Nitartha Digital Library
Tibetan
 
previousཤོག་ལྷེབ་ ༤༠༡ ནས་ ༥༠༤ བར། next

ཤོག་ལྷེབ་ ༤༠༡ ནས་ ༥༠༤ བར།


JKT019_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཐུགས་སུན་པ་དང་། གཙོ་ཆེར་ཞིང་ཁམས་གཞན་དུ་འགྲོ་དོན་ཆེ་བར་དགོངས་ཏེ། དགུན་འབྲིང་མགོ་ཟླའི་དཀར་ཕྱོགས་ཀྱི་ཚེས་གསུམ་ལ། མ་འོངས་པ་ན་ཡར་ཀླུང་མཆོག་སྤྲུལ་རིན་པོ་ཆེ་འདིར་བྱོན་པའི་སྐལ་པ་ཡོད་པས་དེ་ལ་དངུལ་བུམ་བཟང་བ་ཆ་འདི་ཕུལ་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་གྱི་རིགས་དང་། ས་དབང་ཆོས་རྒྱལ་ཆེན་པོར་དུང་དཀར་གཡས་འཁྱིལ་གྱིས་གཙོས་པའི་ཚན་གྲངས་ཤིག་ཕུལ་ནས་འོག་མིན་དག་པའི་ཞིང་དུ་མཇལ་ཞེས་བཀའི་སྤྲིང་ཡིག་གནང་བས་མཚོན། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ལ་དབང་འབྱོར་བཞིན་པས། བླ་ཆེན་དང་སྦྱིན་བདག་རྣམས་ལའང་འབུལ་མཚོན། གནང་སྦྱིན། འདི་ཕྱིར་ཕན་པའི་བསླབ་བྱ་སོགས་ཤིན་ཏུ་ཞིབ་པར་སྩལ་ཏེ། །ཟླ་བ་དེའི་ཚེས་བདུན་གྱི་ཉི་ཤར་གྱི་དུས་ལ་བབས་པ་ན། ཐུགས་དམ་ཆགས་མེད་ཀྱི་རིམ་པ་རྣམས་སྔར་རྒྱུན་ལྟར་གྲུབ་པར་མཛད་ནས། བཞུགས་གདན་འདི་ཕར་སྤོས་ཤིག་ཅེས་བཀའ་གནང་བ་ལྟར་བསྒྲུབས་པ་ལ་ཞབས་སྐྱིལ་ཀྲུང་དུ་བཞུགས། སྐུ་དྲང་པོར་བསྲངས། དྲན་པ་མངོན་དུ་མཛད་དེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། དེའི་ཚེ་ནང་དུ་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་བརྙེས་པའི་བརྡར་ཚེས་བརྒྱད་ཀྱི་ཉིན་ཡང་སྐུ་གདུང་ཚ་དྲོད་དང་ལྡན་ཅིང་སྒྲུབ་ཁང་


JKT019_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇའ་དཀར་པོ་མདུང་ཚུགས་སུ་ཟུག །ཞག་གསུམ་བར་དུ་འཁྱག་རོམ་རྣམས་ཆུར་ཞུ། སྐུ་གདུང་ཇེ་ཆུང་ལ་སོང་བ་བཅས་སོ་སྐྱེ་ཀུན་གྱི་མཐུན་སྣང་དུ་ཆུབ་པས་མཚོན་རྟགས་དང་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་ཞག་བདུན་གྱི་བར་འོད་གསལ་དུ་བཞུགས་རྗེས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ་གཤེགས་པར་གྱུར་ཏེ། །དེ་ནས་ཐུགས་དམ་ལས་གྲོལ་བའི་རྟགས་གསལ་བར་བྱུང་ནས། རྡོ་རྗེ་འཛིན་དབང་དཔལ་ལྡན་ཕྲིན་ལས་དང་། སྒྲུབ་སྡེའི་སློབ་དཔོན་ངག་དབང་བཟང་པོས་སྐུ་གདུང་ཆས་ཞུགས་གནང་ཞིང་། བཅོམ་ལྡན་འདས་ཐམས་ཅད་རིག་པའི་སྒོ་ནས་ཞུགས་འབུལ་མཛད་པས་དབུ་ཐོད་རིལ་པོར་བྱོན་ནའང་ལས་བྱེད་རྣམས་རྒྱུས་མེད་པས་སླར་ཞུགས་སུ་སྦྱངས་པར་གྲགས་ལ། ཞག་བདུན་གྱི་མཚམས་སྤུར་ཁང་ཞལ་དབྱེ་བས་གདུང་རུས་ལ་རིང་བསྲེལ་གྱི་ཚོགས་དང་། ཤེལ་ལྟར་དྭངས་ཤིང་བེ་ཆ་ཆ་མཐོན་ཀའི་མདོག་ལྟར་སྔོ་བའི་གདུང་གི་ཆ་ཤས་ངོ་མཚར་བའང་བྱོན། ཞལ་སློབ་རྣམས་ནས་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་སོགས་ཐུགས་དགོངས་རྫོགས་པའི་ཐབས་ལྷུར་བཞེས་ཤིང་། ཁྱད་པར་ཆོས་རྒྱལ་ཆེན་པོས་གདུང་རྟེན་རིན་ཆེན་གཉིས་པ་ལས་གྲུབ་པའི་ཐོག་ཚད་དང་། སྒྲུབ་སྡེར་ལོ་བསྟར་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་ཉིན་བདུན། རབ་གནས་ཉིན་གསུམ་


JKT019_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་ཆ་རྐྱེན་སྦྱར་བ་སོགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་སོ། །གསུང་ལས་སྐྱེས་པའི་ཞལ་སློབ་ཀྱང་། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། ས་དབང་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། མཁས་དབང་ཀུན་དགའ་དོན་གྲུབ། རྣམ་འདྲེན་བླ་མ་དཔལ་ལྡན་ཕྲིན་ལས་དང་། དགེ་འདུན་རྒྱ་མཚོ། གྲྭ་སྒང་སློབ་དཔོན་ངག་དབང་བཟང་པོ་དང་། མཚུངས་བྲལ་ཆོས་ཀྱི་སྤྱན་མངའ་ཀུན་དགའ་དཔལ་ལྡན་སོགས་མཐའ་ཡས་པས་བཤད་སྒྲུབ་ལས་གསུམ་གྱིས་བླ་མ་དམ་པའི་ཕྲིན་ལས་རྒྱས་པར་མཛད་དོ།། ༈ །།མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ནི། ཡབ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་པའི་མེས་པོ་ཛམ་ལྷ་དང་། ཡུམ་ཇ་དཔོན་ཟུར་ཁང་པའི་བུ་མོ་གནས་མོ་ཚེ་བརྟན་ཞེས་པའི་སྲས་སུ་འཁྲུངས། དམ་པའི་རིགས་གསལ་བར་སད་པས་སྐུ་གཞོན་ནུ་ནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭར་དམ་པའི་ཆོས་ཀྱི་སྒོར་ཞུགས་ཏེ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། ། གཞན་ཡང་ཤར་ཆེན་ཡེ་ཤེས་བཟང་པོ། དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཡབ་སྲས། རྩེ་གདོང་ཞབས་དྲུང་རིན་པོ་ཆེ། འཇམ་མགོན་སངས་རྒྱས་ཕུན་ཚོགས། ཤར་ཆེན་སངས་རྒྱས་བསྟན་


JKT019_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། ཤར་མི་ཉག་གི་སྟོན་པ་ཆེན་པོ་བྱམས་པ་ཚུལ་ཁྲིམས་དཔལ་བཟང་། འཇམ་དབྱངས་ཤེས་བྱ་བཟང་པོ། བྲང་ཏི་ཤེས་རབ་རྒྱ་མཚོ། སྡོམ་བརྩོན་ཕྲིན་ལས་རྒྱ་མཚོ། མུས་ཆེན་ཀུན་དགའ་རྒྱ་མཚོ། ཤར་ཆེན་བློ་གྲོས་གྲགས་པ། མཚུངས་མེད་བསོད་ནམས་དཔལ་ལྡན། བྱམས་པ་བསོད་ནམས་བཟང་པོ་སོགས་ཡོངས་འཛིན་དུ་མས་རིམ་བཞིན་བཀའ་དྲིན་གྱིས་རྗེས་སུ་བཟུང་བ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཏེ། རྒྱུད་སྡེ་རྒྱ་མཚོའི་ཚོགས་རྣམས་ཀྱི་ཕ་རོལ་ཏུ་སོན་ནས། ཐོག་མར་ཤར་ཆེན་ཁུ་དབོན་དང་། འཇམ་མགོན་སངས་རྒྱས་ཕུན་ཚོགས་རྣམས་ཀྱི་གོ་རེ་ལེན་ཡུན་དུ་མཛད་ནས་དམ་པ་དེ་དག་གི་སྤྱན་རས་ཀྱི་འབྲས་བུ་ལྟར་འཚོ་བ་ཞིག་ཏུ་གྱུར་ཅིང་། དགུང་ལོ་སུམ་ཅུའི་སྐབས་སུ་ཤར་ཆེན་བློ་གྲོས་གྲགས་པའི་བཀའི་བདུད་རྩི་སྤྱི་བོར་ཕེབས་པ་ལ་བརྟེན་ནས། མདོ་ཁམས་སྟོད་ཀྱི་ཕུན་སུམ་ཚོགས་པའི་སའི་ཆ་སྒ་ལྡན་སྐྱུར་གསུམ་དུ་གྲགས་པའི་ནང་ནས་སྐྱུ་རའི་ཡུལ་དུ་གཏོགས་པ་དཔལ་ཐག་ལུང་དགོན་དུ་འབུལ་སྡུད་སར་ཕེབས་ཏེ། དྭའུ་བླ་དགོན་གྱིས་གཙོས་དད་ལྡན་རྣམས་ཀྱི་སྐྱབས་མགོན་དམ་པར་ལོ་བརྒྱད་ཙམ་བཞུགས། ཨེ་ཝཾ་དུ་འབུལ་སྐྱེལ་ལན་ལྔ་མཛད། སྒར་གཞིས་ཕུན་སུམ་ཚོགས་པ་གསར་དུ་བཙུགས་ཏེ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དེ་


