡིད་མ་ཆེས་ཏེ། རྒྱལ་པོ་རང་གི་ཞང་པོ་ཤརྨ་ཝརྨ་སྟེ་འཚེ་བའི་གོ་ཆ་འམ། སརྦ་ཝརྨ་སྟེ་ཐམས་ཅད་གོ་ཆ་སྟེ། ཇོ་ནང་རྗེ་བཙུན་ལ་པ་ལ་བྷ་དྲས་སཔྟ་ཝརྨ་སྟེ་བདུན་པའི་གོ་ཆ་ཡིན་ཚུལ་ཞུས་ཡོད་འདུག་ཀྱང་བྱིངས་མདོའི་འགྲེལ་པའི་རྒྱ་དཔེ་སོགས་སུ་རྒྱ་དཔེ་གསུམ་ཙམ་མཚུངས་པར་ཤརྨ་ཝརྨ་ཞེས་ཡོད་པས་བོད་བླུན་ཁ་ཅིག་གིས་དབང་ཕྱུག་གོ་ཆ་ཞེས་ཟེར་བ་ནི་ནོར་བའོ། །དེ་ལ་གཞོན་ནུ་གདོང་དྲུག་སྒྲུབ་བཅུག་པས་ཤརྨ་ཝརྨས་ཀྱང་གཞོན་ནུ་གདོང་དྲུག་བསྒྲུབས་ནས་ཞལ་མཐོང་བས། དངོས་གྲུབ་ཅི་འདོད་གསུངས་པས། ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་ཞུས་པས། སིདྡྷཱ་ཝཎ་པ་མཱི་ནཱ་ཡ༔ ཞེས་གསུངས་པའི་མོད་ལ་ལྷའི་བྱིན་རླབས་ཀྱིས་སྒྲ་རིག་ཐམས་ཅད་དེ་མ་ཐག་ཏུ་ཤེས་པ་བྱུང་ངོ་། །དེ་ནས་ཤརྨ་ཝརྨས་སྒྲ་ཡི་གཞུང་རྣམས་ཀྱི་ལེགས་པའི་ཆ་ཤས་ཐམས་ཅད་བསྡུས་ནས་བསྟན་བཅོས་འདི་མཛད་པས་ཀཱ་ལཱ་པ་སཱུ་ཏྲ་སྟེ་ཆ་ཤས་བསགས་པའི་མདོ་ཞེས་གསུང་སོ། །དེ་ལྟར་ཡང་སློབ་ཕན་ལས། སློབ་དཔོན་སརྦ་ཝརྨ་དག་གི་འདོད་པ་འཇོ་བ་དག་སྐྱོང་བས་མཛད་པའོ། །ཞེས་གསལ་བར་བསྟན་ཏོ། །དེ་ནི་ཨིནྡྲ་བྱཱ་ཀ་ར་ཎའི་ལུགས་ཡིན་པར་བཞེད་དོ། །དེས་རང་གི་ཚ་བོ་རྒྱལ་པོ་བདེ་སྤྱོད་ལ་བསླབས་པས་ལེགས་སྦྱར་ལ་མཁས་པར་གྱུར། ཅེས་འཕགས་ཡུལ་བ་རྣམས་ཀྱི་ངག་སྒྲོས་རྣམ་པར་དག་


JKT018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འབྱུང་ཞིང་། བོད་རྣམས་ཀྱིས་ཀུན་བཤད་རྐང་པ་བཞི་པ་ནི་ལྷས་གསུངས་པས། ལྷ་ཆོག་པར་འཚལ་ཞུས་པས་རྨ་བྱའི་ཁ་གྱེན་དུ་ཕྱོགས་པ་དང་། བསྟན་བཅོས་དེའི་མིང་གང་ལགས་ཟེར་རྒྱུར། ཤཱསྡུ་ནཱ་མ་ཀི་ཧོ། ཞེས་དྲིས་པས། རྨ་བྱའི་མཇུག་སྒྲོ་ཁྲ་ཚུབས་ཀྱིས་སོང་བས་མིང་ཀཱ་ལཱ་པ་བཏགས་ཟེར་གྱིན་འདུག་ལ། ཀཱ་ལཱ་པ་ཞེས་པ་རྨ་བྱ་སྒྲོ་མདོངས་ཅན་ལ་འཇུག་པ་ཡིན་པས་དེ་སྐད་དུ་