JKT019_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་སྐབས་གནམ་ཕུ་རྣམ་རྒྱལ་གླིང་དུ་དབོན་པོ་བསྟན་འཛིན་གྱི་ཟླ་མཚན་དུ་ཕེབས་ཡོད་འདུག་པར། དབོན་པོ་བསྟན་འཛིན་གྱིས་བསམ་པ་བཟང་པོ་ཞིག་གིས་མཐུན་འགྱུར་ཡང་དག་པ་ཞིག་མ་མཛད་པར། རེ་ཞིག་ཅུང་ཟད་ཐུགས་སུན་པ་ལྟ་བུར་གྱུར་སྐབས། རྗེ་འདི་ཉིད་ཀྱི་ཐུགས་དགོངས་ལ་དམ་པ་དེ་ཉིད་གཞན་དང་མི་འདྲ་བའི་སྐྱེས་ཆེན་ཞིག་འོང་བར་གཟིགས་ཏེ། སྐུ་མཆེད་སེར་སྐྱ་གཉིས་ཆར་ཐག་ལུང་སྨོན་སྐྱིད་སྒར་དུ་བྱོན་ན་ལེགས་ཚུལ་ཞུས་ནས་ལོ་གསུམ་མཉམ་དུ་བཞུགས་ཏེ་ཟབ་ཆོས་ཀྱི་རིམ་པ་རྣམས་ཕུལ་ནས་སྒར་གྱི་གདན་ཚབ་མཛད་པས་སྐུ་བསོད་ཆེ་ཞིང་མཁས་གྲུབ་དམ་པར་གྱུར་ནས་བསྟན་པའི་རྒྱལ་མཚན་དམ་པར་གྱུར། དེ་ནས་རྗེ་རང་ཉིད་ཀྱི་དབུས་སུ་ཕེབས་ནས་ཤར་ཆེན་ཆོས་ཀྱི་རྒྱལ་པོ་དང་བྱམས་པ་ཚུལ་ཁྲིམས་དཔལ་བཟང་ལ་སོགས་པས་ཆོས་ཀྱི་བདག་པོར་མངའ་གསོལ་ཏེ། ཨེ་ཝཾ་པའི་ཟུར་འཆད་པར་མཛད་དེ། ཐོག་མར་ཀླུ་སྡིངས་ཀྱི་མི་འཁྲུགས་ཁང་དུ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་གྱི་དབང་ཚོགས་ཆེན་ལ་ཕུལ་བ་སོགས་མཛད། རིམ་གྱིས་ཨེ་ཝཾ་གཟིམས་ཁང་འོག་ཏུ་ལོ་གྲངས་ཁ་ཤས་བཞུགས། དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཆེན་པོར་གྱུར་ནས་སླར་ཡང་ཨེ་ཝཾ་ཕན་བདེ་ཁང་གསར་དུ་བཞུགས་གནས་མཛད་དེ།


JKT019_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། ཞར་བྱུང་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་ཕེབས་པ་གདོན་མི་ཟ་བ་ཡིན་ནོ། །ཆོས་ཀྱི་སྲས་སུ་གྱུར་པ་ཡང་། རྡོ་རྗེ་འཆང་བྱམས་པ་བསོད་ནམས་དཔལ་ལྡན། བྱམས་པ་བསོད་ནམས་བཟང་པོ། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། བྲང་ཏི་ནམ་མཁའ་བསམ་འགྲུབ། ཤར་པ་དཔལ་ལྡན་བཟང་པོ། མཁན་ཆེན་སངས་རྒྱས་དཔལ་བཟང་། རྡོ་རྗེ་སློབ་དཔོན་བློ་གྲོས་ཕུན་ཚོགས། སངས་རྒྱས་ཚུལ་ཁྲིམས། རྗེ་དྲུང་དཔལ་ལྡན་ལྷུན་གྲུབ། སྤང་ཤར་བླ་མ་ཁུ་དབོན། མཚུངས་མེད་ཀུན་དགའ་རྣམ་རྒྱལ། དཀོན་མཆོག་རྒྱལ་མཚན་རྣམས་ཀྱིས་གཙོས་སྟོད་མངའ་རིས་སྐོར་གསུམ། དབུས་གཙང་ཁམས་གསུམ། ལྷོ་མོན་སོགས་ཀྱི་བསྟན་འཛིན་གྱི་བླ་མ། དཔོན་པོ། སྤྲུལ་སྐུ། རྡོ་རྗེ་སློབ་དཔོན་རྣམས་དང་། ཁྱད་པར་སྐུའི་དབོན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་གཙོས་སྐལ་ལྡན་གྱི་བུ་སློབ་སྟོང་ཕྲག་བཅུར་ལོངས་པ་སོགས་མཆིས་ཤིང་། ཐུགས་དམ་གྱི་རིམ་པ་ལའང་སྔ་ཐུན་གྱི་རིགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་འོད་ཟེར་དྲུག་སྦྲགས། བིརླ་པའི་སྲུང་བ་ཕྱི་ནང་སྦྲགས་མ། ལམ་ཟབ་ཕྱི་ནང་སྦྲགས་མ། ནཱ་རོ་མཁའ་སྤྱོད་ལ་ཨོ་གསུམ་མ་སུམ་བརྒྱ་བས་མི་ཉུང་བ། ཀྱེ་རྡོར་མངོན་


JKT019_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལམ་དུས་སྦྲགས་མ་རླུང་སྦྱོར་དང་བཅས་པ། འཇམ་དཔལ་དཀར་པོ། འཕགས་པ་སྤྱན་རས་གཟིགས་མདོ་ཁམས་ཤར་ཕྱོགས་མ་དང་མ་ཎི་སྟོང་ཚར་རེ་ལས་མི་ཉུང་བ། རྡོ་རྗེ་བྲག་རྫོང་མ་ལ་ཡི་གེ་བདུན་མ་སྟོང་ཕྲག་རེ། གཏོར་མའི་རིམ་པ་ལ། དཀར་གཏོར་ཆ་བཞི། ཛམྦྷ་ལ་དཀར་པོ། སེར་པོ། ནག་པོ། དབྱུ་གུ་སྤུན་གསུམ། བརྒྱ་རྩའི་རིམ་པ། བྲུལ་གཏོར་ཆུ་སྦྱིན་བཅས་དང་། མཇུག་ཏུ་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བརྒྱ་ཚར་གསུམ། བར་སྐབས་ཀྱི་རིམ་པར་གྲགས་རྒྱལ་གྱི་བསྟོད་པ་ཆོས་རྣམས་མ་དང་། ཀུན་དགའ་བཟང་པོའི་བསྟོད་པ་མདོ་རྒྱུད་མ། བྱང་སེམས་ཟླ་བ་རྒྱལ་མཚན་གྱི་བསྟོད་པ་བཅས་ཤློ་ཀ་གསུམ་ལ་བརྒྱ་ཚར་རེ། ལྟུང་བཤགས་ནས་བཟུང་ཆོས་སྤྱོད་ཕྱི་ནང་ཚར་རེ། འཇམ་དཔལ་མཚན་བརྗོད་ཚར་གསུམ། སྨོན་ལམ་རྣམ་གསུམ་ཚར་གསུམ། རྣམ་རྒྱལ་གཟུངས་ཚར་བཅུ་གསུམ་རེ། རྣམ་འཇོམས་གཟུངས་ཚར་ལྔ་རེ། མཇུག་ཏུ་འགྲོ་ལ་བདེ་སྐྱིད་མ་བཅས་བཀྲ་ཤིས་ཀྱི་བར་དང་། གཟིམ་ཁང་ནང་དུ་ཞབས་བསྐོར་བརྒྱ་ཚར་རེ། དགོང་མོའི་སྐབས་སུ་ལམ་ཟབ་ཕྱི་ནང་། བིར་སྲུང་ཕྱི་ནང་། མཁའ་སྤྱོད་མ། ཀྱེ་རྡོར་ཕྱི་ནང་། སྔ་དགོང་གང་བདེ་ལ་རྡོ་རྗེ་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཉམས་ལེན་དང་། རྩ་སྔགས་ཕྲེང་སྐོར་


JKT019_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རེ། སྙིང་པོ་སྟོང་ཕྲག་རེ། ཉེ་སྙིང་ཕྲེང་སྐོར་རེ་མ་ཆག་པ། འབྱུང་འདུལ་སེང་གདོང་མ་སྔོན་མོ། གུ་རུ་དྲག་དམར་རྩ་སྔགས་སྟོང་ཚར་རེ། མགོན་པོ་བྲག་རྫོང་མ་ཕྱི་ནང་སྦྲགས་མ་དང་། ཡི་གེ་བདུན་མ་སྟོང་ཚར་རེ། ཤཱ་ས་ན་བརྒྱ་ཚར་རེ་མ་ཆགས་པ། གཏོར་བསྔོའི་རིམ་པར། ཀྱེ་རྡོར། འཇིགས་བྱེད། རྣལ་འབྱོར་མ། འབྱུང་འདུལ། གུར་ལྕམ་དྲལ། ཞལ་བཞི་པ། ཟངས་གྲི་ཅན། བྲན་བདུན། ལས་མགོན་མིང་སྲིང་། དུད་སོལ་ལྷ་མོ། དུར་ཁྲོད་བདག་པོ། མགོན་དཀར། སྟག་ཞོན། ཏྲཀྐད། ཕྱོགས་སྐྱོང་བཅུ། ལས་གཤིན། དམག་ཟོར་མ། མཁའ་འགྲོ་སྤྱི་གཏོར་བཅས་རྣམས་མ་ཆག་པ་ཉམས་སུ་ལེན་པ་དང་། དུས་རྒྱུན་ཐུགས་སྒམ་ཞིང་། བླ་མ་གོང་མའི་ཕྱག་ལེན་གྱི་རིམ་པ་གང་དགོས་པ་ཐམས་ཅད་ལ་ནོར་འཁྲུལ་མེད་པ་ཞིག་དང་། ཆོས་འཆད་པའི་བྱ་བ་གང་མཛད་པ་ཐམས་ཅད་སྦྱོར་དངོས་རྗེས་གསུམ་ཆ་ཚང་ཞིང་བརྗོད་པ་ཕུན་སུམ་ཚོགས་པས་སྐྱེས་བུ་དམ་པ་ཆོས་སྨྲ་བའི་ཁྱུ་མཆོག་གི་དཔེར་འོས་པ་ཞིག་ཡིན་ནོ། །དེ་ལྟར་སྐུ་ཚེ་དང་འཁོར་ལོ་གསུམ་གྱི་ལེགས་མཛད་མཐའ་ཕྱིན་ནས། སྐུ་དབོན་དམ་པ་དཔལ་ལྡན་ཆོས་སྐྱོང་དགུང་གྲངས་ཉེར་ལྔར་ཕེབས་པ་མེ་རྟ་ཟླ་བ་དང་པོའི་ནང་ཕྱི་མཐའ་གཟིགས་པའི་ལུང་བསྟན་དང་ཞལ་ཆེམས་ཤིན་ཏུ་ཞིབ་པར་


JKT019_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ནས་ཟླ་བ་གཉིས་པའི་ཚེས་བཅུ་བཞི་ལ་སྐུ་དྲང་པོར་བསྲངས། དྲན་པ་མངོན་དུ་མཛད། ཐུགས་གཞན་དུ་མི་གཡོ་བར་འོད་གསལ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནས་བཟུང་ནམ་མཁའི་དབྱིངས་ཀུན་འཇའ་སྤྲིན་གྱིས་གང་། ལྷག་པར་ཚེས་བཅོ་བརྒྱད་ལ་འཇའ་སྤྲིན་གྱི་རྣམ་པ་མི་འདྲ་བ་དུ་མ་འཁྲིགས་པ་དང་ལྷན་ཅིག་ཏུ་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ་དག་པའི་ཞིང་དུ་གཤེགས་པ་ན། སྐུ་གཟུགས་འགྱིང་བའི་ཚུལ་གྱིས་ཡོ་ཞིང་། ཤངས་བུག་ནས་བྱང་སེམས་དཀར་དམར་གྱི་རྒྱུན་ཤར་གྱིས་བབས་པ་སོགས་རྣལ་འབྱོར་མཆོག་གི་ལམ་རྟགས་མངོན་དུ་མཛད། ཉེར་ལྔའི་ཉིན་ཁང་གསར་མཁན་ཆེན་བྱམས་པ་བསོད་ནམས་བཟང་པོས་སྐུ་གདུང་ཞུགས་ལ་ཕུལ་བས། འཇའ་དང་། འོད་དང་། མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། སྐུ་དབོན་དམ་པའི་མནལ་ལམ་དུའང་དཔལ་ལྡན་དམག་ཟོར་རྒྱལ་མོས་རྗེ་བཙུན་དམ་པ་དག་པའི་ཞིང་ཁམས་སུ་ཕེབས་པའི་ཞབས་འབྲིང་མཛད་པར་གཟིགས། རྗེས་ཀྱི་དགོངས་རྫོགས་སོགས་དབོན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང་གིས་ཤིན་ཏུ་རྒྱས་པར་མཛད་དོ། ༅། །འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ནི། འབྲོག་གནས་མཆེད་ལྔའི་


JKT019_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཚན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གསེར་སྤོང་གིས་ལེགས་པར་སྲུང་བའི་ཡུལ་གྲུ་སྒ་ལུང་རུ་བཞིར་གྲགས་པའི་ནང་ཚན་ལབ་མདའ་ཞེས་བྱ་བའི་གྲོང་ཁྱེར་དུ། སྔགས་ཀྱི་ལམ་ལ་གཞོལ་བའི་བརྒྱུད་པ་ཕྱིས་སུ་ལབ་མདའ་པའི་འཕྱིང་བང་དུ་གྱུར་པ་ཡ་རབས་དྲྭ་མའི་ངང་ཚུལ་ཅན་གྱི་ཁྱིམ་དུ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་གི་ལོར་འཁྲུངས། གཞོན་ནུའི་དུས་གདོང་སྤྲས་བསམ་གཏན་གླིང་གི་ཆོས་གྲྭར་ཞུགས། སྐྱེ་རྒུ་དོན་གྲུབ་གླིང་པའི་སྤྲུལ་སྐུ་ངག་དབང་བྱམས་པ་ཆོས་དར་མདུན་གཙུག་ཕུད་ཕུལ། མཚན་ངག་དབང་ལེགས་གྲུབ་ཏུ་གསོལ། སླར་ཐོབ་ཁུང་གི་དབང་གིས་ཐུབ་བསྟན་དགོན་དུ་བྱོན་ནས། དེ་དག་ཏུ་དཔལ་ཨེ་ཝཾ་པའི་ཆོས་སྤྱོད་ཆོ་གའི་རིམ་པ་རྣམས་བྱང་ཆུབ་པར་སྦྱངས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཀློག་པའི་མཆོད་གནས་ཀྱང་མཛད། དགུང་ལོ་བཅུ་དགུ་པ་ས་མོ་གླང་གི་ལོར་འོག་མིན་གཉིས་པ་ཤྲཱི་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ལོ་དེར་མཁན་ཆེན་འཇམ་པའི་དབྱངས་དཔལ་ལྡན་དོན་གྲུབ་ལས་གསུང་ངག་རིན་པོ་ཆེ་གསན་ཅིང་། ཕྱི་ལོར་བསྙེན་པར་རྫོགས། རྟ་ནག་ཐུབ་བསྟན་རྣམ་རྒྱལ་དུ་མཚན་ཉིད་ཀྱང་ཐོག་གཅིག་སྦྱངས། ཁྱད་པར་དཔལ་ཨེ་ཝཾ་པའི་བསྒྲིགས་སྲོལ་ལྟར་རྒྱུད་བརྟག་གཉིས། ཚུལ་གསུམ། ལྗོན་ཤིང་། སྡོམ་གསུམ། སྣང་


JKT019_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཉིས། ཀུན་ཏུ་དགོས་པའི་གཞུང་བདུན། མངོན་རྟོགས་རྒྱན་དང་། སྤྱོད་འཇུག་སྟེ་གཞུང་ཆེན་པོ་བཅོ་ལྔའི་ཚིག་དང་དོན་བཅས་ཐུགས་མཚོར་གཏམས་པས་གཞུང་བདུན་སྨྲ་བའི་མཚན་གྱི་ཅོད་པན་དབྱངས། དེ་དག་གི་སྐབས་སུ་ཉིན་རེར་ཤོག་བུ་དྲུག་རེ་ཙམ་ཆག་མེད་དུ་འཛིན་པ་གནང་བས་གོང་གི་གཞུང་དེ་རྣམས་ལོ་ཕྱེད་གཉིས་ཙམ་གྱིས་རྫོགས་པར་བཟུང་བ་ཡིན་ཅེས་གསུངས། བཟོ་དང་གསོ་བའི་རིག་པའང་ཅུང་ཟད་སྦྱངས་ཤིང་། ཁྱད་པར་སྐུ་གཟུགས་དང་མཆོད་རྟེན་གྱི་ཐིག་རྩ། དཀྱིལ་འཁོར་རབ་འབྱམས་ཀྱི་བྲིས་ཐིག །དབྱངས་གདངས། གར་རོལ་སོགས་ལ་མཁས་པའི་ཕུལ་དུ་སོན། དགུང་ལོ་སུམ་ཅུ་པ་ལྕགས་ཕོ་བྱི་བའི་ལོར་མཁན་ཆེན་ཐམས་ཅད་མཁྱེན་པས་བཀའ་སྩལ་ལྟར། བདག་གིས་སྒྲ་ཀ་ལཱ་པ། སྡེབ་སྦྱོར་རིན་འབྱུང་། སྙན་ངག་མེ་ལོང་རྣམས་ཕུལ་བ་དུས་ཐུང་ངུས་ཚེགས་མེད་པར་མཁྱེན། རྟ་ནག་མཁན་ཆེན་སེང་གེ་རབ་རྒྱས་ལས་ཕར་ཚད་ཀྱི་བཤད་པ་དང་། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གཙོ་བོར་གྱུར་པའི་ཡོངས་འཛིན་དམ་པ་ཇི་ལྟར་བསྟེན་པའི་ཚུལ་ནི། མཁན་ཆེན་དཔལ་ལྡན་དོན་གྲུབ། ཕན་ཁང་མཁན་རིན་པོ་ཆེ་བྱམས་པ་དཔལ་ལྡན་བཟང་པོ། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་


JKT019_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན། དཔལ་ས་སྐྱ་པ་འཇམ་མགོན་རྡོ་རྗེ་རིན་ཆེན། མདོ་ཁམས་པ་ངག་དབང་བཟང་པོ། ཞྭ་ལུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་། བྲག་སྒོམ་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས། ཐར་རྩེ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། ལྷ་བཙུན་འཇམ་པའི་དབྱངས་དོན་གྲུབ་རྒྱལ་མཚན། འདར་གྲོང་ཆེན་སློབ་དཔོན་ངག་དབང་འཇམ་དབྱངས། རྟ་ནག་སྒྲོལ་ཕུག་རིན་པོ་ཆེ་རིག་འཛིན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། འདར་སྟོན་བློ་བཟང་བསྟན་པའི་ཉི་མ། དཔལ་ས་སྐྱ་པའི་ཡོངས་འཛིན་བློ་གྲོས་རྒྱ་མཚོ། ཅོར་ཨེ་ཝཾ་པའི་ཟུར་འཆང་ངག་དབང་བསྟན་པ། སྡོམ་བརྩོན་ཕྲིན་ལས་རབ་རྒྱས་སོགས་ཡོངས་འཛིན་དམ་པ་མཐའ་ཡས་པ་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་རྒྱ་མཚོ་ལྟ་བུ་གསན། ཁོ་བོས་ཀྱང་དབང་ལུང་འགའ་ཞིག་མཎྜལ་དུ་ཕུལ། བྱ་རྒྱུད་རིགས་གསུམ་སྤྱི། ཚེ་དཔག་ལྷ་དགུ། གཉན་སྒྲོལ། སྒྲོལ་དཀར། རྣམ་འཇོམས། ཀུན་རིག །གསང་འདུས་འཇམ་རྡོར། འཇིགས་བྱེད་ལས་གཤིན་བཅས། བདེ་མཆོག་བོང་ཞལ་ཅན། ནཱ་རོ་མཁའ་སྤྱོད། དཔལ་ཀྱེ་རྡོ་རྗེ། མགོན་པོ་བྲག་རྫོང་མ། རྟ་མགྲིན་ཡང་གསང་སོགས་ཀྱི་བསྙེན་པ་སྦྱིན་སྲེག་བཅས་དང་། རྒྱུན་དུའང་དེ་དག་ཅི་


JKT019_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་མཚོན་ཉམས་བཞེས་སུ་མཛད། ཆུ་ཕོ་སྟག་༣༢ལ་ཞྭ་ལུ་རྡོ་རྗེ་འཆང་སོགས་ལ་དབང་བཀའ་ཕུལ། དགུང་གྲངས་སོ་གསུམ་པ་ཆུ་མོ་ཡོས་ཀྱི་ལོར་དཔལ་ཨེ་ཝཾ་པའི་རྡོ་རྗེའི་སློབ་དཔོན་དུ་མངའ་གསོལ་ནས་ལོ་བཞི་ལྷག་ཙམ་བཞུགས་པའི་བར་གཙོ་བོར་བསྒྲིགས་ལམ་གོང་འཕེལ་དང་། བར་སྐབས་སུ་འདར་གྲོང་ཆེན་སློབ་དཔོན་ལས་བཀའ་འགྱུར་རིན་པོ་ཆེ་སོགས་གསན། སོ་བདུན་པ་མེ་མོ་ལུག་གི་ལོ་འཇུག་ནས་བཀའ་འགྱུར་རིན་པོ་ཆེའི་ཆོས་འཁོར་བསྐོར། བཞི་བཅུ་པ་ལྕགས་༤༥ཕོ་ཁྱི་ལོར་སྐྱེད་ཚལ་དུ་སློབ་བཤད་གསུངས་ཤིང་དབུས་སུ་ཕེབས། ཞེ་གསུམ་པ་ཆུ་མོ་གླང་གི་ལོར་ཁམས་སུ་བྱོན།། ༈ །།བདག་ཆེན་བློ་གྲོས་རྒྱལ་མཚན་རྣམ་ཐར་ཚར་ཆེན་པས་མཛད་པ་ཡིད་འཕྲོག་ཨུཏྤལ་དོ་ཤལ་༥༩ལས། སྔོན་དུས་འོད་གསལ་ལྷའི་རིགས་ཆེ་བ་གནམ་ལྷ་སྤྱི་རིང་། བར་པ་གཡུ་རིང་། ཆུང་བ་ཨུ་སེ་གནམ་ལྷ་མཆེད་གསུམ་དུ་གྲགས་པ་ཡུལ་མཐོ་ཞིང་ས་གཙང་བ་མངའ་རིས་སྟོད་ཀྱི་སའི་ཆའམ། བྱང་གི་རྒྱལ་མོ་ཤེལ་ཚའི་འགྲམ་དུ་བབས་པ་འདོད། གང་ལྟར་གཡུ་རིང་གིས་རྨུའི་བུ་མོ་དང་ལྷན་དུ་ཞུགས་པས་སྲས་མ་སངས་སྤུན་བདུན་བྱུང་བའི་ནང་ནས། ཆུང་བ་མ་སངས་རྗེས་མི་ཡུལ་དུ་བཞུགས་པའི་སྲས་ཐོག་ཚ་དཔལ་བོ་སྟག །དེ་སྲས་ཀླུ་ཚ་དཔའ་བོ་ཆེ། དེ་


JKT019_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་གཡའ་སྤང་སྐྱེས། དེ་སྲས་འཁོན་བར་སྐྱེས་ཡིན། འདི་མན་ལ་འཁོན་གྱི་གདུང་དུ་གྲགས། དེ་སྲས་འཁོན་དཔའ་བོ་ཆེ། འདིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་མཛད། དེ་ལ་སྲས་བཞི་བྱུང་བའི་གསུམ་པ་ནི། སད་མི་བདུན་གྱི་ནང་འཁོན་ཀླུ་དབང་སྲུང་བ་དང་། བཞི་པ་ཚེ་འཛིན་གྱི་སྲས་རྡོ་རྗེ་གཉིས་ཀྱི་སློབ་དཔོན་ཆེན་པོར་གཏུགས་ཏེ། སྔགས་རྙིང་མའི་ཆོས་ལ་མཁས་ཤིང་གྲུབ་པར་གྲགས། དེ་ནས་འཁོན་རོག་ཤེར་ཚུལ་ལ་ཐུག་གི་བར་དུ་གདུང་རབས་བཅུ་ཙམ་གྱི་རིང་ཡང་ཕུར་ལ་ཐུགས་དམ་གྱི་མཐིལ་མཛད། བྲག་ལ་ཕུར་པ་བཏབ། རྔ་ལ་ཞོན་ནས་ནམ་མཁར་འགྲོ་བ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས། དཀར་བདུད་དང་བརྟན་མ་བཅུ་གཉིས་སོགས་བྲན་དུ་འཁོལ་བ་ཤ་སྟག་བྱུང་། ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་དཀོན་མཆོག་རྒྱལ་མཚན་པས་གསང་སྔགས་ཕྱི་འགྱུར་གྱི་བདག་པོར་གྱུར། འབྲོག་མི་སོགས་མཁས་གྲུབ་དུ་མ་བསྟེན། དགུང་ལོ་བཞི་བཅུ་པར་སངས་རྒྱས་ཀྱི་བསྟན་པ་ཕྲག་བཅུར་གནས་པའི་ཕྲག་བདུན་པ་མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གི་སྟེང་ནས་ལོ་༢༠༧འདས་པ་ཆུ་མོ་གླང་གི་ལོར་ཁྲུམས་སྟོད་ཟླ་བའི་ཡར་ཚེས་ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་གཙུག་ལག་ཁང་བཏབ། འདི་མན་འཁོན་ས་སྐྱའི་གདུང་བརྒྱུད་དུ་གྲགས། དེ་སྲས་གངས་ཅན་གྱི་རྡོ་རྗེ་


JKT019_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཀུན་གྱི་གཙུག་ནོར་ས་སྐྱ་པ་ཀུན་དགའ་སྙིང་པོ་སྟེ། འདི་ནས་ཇོ་བོ་རྗེས་ས་དཀར་པོའི་ལོ་གསལ་དྷིབདུན་དང་ཧཱུྃ་གཅིག་འདུག་པ་གཟིགས་ནས་དེར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང་། ཕྱག་རྡོར་གྱི་སྤྲུལ་པ་གཅིག་སྟེ་བརྒྱད་བྱོན་པར་ལུང་བསྟན་པ་རྣམས་རིམ་གྱིས་བྱོན། སློབ་དཔོན་ཆེན་པོས། ཀུན་དགའ་སྙིང་པོ་ས་སྐྱ་ལོ་ཙཱ་དང་༔ བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས༔ རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང་༔ ཞེས་གསུངས། དེ་ལ་སྲས་བཞི་འཁྲུངས་པའི་ཆེ་བ་ཀུན་དགའ་འབར་རྒྱ་གར་རྡོ་རྗེ་གདན་དུ་སྐུ་གཤེགས། གཉིས་པ་བསོད་རྩེ། གསུམ་པ་གྲགས་རྒྱལ། བཞི་པ་དཔལ་ཆེན་འོད་པོར་གྲགས། དེ་ལ་སྲས་གཉིས་ཀྱི་ཆེ་བ་རྗེ་ས་པཎ། ཆུང་བ་སློབ་དཔོན་ཟངས་ཚ་བསོད་ནམས་རྒྱལ་མཚན། དེ་ལ་སྲས་ལྕམ་སྲིང་བརྒྱད་འཁྲུངས་པའི་ཆེ་བ་འགྲོ་མགོན་ཆོས་འཕགས། སྲས་གཉིས་པ་གསང་བདག་རྣམ་འཕྲུལ་འགྲོ་མགོན་ཕྱག་ན། དེ་ཡང་ཡུམ་མི་གཅིག་པའི་མཆེད་ཟླ་སློབ་དཔོན་རིན་ཆེན་རྒྱལ་མཚན་དང་། ཡེ་ཤེས་འབྱུང་གནས་གསུམ་བྱུང་། ཡེ་ཤེས་འབྱུང་གནས་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ། འདི་རྒྱ་ནག་ཏུ་བྱོན་ནས་རྒྱལ་པོའི་ཉམས་སད་པའི་ཕྱིར་ཧམ་ཆུ་ཟེར་བར་ཡུན་རིང་དུ་བཞུགས་བཅུག །སོ་བདུན་པ་ས་ཁྱི་ལ་ས་


JKT019_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱར་ཕེབས། བཙུན་མོ་བདུན་ཁབ་ཏུ་བཞེས་ཤིང་སྲས་བཅོ་ལྔ་སྲས་མོ་གཉིས་ཏེ་བཅུ་བདུན་འབྱུང་། དགུང་༥༢ལོ་པར་རབ་བྱུང་མཛད། སྲས་ཐོག་མ་གཉིས་གཞོན་ནུ་ནས་གཤེགས། གསུམ་པ་བླ་ཆེན་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྟེ། དགུང་༡༢ལོ་བར་གོང་མའི་ཏི་ཤྲཱི་མཛད། བླ་མ་བདག་ཉིད་ཆེན་པོར་སྐུ་གཤེགས་རྗེས་གཅུང་རྣམས་ལ་བླ་བྲང་ཁག་བཞིར་བགོས་ནས་གནང་། དེའང་མཁས་བཙུན་ནམ་མཁའ་ལེགས་པ་དང་། གུ་ཤྲཱི་ནམ་མཁའ་རྒྱལ་མཚན་མཆེད་ལ་ཤེལ་ཐམ་དང་བཞི་ཐོག་བླ་བྲང་གནང་། འདི་དག་གི་གདུང་བརྒྱུད་ལ་དང་པོ་གཞི་ཐོག་བླ་བྲང་ཟེར། དེ་ནས་ཆུ་མིག་བླ་བྲང་པ་ཟེར་ཏེ་བདག་ཆེན་བློ་གྲོས་དབང་ཕྱུག་ཡན་གྱིས་གདུང་བརྒྱུད་རྣམས་རྫོགས་ནས་དེང་སང་མི་བཞུགས། ཏི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས་དང་། ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་ལ་གསེར་ཐམ་དང་། ལྷ་ཁང་བླ་བྲང་གནང་། འདིའི་བརྒྱུད་ལ་དང་པོ་ལྷ་ཁང་བླ་བྲང་པ་དང་། དེང་སང་ལ་སྟོད་གཅུང་དང་ཁམས་སུ་བཞུགས་པར་གྲགས། ཏཱ་དབེན་གུ་ཤྲཱི། དེའི་གཅུང་འཇམ་དབྱངས་དོན་ཡོད་རྒྱལ་མཚན། དེའི་གཅུང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་མཆེད་ལ་ཤེལ་ཐམ་དང་། རིན་ཆེན་སྒང་གི་བླ་བྲང་གནང་། འདི་ལ་སྔར་


JKT019_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྒང་བླ་བྲང་པ་དང་། ཕྱིས་སུ་དགེ་སྡིངས་བླ་བྲང་པ་ཞེས་གྲགས། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ཡན་གྱིས་གདུང་བརྒྱུད་རྫོགས་ནས་དེང་སང་ཆོས་བརྒྱུད་འཛིན་པ་ཤ་སྟག་ཡིན། སའི་ལེན་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ལ་དུས་མཆོད་བླ་བྲང་དང་གསེར་ཐམ་གནང་། འདི་པའི་སྒོས་ཀྱི་གདུང་བརྒྱུད་ལ་དང་པོ་དུས་མཆོད་བླ་བྲང་པ་དང་། དེང་སང་རྩེ་གདོང་བླ་བྲང་པར་གྲགས་ཤིང་ལུགས་གཉིས་ཀྱི་སྒོ་ནས་དར་ཞིང་རྒྱས་པར་བཞུགས། དེ་ལས་གཞན་པའི་སྲས་རྣམས་ཆུང་ངུ་ལ་གཤེགས། ལྕམ་མོ་རྣམས་ཀྱི་མཚན་མ་སྨོས་སོ། །དེ་ཡང་རིན་ཆེན་སྒང་པའི་བརྒྱུད་པ་ནི། བདག་ཉིད་ཆེན་པོ་དང་། ཞྭ་ལུ་སྐུ་ཞང་མགོན་པོ་དཔལ་གྱི་སྲས་མོ་མ་གཅིག་གཞོན་ནུ་འབུམ། དེ་ལ་སྲས་སྐུ་མཆེད་གསུམ་འཁྲུངས་པའི་ཆེ་བ་ཏཱ་དབེན་ཀུན་དགའ་ཉི་མ་གཞོན་ནུ་སྟེ་གོང་མའི་ཕོ་བྲང་དུ་གཤེགས། དེའི་གཅུང་འཇམ་དབྱངས་དོན་ཡོད། དེའི་གཅུང་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན། འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱིས་རབ་བྱུང་མ་མཛད་པའི་གོང་མ་གཅིག་ཞྭ་ལུ་པ་ཡོན་ཏན་དཔལ་འབུམ་ཁབ་ཏུ་བཞེས་པས། སྲས་གཅེན་ཉི་མ་རྒྱལ་མཚན་ཆུང་ངུ་ནས་གཤེགས། གཅུང་ཟླ་བ་རྒྱལ་མཚན་གྱིས་བསྙེན་རྫོགས་མ་མཛད་


JKT019_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོང་མ་གཅིག་ཞྭ་ལུ་པ་ནམ་མཁའ་རྒྱལ་པོ་ཞེས་པའི་སྲས་ལྕམ་སྲིང་བཞི་འཁྲུངས་པའི་ཆེ་བ་སློབ་དཔོན་པདྨའི་རྣམ་འཕྲུལ་བདག་ཆེན་འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། དེའི་གཅུང་བདག་ཆེན་ཞྭ་ལུ་པ་མཐུ་སྟོབས་དབང་ཕྱུག་རྒྱལ་མཚན་དཔལ་བཟང་། ལྕམ་མོ་ཆེ་བ་ཕྱག་རྡོར་འབུམ། ཆུང་བ་དགེ་མའོ། །བདག་ཆེན་འཇམ་དབྱངས་ཆེན་པོས་ས་སྐྱའི་དཔོན་ཆེན་གྱི་བརྒྱུད་པ་ཁམ་མདའ་བ་མ་གཅིག་དཔལ་འབྱུང་རྒྱལ་པོ་ཞེས་པ་ཁབ་ཏུ་བཞེས་པས། སྲས་ལྕམ་སྲིང་དྲུག་བྱུང་བའི་གཅེན་རྒྱ་གར་པ་ཤེས་རབ་རྒྱལ་མཚན། གཅུང་བདག་ཆེན་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་ཡིན། སྲས་མོ་བཞིའི་ཆེ་བ་སློབ་དཔོན་མ་བསོད་ནམས་དཔལ་འཛོམ། གཉིས་པ་སློབ་དཔོན་མ་ནམ་མཁའ་འབུམ། གསུམ་པ་སློབ་དཔོན་མ་ནམ་མཁའ་བཟང་མོ། བཞི་པ་སློབ་དཔོན་མ་མཁའ་འགྲོ་འཛོམ་མོ། །ཁ་བ་རི་པའི་བསོད་ནམས་པདྨོའི་རྩེར། །སྐབས་གསུམ་བུང་བ་གཞོན་ནུའི་རོལ་རྩེད་ལས། །ཕན་བདེ་སྦྲང་རྩི་གསར་པའི་དུས་སྟོན་གྱིས། །ཐུབ་བསྟན་ལང་ཚོའི་འཛུམ་དཀར་འདི་ན་བཞད། །དཔའ་མཛངས་བློ་གྲོས་ཕུན་ཚོགས་དཔའ་བོ་ཞིག །འཇམ་དབྱངས་འཁོར་ལོས་སྒྱུར་བའི་ཞབས་འབྲིང་མཆོད། །དེ་ཡི་རིགས་ལས་ཁ་བའི་སྨན་ལྗོངས་སུ། །ངུར་སྨྲིག་འཛིན་