སྒྲོགས་སོ། །རང་ལུགས་ནི་སྔ་མ་དེ་ལྟར་འདོད་པ་ཡིན་ཅིང་། ཀཏན་སྟེ་རྒྱུད་ཉུང་ངུའང་རབ་ཏུ་གྲགས་སོ། །དེ་ཡང་ཇི་སྐད་དུ། བགྲོད་དཀའ་སཾ་ཧས། ཤརྨ་ཝརྨས་རྣམ་བཤད་པའི། །རྒྱུད་ཉུང་བ་དག་གིས་བཤད་པར་བྱ། །ཞེས་གསུངས་སོ། །འདིའི་ལུགས་ལ་ཀུན་བཤད་རྐང་པ་དྲུག་པ་ཕྱིན་ཆད་ནི་འཚེ་བའི་གོ་ཆས་བརྩམ་པར་འདོད་ཀྱང་ཇི་བཞིན་མ་ཡིན་ནོ། །མདོ་དེ་ལ་སློབ་དཔོན་དུ་རྒ་སི་ཧས་བརྩམས་པའི་འགྲེལ་པ་དུ་སྲ་སིང་དང་། སློབ་དཔོན་གྲགས་འབྱོར་གྱིས་མཛད་པའི་སློབ་མ་ལ་ཕན་པ་དང་། སྤྱན་གསུམ་འབངས་ཀྱིས་དུར་སིང་གི་ཡང་འགྲེལ་བོད་དུ་འགྱུར་བར་གསུངས་ཀྱང་མ་མཐོང་ལ། ཁ་ཆེར་ཙྪ་ཏྲ་སྟེ་གསལ་བའི་གདུགས་སམ། རྒྱལ་པོའི་གདུགས་ཀྱིས་མཛད་པའི་འགྲེལ་པའང་བོད་དུ་འགྱུར་བར་གྲགས་ཀྱང་དེང་སང་མི་འདུག་ཅིང་། དེ་ལ་རིན་ཆེན་གདུགས་སུ་བསྒྱུར་བ་ནི་བླུན་གཏམ་མོ། །རི་སོགས་ཀྱི་བྱ་བ་


JKT018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དྷ་རས་མཛད་པ་དང་། མ་དྷི་ཀ་ནི་དང་། འཇམ་དཔལ་གྲགས་པས་མཛད་པའི་སི་སོགས་ཀྱི་མཐའ་དཔྱད་གཉིས་བོད་དུ་འགྱུར་ཀྱང་འགྱུར་སྐྱོན་ཤིན་ཏུ་ཆེ་བར་སྣང་། དུར་སིང་གིས་མཛད་པའི་རྒྱུད་ཉུང་གི་བྱིངས་མདོ་འདིའང་གུར་སྟོན་གྱིས་བསྒྱུར་ཀྱང་འགྱུར་སྐྱོན་ཆེ་བས། སླར་སི་ཏུ་རིན་པོ་ཆེས་བྱིངས་མདོའི་འགྲེལ་པ་འགྱུར་སྐབས་འགྱུར་བཅོས་ལེགས་པར་མཛད་དོ། །བོད་ཡུལ་འདིར་ཡང་ཀཱ་ལཱ་པའི་འཆད་ཉན་ཤིན་ཏུ་དར་བར་བྱུང་བས་བུ་སྟོན་དང་། ས་སྐྱ་བླ་མ་དམ་པ་དང་། ལོ་ཆེན་བྱང་རྩེ་དང་། ས་བཟང་འཕགས་པ་དང་། ཐུགས་རྗེ་དཔལ་དང་། བློ་བརྟན་བཞི་པ་དང་། སྟག་ཚང་ལོ་ཙཱ་བ་དང་། ཞྭ་ལུ་ལོ་ཆེན་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་རྣམས་ཀྱི་འགྲེལ་པ་རྣམས་ཡོད་ཅིང་། དམ་དུམ་ཙམ་ནི་སྨོས་ཀྱིས་མི་ལངས་ལ། ཁྱད་པར། མིང་གི་མཚམས་སྦྱོར་གཙོར་སྟོན་མཚམས་སྦྱོར་རྐང་པ་ལྔ་སློབ་ཕན་ལས་དྲུག་ཏུ་བཤད། མིང་ལས་ཚིག་ཏུ་བསྒྲུབ་པ་མིང་གི་རྐང་པ་བཞི་སྟེ་མིང་བཞི་ཞེས་སོ་གསུངས། མིང་ལས་མིང་དུ་བསྒྲུབ་པ་ཚིག་སྡུད་དང་དེ་ཕན་ལ་མདོ་རྐང་པ་རེ་རེ་དང་། སློབ་ཕན་ལས་བུད་མེད་མདོ་རྐང་པ་གཅིག་བཅས་དང་། བྱིངས་ལས་ཚིག་ཏུ་བསྒྲུབ་པ་ཀུན་བཤད་རྐང་པ་བརྒྱད་དང་། བྱིངས་ལས་མིང་དུ་བསྒྲུབ་པ་ཀྲྀཏ་རྐང་པ་དྲུག་རྣམས་སུ་བཀྲལ་བའི་འགྲེལ་པ། ཀཱ་ལཱ་པའི་མདོ་ཡི་རྣམ་པར་བཤད་པ་ཟླ་


JKT018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོད་ཟེར་ཅེས། རྒྱ་འགྲེལ་གཉིས་པ་སུ་པྲ་ཏི་དྲ་གི་མཐའ་དང་། མཛོད་འགྲེལ་སོགས་ལ་བརྟེན་ཅིང་སི་ཏུ་རིན་པོ་ཆེའི་ཞལ་ལུང་ལྟར་བཀོད་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་༼༢༨༨༽སྣང་ཞིང་། དེའི་བརྒྱུད་རིམ་ཡང་། ལྷ་ཐམས་ཅད་མཁྱེན་པ། དྲང་སྲོང་ཕུར་བུ། གཞོན་ནུ་གདོང་དྲུག །སློབ་དཔོན་ཤརྨ་ཝརྨ། རྒྱལ་པོ་བདེ་སྤྱོད་བཟང་པོ། ཇོ་བ་གྲགས་འབྱོར། སློབ་དཔོན་ཙནྡྲ་གོ་མི། སློབ་དཔོན་དྷརྨ་ནཱ་དཱ། མཁས་པ་རཏྣ་མ་ཏི། སློབ་དཔོན་གང་བའི་ཟླ་བ། འཆི་མེད་སེང་གེ །དེ་ཡན་ཆད་ནི་བོད་རྣམས་ཀྱི་ངག་སྒྲོས་དག་སྦྱོར་བ་ཡིན་ཅིང་། དེ་ནས་པཎ་ཆེན་ལགྣི་ཀ་ར། ཤོང་ལོ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་བསྒྱུར་ནམ་མཁའ་བཟང་པོ། ལོ་ཆེན་ཐུགས་རྗེ་དཔལ། དཔལ་ལྡིང་ལོ་ཙཱ་བ་གྲགས་པའི་མཚན་ཅན། ཞྭ་ལུ་ཆོས་སྐྱོང་བཟང་པོ། དབོན་པོས་དཀར་ཆོས་སྐྱོང་། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་མཚན་ཅན། སྨོན་འགྲོ་པཎྜི་ཏ་ཚེ་དབང་དོན་གྲུབ། འཇམ་དབྱངས་དབང་རྒྱལ་རྡོ་རྗེ། རྒྱལ་དབང་བློ་བཟང་རྒྱ་མཚོ། རྣམ་པཎ་དཀོན་མཆོག་ཆོས་གྲགས། ཆབ་མདོ་བྱམས་པ་གླིང་གི་མཁས་པ་ཀུན་