JKT019_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐོག་མ་ནཱ་གེནྡྲ། །འཇིག་རྟེན་མིག་གྱུར་འཁོན་སྟོན་མཆེད་བཅས་ཀྱིས། །འཛམ་གླིང་བརྟུལ་ཞུགས་གྲུབ་པའི་མཐར་སོན་པ། །ཨོ་རྒྱན་མཁན་པོའི་ཞབས་རྡུལ་གཙུག་གིས་བསྟེན། །གསང་ཆེན་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས། །རིགས་ཀྱི་ཐིག་ལེ་གྲུབ་དབང་བལ་པོའི་མཚན། །རིགས་སྔགས་གྲུབ་པའི་སྔགས་འཆང་འཁོན་རོག་སོགས། །ཁྲག་འཐུང་ཡང་ཕུར་ཁྲོས་པའི་ཞལ་མཐོང་ཞིང་། །སྲ་བརྟན་བྲག་ལ་འདམ་བཞིན་ཕུར་པ་འདེབས། །བས་མཐའི་གནས་སུ་མཁའ་ལ་བྱ་ལྟར་ལྡིང་། །དབྱིངས་ཕྱུག་མ་མོ་བདུད་ནག་ཐོད་ཕྲེང་དང་། །གསང་ཅན་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས། །བཀའ་ཡི་སྤྲིང་ཡིག་རལ་པའི་རྒྱན་དུ་འཛིན། །དེ་ནས་རྗེ་བཙུན་དཀོན་མཆོག་རྒྱལ་པོ་ཞེས། །མཁས་དང་གྲུབ་པའི་འདབ་བཟང་དབང་པོ་དེས། །གསང་ཆེན་གསར་པའི་པདྨའི་ཆུ་གཏེར་རྙེད། །སྐལ་བཟང་ངང་པའི་བསྟི་གནས་དམ་པར་གྱུར། །གངས་ཅན་རི་བོའི་ཁོངས་འདི་མ་ག་དྷ། །ཆུ་ཤེལ་འཛིན་མའི་སྤོ་ལ་རྡོ་རྗེ་གདན། །བྱང་ཕྱོགས་འཛིན་མའི་དཔལ་དུ་འཕོས་འདྲ་བའི། །སྲས་བཅས་རྒྱལ་བའི་ཕོ་བྲང་གཙུག་ལག་ཁང་། །གང་དེར་རྗེ་བཙུན་འཇམ་བའི་རྡོ་རྗེ་ཉིད། །གོས་དཀར་ལྕང་ལོའི་ཟོལ་གྱིས་གསང་ཆེན་སྐྱོངས། །ལ་ལར་ངུར་སྨྲིག་འཛིན་པའི་གར་


JKT019_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རོལ། །ཐུབ་བསྟན་རྒྱལ་མཚན་སྲིད་རྩེར་འཛིན་པ་ལ། །ས་སྐྱ་པ་ཞེས་སྙན་པའི་རྔ་གསང་ནི། །ཁོར་ཡུག་རི་བོའི་ཁོངས་སུ་ལྷང་ངེ་བ། །ཡོངས་འདུ་དག་ལས་རྐང་འཐུང་གཉིས་པ་བཞིན། །ས་ཆེན་འདི་ན་འགྲན་ཟླས་དབེན་པར་གྱུར། །དེར་ནི་སྟོབས་ལྡན་རྒྱལ་པོ་སེ་ཆེན་གྱིས། །ཤིང་སྒོ་འཛིན་པའི་བོད་ཡུལ་ཆོལ་ག་གསུམ། །ཆོས་ཀྱི་རྒྱལ་པོར་ཕུལ་བས་བྱང་ཕྱོགས་ན། །གང་འདིའི་འབངས་སུ་མ་གྱུར་སུ་ཡོད་སྨོས། །འཕགས་མས་ལུང་བསྟན་མ་དྲོས་ཆུ་མཚོ་ལས། །མཁས་དང་གྲུབ་པའི་གདུང་གི་ཆུ་བོ་བཞི། །དགེ་མཚན་རིན་ཆེན་བྱེ་མ་འདེན་བཞིན་དུ། །སྐྱེ་རྒུ་རྒྱ་མཚོའི་དཔལ་དུ་དལ་གྱིས་འབབས། །དེ་ལས་ཆུ་སྐྱེས་ཚལ་ན་པད་དཀར་དང་། །རྒྱུ་སྐར་ཁྲོད་ན་རི་བོང་འཛིན་པ་ལྟར། །རབ་མཆོག་ཕུལ་བྱུང་རིན་ཆེན་སྒང་པ་ཞེས། །ཟླ་མེད་མཐུ་སྟོབས་ནུས་པའི་བདག་ཉིད་བྱུང་། །རྨད་བྱུང་རིགས་ཀྱི་ནོར་བུའི་ཅོད་པན་འདི། །དྲེགས་ལྡན་བྱེ་བས་རལ་པའི་རྒྱན་དུ་མཆོད། །མཁས་དང་གྲུབ་པ་ཡོངས་ཀྱི་སྤྱི་བོས་བཏུད། །སྐལ་བཟང་འགྲོ་བ་ཀུན་གྱི་ཕྱག་གི་གནས། །བ་ལང་ལྟ་བུའི་བླུན་པ་སྐལ་ངན་འགའ། །མ་གཏོགས་རྒྱ་མཚོའི་གོས་ཅན་ཁྱོན་འདི་ན། །གང་གི་རིགས་མཆོག་ཞལ་རྡུལ་གཙུག་རྒྱན་དུ། །འཛིན་པར་མི་བྱེད་ཤེས་ལྡན་སུ་ཞིག་ཡོད། །ཅེས་གསུངས།


JKT019_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། པདྨའི་རྣམ་འཕྲུལ་འཇམ་དབྱངས་ཆེན་པོ་དང་། །མཚན་ལྡན་ཌཱ་ཀི་དཔལ་འཐུང་རྒྱལ་མོ་ཡི། །སྲས་སུ་འཁྲུངས་ནས་ངོ་མཚར་རོལ་རྩེད་མཛད། །གསང་ཆེན་སྙན་བརྒྱུད་ཐོབ་ལ་ཕྱག་འཚལ་ལོ། །ཞེས་གསུངས། དེ་ཡང་བདག་ཆེན་འདིས་རང་གི་ཡབ་ལས་མགོན་པོའི་སྐོར་དང་། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལ་གསུང་ངག་ལམ་འབྲས་སློབ་བཤད་སོགས་གསན་ནས་སྙན་བརྒྱུད་རྒྱ་མཚོའི་གཏེར་མཛོད་དུ་གྱུར། ས་ཆེན་གྱི་སྤྲུལ་པར་གྲགས། དགུང་ལོ་ང་གཉིས་པར་གཤེགས། སློབ་མ་ཡང་ཆོས་རྗེ་སངས་རྒྱས་དཔལ་སོགས་བཀའ་དྲིན་རྗེས་སུ་ནོས་པའི་དམ་པ་བཞི། ཀུན་མཁྱེན་གོ་ཤཱཀ་རྣམ་གཉིས་སོགས་འཛམ་གླིང་ཡོངས་སུ་གྲགས་པའི་མཁས་ཆེན་སོ་ལྔ། བདག་ཆེན་བསོད་ནམས་རྒྱལ་མཚན་སོགས་གངས་ཅན་ཆེན་པོར་གྲགས་པའི་སྐྱེས་བུ་གཉིས། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས་སོགས་གསུང་གི་གསང་བ་འཛིན་པའི་དམ་པ་བརྒྱད། ཁྱད་པར་ཡོངས་རྫོགས་སྙན་བརྒྱུད་ཟབ་མོར་མངའ་བདག་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་། གཞན་ཡང་གསུང་ཆོས་ཀྱི་འབྲེལ་པ་ཙམ་ཐོབ་པ་ནི་ཤིན་ཏུ་མང་ངོ་། །དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ངོ་མཚར་དད་པའི་སྤུ་ལང་གཡོ་བ་ཞེས་ཚར་ཆེན་


JKT019_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་མཛད་པར། རྒྱལ་བ་རྒྱ་མཚོའི་རྨད་བྱུང་ངོ་མཚར་གཏམ། །སྲིད་མཐའི་བར་དུ་དབྱངས་སུ་བསྒྲགས་པ་བས། །འདི་ན་མཚན་ལྡན་རྡོ་རྗེ་སློབ་དཔོན་གྱི། །ཡོན་ཏན་རྟོགས་པ་བརྗོད་པའི་ཆ་ཤས་ཙམ། །བརྗོད་པའང་བསོད་ནམས་བླ་ན་མེད་དོ་ཞེས། །བསླུ་མེད་དམ་པའི་གཏམ་གྱིས་ཡིད་དྲངས་ནས། །གང་གི་ཡིད་ནི་ཚུལ་འདིར་ཞུགས་པར་གྱུར། །ཅེས་སོགས་གསུངས། དེ་ཡང་སྐུའི་སྐྱེ་བ་ནི། དང་པོའི་སངས་རྒྱས་འཁོར་བ་འཇིག །རྒྱ་གར་དུ་ལྭ་བ་པ། བོད་དུ་ཕག་གྲུར་གྱུར་པ་དབུས་སྨྱོན་ཧེ་རུ་ཀས་ལུང་བསྟན། རིག་འཛིན་པདྨ་གླིང་པས་བྲམ་ཟེ་མཆོག་སྲེད་ཀྱི་སྤྲུལ་པར་བསྒྲགས། འཁྲུངས་ཡུལ་ནི། བོད་ཆོས་རྒྱལ་གྱི་གདུང་གི་ནང་ཚན། འོད་སྲུང་གི་བརྒྱུད་པ་ལས་ཡབ་མགོན་པོ་རིན་ཆེན་ནམ། ཕྱིས་སུ་རབ་ཏུ་བྱུང་བའི་མཚན་ཀུན་དགའ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་བསྐྱེད་རྫོགས་ཀྱི་ཉམས་ལེན་མཐར་སོན་པ་དང་། ཡུམ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་བརྒྱུད་པ་ས་སྐྱའི་དབོན་ཆེན་དཔལ་འབུམ་བཟང་པོའི་རིགས་ཡེ་ཤེས་མཁའ་འགྲོའི་རྟགས་ཅན་བྱང་སེམས་དབང་མཆོག་རྒྱལ་མོའི་སྲས་སུ་དཔལ་སྣར་ཐང་གི་ཉེ་འདབས། ངོར་ཨེ་ཝཾ་དང་ཉེ་བའི་ས་རྡོ་རིང་བསམ་འགྲུབ་སྨོན་མཁར་དུ་འཁྲུངས། ངོ་མཚར་གྱི་ལྟས་དུ་མ་བྱུང་། དགུང་ལོ་བཅུ་


JKT019_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ནས་གཞིས་ཀ་བསམ་འགྲུབ་རྩེར་ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་འཕྲུལ་སྤྲུལ་པའི་རྒྱལ་པོ་རིན་སྤུངས་ནོར་བུ་བཟང་པོའི་ཕྱག་ཕྱིར་འབྱོར་ནས་མ་གཤེགས་པར་བཞུགས། ཆུང་ངུའི་དུས་ནས་ཞྭ་ལུ་པ་རྒྱལ་མཚན་དཔལ་བཟང་དང་། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་རྗེས་སུ་བཟུང་། དགུང་ལོ་སུམ་ཅུ་ཡན་ལ་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་། རྟེན་སྐྱ་བོར་བཞུགས། སོ་གཅིག་པར་མནལ་ལམ་དུ་ངོར་ཆེན་པས་བསྐུལ་བ་ལྟར་གྲྭ་ཐང་ཆོས་རྗེ་ཤེས་རབ་ཟླ་བར་རབ་ཏུ་བྱུང་ཞིང་། དེ་ནས་བདག་ཆེན་རྡོ་རྗེ་འཆང་ལ་བསྙེན་རྫོགས་བཞེས་པ་ནས་བཟུང་མཉེས་པ་གསུམ་གྱི་བྱ་བས་བསྟེན་ནས་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་རྒྱ་མཚོའི་གན་མཛོད་དུ་གྱུར། འདི་དང་རྗེ་ངོར་ཆེན། ཞྭ་ལུ་པ་མཁྱེན་རབ་ཆོས་རྗེ་གསུམ་བཀའ་དྲིན་ཆེ་བའི་བླ་མར་མཛད། གཞན་ཡང་རིས་མེད་ཀྱི་ཡོངས་འཛིན་བདུན་ཅུ་རྩ་གཉིས་བསྟེན་ཏེ། ཟུང་གིས་ལྷག་པའི་ཡོངས་འཛིན་བཅུ་ཕྲག་བདུན། །ལྷག་པར་བཀའ་དྲིན་ཆེ་བའི་བླ་མ་གསུམ། །གཅིག་པུ་འགྲན་ཟླ་བྲལ་བའི་ས་སྐྱ་པ། །མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པའི་མཐུས། །འཕགས་ཡུལ་མ་དྲོས་ཆུ་གཏེར་ལས་འོངས་པའི། །རྒྱུད་སྡེ་རྣམ་བཞིའི་ཆུ་ཀླུང་བྱེ་བ་བརྒྱ། །སྙན་བརྒྱུད་བདུད་རྩིའི་ཟེགས་མ་འཐོར་བཞིན་དུ། །ཁྱོད་ཐུགས་རྒྱ་མཚོའི་


JKT019_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་སུ་དལ་གྱིས་ཞུགས། །ཞེས་འབྱུང་། རྙིང་མའི་ཕྱོགས་ཀྱང་ཉི་ཟླ་ལྟ་བུའི་མཁས་གྲུབ་ཀཿཐོག་པ་བླ་མ་ཡེ་ཤེས་འབུམ་པ། འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་མཛད་པ་རྨོག་སྟོན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་བཟང་པོ། ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་བ་རིག་འཛིན་ཀུན་དགའ་གྲགས་པ། རྗེ་གནམ་ལྡིང་པ། མཁའ་རེག་དབོན་དྲུག་པ། རྗེ་ཐང་སྟོང་པ། ག་ཟི་ཀུན་སྤངས་པ། རྗེ་བཙུན་མཚན་ལྡན་མ་སོགས་ལས་བཀའ་གཏེར་གྱི་ཆོས་དཔག་ཏུ་མེད་པ་གསན། ཚ་མོ་བྱང་ཆུབ་རྫོང་། གནམ་ཁའུ་བྲག་རྫོང་། བྱས་འགྱུར་རྡོ་རྗེའི་བྲག་རྫོང་སོགས་དབུས་གཙང་གི་རི་ཁྲོད་རྣམས་སུ་ཐོས་བསམ་གྱི་སྙིང་པོ་བསྒྲུབས་པ་ལ་འབད་པས་ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་གཟིགས། དམ་ཅན་བྲན་དུ་འཁོལ། མཐུ་སྟོབས་དང་ནུས་པའི་ཕ་མཐར་སོན། ཉམས་རྟོགས་ཀྱི་མཛོད་ཀློང་ཆེན་པོ་བརྡོལ་ཏེ། ཀུན་རྟོག་སྦྱངས་གཞིའི་སྣང་ཆ་ཇི་སྙེད་པ། །རང་རིག་སྐད་ཅིག་འཆར་སྒོར་ཐག་ཆོད་ནས། །དེ་ཉིད་རིམ་གཉིས་ཟབ་མོའི་ཏིང་འཛིན་དུ། །བསྒྱུར་ནས་དག་པའི་སྣང་བར་རྒྱས་བཏབ་སྟེ། ལམ་བྱེད་རྣམ་བཞིས་གནད་དུ་བསྣུན་པ་ལས། །གཞི་ལམ་འབྲས་གསུམ་དབྱེར་མེད་དོན་སྨྲ་བའི། །གསང་ཆེན་ཟབ་མོའི་བཅུད་ཀྱི་སྙིང་པོ་འདི། །ཁྱོད་ཉིད་ཁོ་ནས་བདག་གིར་མཛད་པ་སྙམ། །ཞེས་སོགས་


JKT019_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། ཞལ་སློབ་ཀྱང་ས་སྐྱ་པ་ངག་དབང་གྲགས་པ་རྒྱལ་མཚན། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ཀུན་མཁྱེན་དོལ་བུ་པའི་གདན་ས་པ་སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས། སྤྱན་སྔ་ཤཱཀྱ་རྒྱལ་མཚན། གློ་བོ་པ་ཀུན་དགའ་གྲོལ་མཆོག་སོགས་ཤིན་ཏུ་མང་པོ་དང་། ཁྱད་པར་སྙན་བརྒྱུད་མཐའ་དག་གི་གཏེར་མཛོད་རྗེ་ཚར་པ་ཆོས་རྗེ་སོགས་མང་དུ་བྱོན། དགུང་ལོ་དོན་དྲུག་པ་ཤིང་སྤྲེལ་ལོ་སྨིན་༡ཟླའི་ཉ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས་སོ། །རྗེ་ཚར་ཆེན་གྱིས། འདི་ན་ཁུ་བྱུག་ཙ་ཀོ་ར་དང་སྦྲང་རྩི་བྱེད་པས་ཀུན་ནས་གང་བའི་པད་མཚོར་གཉིས་འཐུང་དགའ་བས་རྩེན། །ཙུ་ཏ་གསར་པའི་སྙེ་མ་རྒྱས་འགྲམ་ནི་ཙུ་ལ་ཡི་ལན་ཚར་ཁྲོད་ན་ཀ་དམ་མྱོས་པའི་གླུ་དབྱངས་སྒྲོག །ཛཱ་ཏིའི་མེ་ཏོག་ཕྲེང་བ་རྒོད་འཛུམ་རྩེ་ལ་རྐང་དྲུག་ལྡན་པ་ཉིན་བཞིན་རྒྱུ་བ་དེ་བཞིན་དུ། །དམ་པའི་བཀའ་དྲིན་བདུད་རྩིས་མྱོས་པས་ཁོ་བོའི་ཡིད་འདི་དབང་མེད་བསྐྱོད་ནས་རྟོགས་བརྗོད་གཏམ་འདི་གསལ་བར་བསྒྲགས། །ཞེས་དང་། ནོར་བུ་རྙེད་ནས་འཆིང་བུ་འདོར་བ་ལྟར། །ཐུན་མོང་ལམ་གཞན་དག་ཏུ་མི་གོལ་བར། །ལམ་གྱི་སྙིང་པོ་ཟབ་མོ་བླ་མའི་ལམ། །སྙིང་གི་དཀྱིལ་ནས་ཉམས་སུ་ལེན་པར་ཤོག །ཅེས་སོ། ༈ །རྗེ་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་


JKT019_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སློབ་བཤད་བསྟན་པའི་ཉི་འོད་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་མཛད་༡༢པར། ལུང་ལས། མཉན་ཡོད་གནས་དང་ཙམྤ་ཀ །ཝཱ་ར་ཎ་སི་ཡངས་པ་ཅན་། །རྒྱལ་པོའི་ཁབ་དང་དྲུག་པོ་ནི། །དེ་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་འཕགས་ཡུལ་དང་། གཞན་ཡང་ཤར་ཕྱོགས་ན་འཇམ་དཔལ་གྱི་ཞིང་རི་བོ་རྩེ་ལྔ། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ན་དུས་འཁོར་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་མ་བསྡུས་པ་དངོས་སུ་བཞུགས་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས། དེའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་རི་བོ་པོ་ཏ་ལ། ནུབ་ཕྱོགས་ན་ཨོ་རྒྱན་ཧེ་རུ་ཀའི་གཙུག་ལག་ཁང་། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་གྱི་བསྟི་གནས་ཤམྦྷ་ལ། དེར་མ་ཟད་རྒྱུད་སྡེ་ཆེན་པོ་རྣམས་ནས་འཛམ་གླིང་དབུས་མ་འདིར་རང་བྱུང་གི་གནས་༣༢ཡུལ་༢༤དུར་ཁྲོད་སོགས་ཡོད་པར་བཤད་དོ། །ཐམས་ཅད་མཁྱེན་པ་ཚར་བ་དེ། ཐོག་མར་འཕགས་པའི་ཡུལ་དུ་བི་རཱུ་པ། ཨོ་རྒྱན་དུ་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་བའི་སྦྲུ་བི་ར། རླུང་སེམས་དབང་ཐོབ་ཅིང་གནས་ལྔ་རིག་པའི་པཎྜི་ཏ་བོད་ཡུལ་དུའང་ཕེབས་པ་དྷརྨ་པཱ་ལ། ལྔ་རིག་པ་ཤིན་ཏུ་མཁས་ཤིང་གཉིས་སྤངས་ཀྱིས་བཟུང་བའི་པཎ་གྲུབ་གྷ་ཡ་དྷ་ར། སྣེ་མོར་མང་དུ་ཁྱུང་པོའི་


JKT019_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལས་ཡབ་སྟག་སྐྱེས་དང་། ཡུམ་བཀྲ་ཤིས་སྐྱིད་ཀྱི་སྲས་སུ་འཁྲུངས། ཆུང་དུས་ཡབ་ཆོས་བོད་ཀྱི་བོན་གྱི་འཆད་ཉན་མཛད། དེ་ནས་བླ་མ་འབྱུང་གནས་སེང་གེ་ལས་སེམས་ཀློང་མན་ངག་གི་སྐོར་རྣམས་གསན། དེ་ནས་རིན་ཆེན་གསེར་ཕྱེ་འཕངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། །ཞེས་པ་ལྟར་དུར་ཁྲོད་སོ་ས་གླིང་དུ་ནཱ་རོའི་ལྕམ་ནི་གུ་མཇལ་ནས་ཆོས་དྲུག་གི་གདམས་པ་གསན། བླ་མ་ཡི་དམ་ལུང་བསྟན་པའི། །མཐར་ཐུག་གསུམ་གྱི་དུས་ལ་བབས། །ད་ནི་ཞིང་ཁམས་མཐར་ཐུག་པ། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །ཞེས་གསུངས་ནས་འཕོ་བའི་རྣལ་འབྱོར་གྱིས་གཤེགས། གདུང་ལྷ་སྐུ་རིང་བསྲེལ་གྱི་ཕུང་པོར་སོང་། ༈ །ཁ་ཆེ་པཎ་ཆེན་ནི། རྒྱ་གར་གྱི་ནུབ་ཕྱོགས་ཁ་ཆེ་ཁྲི་རྟེན་དུ་ཡབ་ཚོང་དཔོན་སྲིད་བརྟན་དང་། ཡུམ་དགེ་བ་མ་གཉིས་ཀྱི་སྲས་སུ་མེ་ལུག་ལ་འཁྲུངས། རིག་པའི་གནས་བཅོ་བརྒྱད་ཀྱི་


JKT019_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་སོན། མཁན་པོ་ཨཱ་ཀ་ར་གུསྟ་ལ་བསྙེན་པར་རྫོགས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གན་མཛོད་དུ་གྱུར། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་དུ་གདན་དྲངས། ལོ་གསུམ་བཞུགས། སྡོམ་བརྒྱུད་སྤེལ། རྗེ་བཙུན་གྲགས་རྒྱལ་ལ་དབང་གསན། ཉང་སྨད་རྒྱན་གོ་བ་གི་གཙུག་ལག་ཁང་དུ་ས་པཎ་བསྙེན་པར་རྫོགས། མ་བྱོན་སངས་རྒྱས་གསུམ་པ་རབ་གསལ་གྱི་སྤྲུལ་པར་གྲགས། ཤིང་བྱ་ལོ་དགུང་གྲངས་གོ་དགུ་པར་གཤེགས། ༈ ཆོས་རྗེ་སངས་རྒྱས་སྟོན་པའམ་བརྩོན་འགྲུས་སེང་གེ་ནི་ཤངས་པའི་རིན་ཆེན་བདུན་ལྡན་གྱི་ཐ་མ་འགྲོ་མགོན་སངས་རྒྱས་གཉན་སྟོན་གྱི་སློབ་མ་ཡིན། ཀུན་མཁྱེན་ཆོས་འོད་ནི་ཉང་སྟོད་གསེར་སྡིངས་སུ་ཡབ་གདུང་གསུམ་པ་ཀུན་མཁྱེན་གཞོན་ནུ་འོད་དང་། ཡུམ་བཙུན་ཤེས་རབ་རྒྱལ་མཚན་གྱི་སྲས་སུ་འཁྲུངས། ཁ་ཆེ་པཎ་ཆེན་གྱི་སྤྲུལ་པར་གྲགས། གསན་བསམ་རྒྱ་མཚོ་ལྟ་བུ་མཛད། གསེར་སྡིངས་ཀྱི་གདན་ས་མཛད། འོད་གསལ་ཁོར་ཡུག་ཏུ་འབྱོངས། དོན་དགུ་པར་གཤེགས། ཀུན་མཁྱེན་བུ་ནི། ཡུལ་ཉང་རོ་སྣ་བཞི་ཞེས་པར་སྔགས་རྙིང་མའི་གྲུབ་ཐོབ་རིམ་པར་བྱོན་པའི་གདུང་ལས་ཡབ་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་། ཡུམ་སློབ་དཔོན་བསོད་ནམས་འབུམ་གྱི་སྲས་སུ་ཤབ་སྨད་སྒོམ་གནས་དགོན་གསར་དུ་


JKT019_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྟག་ནག་ཟླའི་ཉ་ལ་འཁྲུངས། ཆུང་ངུ་ནས་འཇམ་དབྱངས་ཞལ་གཟིགས། རང་གི་མེས་བླ་མ་ཚུལ་ཁྲིམས་བཟང་པོ་ལ་རྙིང་མ་བཀའ་གཏེར་གསན། དགུང་ལོ་བཅོ་བརྒྱད་པར་སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་ཏུ་བྱུང་ཞིང་མདོ་ཕྱོགས་ཐམས་ཅད་ལ་སྦྱངས། དགུང་ལོ་ཉེར་གསུམ་པ་ཚོར་འདུས་འབུར་མོར་མཁན་ཆེན་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས། ཐར་ལོ་ལས་སྒྲ་སྙན་སོགས་དང་། གསང་སྔགས་འགའ་སོགས་ཡོངས་འཛིན་མང་པོ་ལས་གསན་པ་རྒྱ་ཆེ། ལྕགས་སྤྲེལ་ལོར་ཞྭ་ལུ་གསེར་བཀང་དུ་གདན་ས་མཛད་ཅིང་། རི་ཕུག་ཀྱང་བཏབ། བསྟན་བཅོས་པོ་ཏི་སུམ་ཅུ་ཉེ་བར་མཛད། ས་ག་ཟླ་བར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཞེ་ལྔ་ཙམ་བཙུགས། བླ་ཆེན་བསོད་ནམས་བློ་གྲོས་དང་ཐུགས་སྲས་སེམས་དཔའ་ཆེན་པོ་སོགས་ཞལ་སློབ་གྲངས་སུ་ཡས་པ་བཞུགས། ཤིང་འབྲུག་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་ལ་གཤེགས། ༈ །རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ་ནི་བླ་མ་པ་དམ་པའི་སློབ་མ་ཡིན་ཅིང་། དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཐམས་ཅད་ཀྱི་གན་མཛོད་མཁས་གྲུབ་འགྲན་ཟླ་བྲལ་བ་ཞིག་གོ །ཕ་རྒོད་བསོད་ནམས་བཟང་པོ་ནི། ཤངས་པ་བཀའ་བརྒྱུད་ཀྱི་བསྟན་འཛིན་ཆེན་པོ་ཞིག་གོ །རྣལ་འབྱོར་དབང་མོ་ནི་སྟག་ཚང་ལོ་ཙཱ་


JKT019_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སློབ་མ། ཕྱི་ལྟར་ཚུལ་ཁྲིམས་ཕུང་པོ་རྣམ་པར་དག་ཅིང་། ནང་ལྟར་རྩ་རླུང་ཐིག་ལེའི་གནད་ལ་རང་བྱན་ཚུད་པས་ཡེ་ཤེས་ཌཱ་ཀིའི་ཚོགས་རྗེ་མཛད་པ་ཞིག་གོ །བོད་ཡུལ་དབུས་སུ་བྱས་པའི་ཤར་དུ་རྒྱ་ནག་དང་ཁྲི་བརྟན། ལྷོར་རྒྱ་གར་དང་ཁ་ཆེ། ནུབ་ཏུ་སྟག་སྡེ་དང་ཁྲམ་ཡན། བྱང་དུ་ཁྲོམ་དང་གེ་སར་ཡོད་ལ། བདེ་མཆོག་རྩ་རྒྱུད་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མཱ་ལ་པ་དང་པཱུ་ལི་སོགས། །ཉི་ཤུ་རྩ་བཞིའི་གནས་ཡིན་ནོ། །ཞེས་པ་དང་། ཀྱེ་རྡོར་དུ་གནས་དང་ས་སྦྱོར་བའི་ས་བཅུ་གཉིས་པར་བཤད། ཞིང་ས་དང་ཁང་ས་གཉིས་ཏེ་སའི་དགེ། ཁང་རྡོ་དང་ཆུས་བསྐོར་གྱི་རྡོ་སྟེ་རྡོའི་དགེ །ཞིང་ཆུ་དང་འཐུང་ཆུ་སྟེ་ཆུའི་དགེ ཁང་ཤིང་དང་འབུད་ཤིང་སྟེ་ཤིང་གི་དགེ །གམ་འབྲོག་དང་རྒྱལ་འབྲོག་སྟེ་འབྲོག་གི་དགེ་བ་ཞེས་དགེ་བཅུ་ཚང་བའོ། །བཀའ་གདམས་གླེགས་བམ་ལས། ཆོས་དགེ་བ་བཅུ་ཡི་ཁྱད་འཕགས་པ། །གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་། །སྒོས་ཉང་ཞབས་ས་ཡི་ལྟེ་བ་སྟེ། །ས་དེ་ཡི་ནང་ནས་ཁྱད་པར་འཕགས། །མཐོ་བཀྲ་ཤིས་གཏམས་པ་ལྷུན་པོའི་འདབས། །ནོར་པདྨ་རཱ་ག་ལྟ་བུར་འདུག །ཅེས་ལུང་བསྟན། ༈ །ཚར་པ་ཆོས་རྗེ་འཁྲུངས་ཡུལ་ནི། གྲུབ་ཆེན་གྷ་ཡ་དྷ་རས་ཆུ་ལ་མུ་གུ་ཞེས་པའི་སྒྲས་ཀུ་མུ་ཏ་སྟེ་རྣམ་པར་གྲོལ་བའི་དཔལ་


JKT019_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་བསྔགས་པའི་གནས་དང་འདབས་འབྱོར་བར་མ་སང་གི་རིགས་ལས་སོན་པའི་དཔོན་ཆེན་དགེ་བཤེས་རིན་བརྩོན་པའི་བརྒྱུད་པ་ལས། ཡབ་ཡི་དམ་གྱི་ལྷས་རྗེས་སུ་བཟུང་ཞིང་སྟག་ཞོན་བྲན་དུ་འཁོལ་བ་རིན་ཆེན་དཔལ་བཟང་དང་། ཡུམ་དགེ་བའི་ཆོས་ལ་དཀར་བ་དབེན་ཆུ་ཁ་བའི་སྲས་མོ་བཀྲ་ཤིས་ཞེས་པའི་སྲས་སུ་ཆུ་མོ་ཕག་ལོའི་དཔྱིད་འབྲིང་གི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་པར་འཁྲུངས། ཡུམ་གྱི་མནལ་ལམ་དུ་ཨོ་རྒྱན་སྐུ་ཐུགས་ཀར་ཐིམ་པ་སོགས་བྱུང་བས་ཨོ་རྒྱན་ཆེན་པོའི་སྤྲུལ་པར་ངེས་ཏེ། རྒྱལ་དབང་གིས། གཙང་བྱེད་པདྨའི་སྦུབས་ནས་བྱོན་པའི་ཅོ། །འདྲི་བའི་རྫུན་མིན་བདེན་གཏམ་སྐྱ་རེངས་མས། །མངལ་སྐྱེས་ཉེར་དྲངས་ཚེ་དབང་རིག་འཛིན་ནི། །ཤར་བའི་འོད་སྟོང་འབར་ལ་སུ་ཡིས་བསྙོན། །ཞེས་སོ། །ཆུང་ངུའི་དུས་ནས་དག་སྣང་མཐའ་ཡས་བ་ཤར། དགུང་ལོ་དགུ་པར་ཆོས་ལུང་འཛིན་གྱི་གཙུག་ལག་ཁང་དུ་ཡོངས་འཛིན་བློ་གྲོས་རྒྱལ་མཚན་ལས་ཚངས་སྤྱོད་དགེ་བསྙེན་སྡོམ་པ་གསན་ནས་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་པའི་བཀྲ་ཤིས་ལྷུན་པོའི་ཆོས་གྲར་ཞུགས། འབྲོམ་སྟོན་སྤྲུལ་པ་རྒྱལ་བ་དགེ་འདུན་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་། མཚན་བློ་བཟང་རྒྱ་མཚོར་གསོལ། མདོ་ཕྱོགས་ལ་སློབ་གཉེར་ཕུལ་ཕྱིན་མཛད། རྗེ་