JKT018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལེགས་པ། ཟུར་མང་ཆེ་ཚང་སྤྲུལ་སྐུ་གསུང་རབ་རྒྱ་མཚོ། བླ་མ་རིན་པོ་ཆེ། དེས་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ལ་གོ་དོན་དང་རི་མོ་ལན་གསུམ་བསྩལ་ཞིང་། སི་ཏུ་རིན་པོ་ཆེའི་མདུན་ནས་ཀྱང་ཙཱནྡྲ་པའི་ས་རིས་གོ་དོན་དང་བཅས་པ། མངོན་བརྗོད་ཀྱི་བསྟན་བཅོས་ཨ་མཱ་ར་ཀོ་ཤ་འགྲེལ་བཅས་ལན་གསུམ་བཞིར་ཞིབ་པར་ཞུས་ཤིང་། ཀཱ་ལཱ་པའི་གོ་དོན་དཀའ་གནས་ཀྱང་ལན་གཉིས་སུ་ལེགས་པར་ཞུས་པ་སྟེ། དེ་ལྟར་ཀཱ་ཙཱ་ན་གཉིས་ཆར་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ་ནི། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། དབོན་པད་དཀར་ཆོས་སྐྱོང་། འབྲུག་པ་ལོ་ཙཱ་བ་སྤྱང་མོ་ངག་དབང་གྲགས་པ། ལོ་ཆེན་དབང་ཕྱུག་ཞབས། ལོ་ཆེན་སངས་རྒྱས་དཔལ་བཟང་། འབྲུག་པ་སངས་རྒྱས་རྡོ་རྗེ། ཀྱེ་རེ་ལོ་ཆེན་བསྟན་འཛིན་བཟང་པོ། ཀྱེ་རེ་ལོ་ཆུང་བཀྲ་ཤིས་རྣམ་རྒྱལ། ཀཿཐོག་རིག་པ་འཛིན་པ་ཚེ་དབང་ནོར་བུ། ཀུན་མཁྱེན་དྷརྨ་ཀ་ར། དེས་ཀརྨ་ཚེ་དབང་ཀུན་ཁྱབ་ལ་སྩལ་བའོ། །དམ་པ་འདི་ཉིད་ཀྱི་འགྲེལ་པ་བོད་སྔ་མ་དག་གིས་ཇི་བཞིན་མ་མཁྱེན་པ་དང་། རྩ་འགྲེལ་གྱི་འགྱུར་ནོར་བ་སོགས་ཀྱང་དཔྱད་གསུམ་དག་པས་བཅོས་སྣང་བར་ཤིན་ཏུ་ཚད་མའི་ཡུལ་ལོ། །དེ་ལྟར་ལེགས་སྦྱར་ཨུཏྤ་ལ། །རོལ་པའི་བསྟན་བཅོས་ཆུ་གཏེར་ཆེའི། །རླབས་ཕྲེང་སྲིད་འདིར་འཕེལ་བའི་ཚུལ། །ཉུང་ངུའི་ངག་གིས་འདོམས་པར་བྱས། །ཞེས་པའང་ངེས་པ་


JKT018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་ཇི་ལྟ་བར་གུད་དུ་བཀོལ་ཏེ་བྲིས་པ་སརྦ་ས་མནྟ་མངྒ་ལ་བྷ་བནྟུ།། །།ས་སྐྲ་ཏ་སྱ་ཤསྡུ་ད་གི་ཀཱ་ལ་སརྦ་ཏུ་པྲ་བནྡྷ་ཀུནྡནྟུ།། །།དགེའོ། །དགེའོ། །དགེའོ།། །།


previousམདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ།next