JKT019_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མས་དངོས་སུ་བསྐུལ་ནས་ཁའུ་བྲག་རྫོང་དུ་རྡོ་རིང་པའི་མདུན་དུ་ཕེབས་ནས། གཙོ་བོར་ཡབ་བདག་ཆེན་དང་། མུས་ཆེན་པ་གཉིས་ཅར་གྱིས་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ལ་གནང་བའི་ལམ་འབྲས་སློབ་བཤད་སོགས་ཀྱིས་མཚོན་དཔལ་ས་སྐྱ་པ་ཆེན་པོའི་སྙན་བརྒྱུད་ཀྱི་སྐོར་ཐམས་ཅད་ཡོངས་སུ་རྫོགས་པ་དང་། གཞན་ཡང་རྗེ་ཉིད་ལ་མངའ་བའི་ཟབ་དོན་རྣམས་དགུང་ལོ་བཅུ་བདུན་ནས་ལོ་ངོ་བདུན་གྱི་བར་ལ་ཞབས་པད་བསྟེན་ཏེ་གསན། སྙན་བརྒྱུད་བཞིའི་སྤྲོས་པ་ཆོད། གཞན་ཡང་ཡོངས་འཛིན་དུ་མ་ལས་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། མཐུ་སྟོབས་ཀྱི་དབང་ཕྱུག་དྲང་སྲོང་བཀའ་བཞི་པ་ལས་རྟ་མགྲིན་ཡང་གསང་སོགས་དང་། ཉང་གི་སྔགས་འཆང་ཆོས་སྐྱོང་བསོད་ནམས་བཀྲ་ཤིས་ལ་གཏེར་ཁ་ཉི་ཤུ་ཙམ་གྱི་དབང་ལུང་སོགས་གསན་རྒྱ་ཧ་ཅང་ཆེ། མདོར་ན་ཡོངས་འཛིན་དྲུག་ཅུ་རྩ་གསུམ་བསྟེན། ཨོ་རྒྱན་ཆེན་པོ་དང་། རྣལ་འབྱོར་མ་སོགས་ལྷག་པའི་ལྷ་རབ་འབྱམས་ཞལ་གཟིགས། ཁྱད་པར་རྡོ་རིང་པས་དུས་རྒྱུན་དུ་རྗེས་སུ་བཟུང་། ཉམས་རྟོགས་ཀྱི་མཛོད་བརྡོལ། ཆོས་སྐྱོང་བྲན་དུ་འཁོལ། ཞྭ་ལུ་པའི་གདན་ས་བཅུ་གསུམ་པར་ལོ་གསུམ་མཛད། དགུང་ལོ་སོ་གཅིག་པར་ཆོས་ལུང་ཚོགས་སུ་མཁན་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལས་བསྙེན་པར་རྫོགས།


JKT019_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྔ་མའི་མཐར་དཔལ་བཟང་པོར་བཏགས། ཐུགས་སྲས་ཀྱི་གཙོ་བོ་རྗེ་མཁྱེན་བརྩེ་དང་། གཞན་ཡང་བྱ་རྒོད་གཤོང་གི་མཁན་ཆེན་ཀླུ་སྒྲུབ་པ། བོད་མཁར་བ་བྱམས་པ་དོན་གྲུབ། རྩེ་ཚོགས་མཁན་པོ་གཞོན་ནུ་བློ་གྲོས། བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཆོས་འཁོར་ཡང་རྩེའི་མཁན་ཆེན་བསོད་ནམས་ཆོས་འཕེལ་སོགས་བསམ་གྱིས་མི་ཁྱབ་པ་བསྐྲུན་ནས་དགུང་ལོ་རེ་བཞི་མེ་སྟག་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །སྐུ་གཤེགས་ནས་ཀྱང་དམ་པ་མང་པོར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ངོ་། །ས་སྐྱའི་མི་འགྱུར་བའི་གཟེར་བཞི་ནི། ཤར་དུ་བྱ་འགྱུར་བ་རྡོ་རྗེའི་བྲག །ལྷོར་ཕུལ་བྱུང་བདུད་པོ་བྲག །ནུབ་ཏུ་ཆ་ལུང་རྡོ་རྗེའི་བྲག བྱང་དུ་ག་ར་ག་ཡའི་བྲག །ཅེས་སྣང་། ཡབ་རྗེ་རྡོ་རིང་པའི་སློབ་མ་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཡིད་བཞིན་ཆུ་གཏེར་བཞད་པ་ཞེས་མཁྱེན་བརྩེས་མཛད་༨༠པར། ས་སྐྱ་ཉེ་བའི་དཔའ་ལུང་ཞེས་པར་གཙང་རོང་གི་མེས་སྟོན་ཆེན་པོའི་བརྒྱུད་ལས་ཡབ་གྲུབ་ཐོབ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། ཡུམ་ཤྲཱི་ཡོན་ཏན་རྒྱ་མཚོའི་དབོན་མོ་ཧོར་མོ་དཔལ་ལ་ཞེས་པའི་སྲས་སུ་འཁྲུངས། བཅུ་པའི་དུས་བདག་ཆེན་བློ་གྲོས་རྒྱལ་མཚན་ལས་རབ་ཏུ་བྱུང་། དེ་ནས་


JKT019_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ཀྱི་ཕྱོགས་ལ་སྦྱངས་པ་མཐར་ཕྱིན། དགུང་ལོ་བཅུ་བདུན་པར་བདག་ཆེན་རིན་པོ་ཆེ་ལས་ལམ་འབྲས་སོགས་ས་སྐྱ་པའི་ཆོས་ཕལ་ཆེར་གསན། སླར་རྗེ་བཙུན་རྡོ་རིང་པའི་དྲུང་ནས་སྙན་བརྒྱུད་ཀྱི་སྤྲོས་པ་ཞིབ་མོར་བཅད། དགུང་ལོ་ཉི་ཤུ་པར་ཡོངས་འཛིན་དཀོན་མཆོག་འཕེལ་བར་བསྙེན་རྫོགས་བཞེས། གཞན་ཡང་ཡོངས་འཛིན་བསམ་གྱིས་མི་ཁྱབ་པ་བསྟེན། སློབ་མ་ཡང་ཚར་པ། དབོན་ངག་དབང་བསྟན་རྡོར། རྗེ་མཁྱེན་བརྩེ་སོགས་མང་། དགུང་ལོ་རེ་བརྒྱད་པར་གཤེགས།། ༈ །།བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་མཁྱེན་བརྩེ་རང་ཉིད་ཀྱིས་མཛད་པ་༡༡༥ལས། བོད་རྒྱལ་པོའི་དུས་ནས་ཡོད་པའི་འ་ཞྭ་ཞེས་སུ་གྲགས་པའི་གདུང་ལས་ཕྱིས་གནས་གསར་བར་གྲགས་པའི་བརྒྱུད་པ་ལས་ཡབ་གྲུབ་དབང་ཆེན་པོ་དང་། ཡུམ་འདར་ཆོས་རྫོང་པའི་སྲས་མོ་ཚེ་བརྟན་བུ་འདྲེན་གྱི་སྲས་སུ་བོ་དོང་ཨེའི་ཕྱོགས་སུ་འཁྲུངས། ལོ་བརྒྱད་ལོན་པ་ན་རྗེ་བཙུན་སྒོ་རུམ་པས་རྗེས་སུ་བཟུང་ཞིང་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་པར་བསྙེན་པར་རྫོགས། རྟ་ནག་ཏུ་ལོ་ལྔ་ལ་མཚན་ཉིད་ཕྱོགས་སུ་སྦྱངས། རྗེ་སྒོ་རུམ་པ། ཚར་པ་ཆོས་རྗེ། ཆོས་རྗེ་ནམ་མཁའ་དབང་ཕྱུག་སོགས་ལས་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གསན། ཁྱད་པར་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་བསྟན་


JKT019_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོར་གྱུར། ཞྭ་ལུའི་མཁན་ཐོག་བཅུ་བཞི་པ་ཡང་མཛད། ཞལ་སློབ་ཀྱང་མཐའ་ཡས། གསར་མའི་ཕྱོགས་ལ་༡༡༦དབང་། བྱིན་རླབས་༩༤། རྗེས་གནང་༡༧༨། ཁྲིད་ལྷག་༡༢༡པ། རྙིང་མའི་ཕྱོགས་ལ་དབང་༡༧༡། རྗེས་གནང་༣༡། ཁྲིད་ཀ་༣༨ཙམ་ཞིག་གསན་ནོ། །དགུང་ལོ་ཞེ་ལྔ་པར་གཤེགས། ༈ །རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས་ཞེས་པ་བློ་གྲོས་རྒྱལ་མཚན་༧༢པས་སྦྱར་བ་སྟེ། དེ་ཡང་རྗེ་འདི། ཇོ་བོ་རྗེའི་ཡོན་བདག་ཤཱཀྱ་མགོན་གྱི་རིགས་ལས། ཡབ་ནང་སོ་དཔོན་པོ་མཚོ་སྐྱེས་དང་། ཡུམ་ཨ་སྲས་ཨ་རྒྱལ་གྱི་སྲས་སུ་ཡོལ་ཕུ་རི་གོང་གསེར་སྡིངས་བྱ་བར་སྐུ་འཁྲུངས། རྗེ་ཀརྨ་༧ཕྲིན་ལས་ལས་དགེ་བསྙེན་མཛད། མཚན་གཞོན་ནུ་བློ་གྲོས་སུ་གསོལ། བཅུ་གསུམ་པར་རྩེ་ཚོགས་མཁན་ཆེན་ནམ་མཁའ་བཀྲ་ཤིས་ལས་རབ་ཏུ་བྱུང་། པཎ་ཆེན་ལྷ་དབང་བློ་གྲོས་པའི་གདན་ས་སྐྱེད་ཚལ་འོག་ཏུ་བཅུ་དྲུག་པར་ཕེབས་ནས་ཐུགས་གཉེར་མཛད་པས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དེ་སྐབས་ཤིག་བླ་མ་གསང་འདུས་ལེ་བརྒྱད་མ་ཐུགས་ལ་བཟུང་བས་མནལ་ལམ་དུ་སློབ་དཔོན་ཆེན་པོ་མཇལ། ཉི་ཤུ་པར་མཁན་པོ་ནམ་མཁའ་བཀྲ་ཤིས་ལས་བསྙེན་པར་རྫོགས་ཤིང་རིན་ཆེན་གླིང་གི་


JKT019_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ལ་ཕེབས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ལོ་གསུམ་ཙམ་བསྟེན་ནས་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ཏུ་གྱུར། གཞན་ཡང་མདོ་སྔགས་རྒྱ་མཚོའི་ཕ་མཐར་སོན། རྩེ་ཚོགས་ཀྱི་མཁན་པོའང་མཛད་ཅིང་སྣེའུ་གདོང་ཞབས་དྲུང་རིན་པོ་ཆེས་ཏི་ཤྲིར་བཀུར། ལྕགས་མོ་ཡོས་ལོའི་ས་ཟླའི་ཚེས་ཉེར་བདུན་ལ་བརྩམས་ནས། ཡང་ཤར་བརྒྱུད། གསེར་པའི་སའི་ཐིག་ལེར། སྔར་ཚར་ཆེན་པས་ལུང་བསྟན་པ་ལྟར་བཀྲ་ཤིས་ཆོས་སྡེ་རྡོ་རྗེའི་ཕོ་བྲང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ། མཐར་ངོ་མཚར་བའི་ལྟས་དུ་མ་དང་བཅས་གདན་ས་དེ་ཉིད་དུ་གཤེགས་སོ།། ༈ །།མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྣམ་ཐར་ལས། རྡོ་རྗེ་འཛིན་པ་བཀྲ་ཤིས་བཟང་པོའི་རྣམ་ཐར་ཐོར་བུར་གསུངས་པ་ནི། དམ་པ་དེ་ཉིད་ནི་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། ཐེག་ཆེན་རྒྱལ་བའི་སྲས་པོའི་འཇུག་སྒོ་རིན་པོ་ཆེ་དེ་ཉིད་ཚེ་རབས་དུ་མར་སྦྱངས་པ་མཐར་ཕྱིན་པའི་སྟོབས་ཀྱིས། སྐུ་ཚེ་འདིར་ཡང་གཞན་ཕན་གྱི་ཐུགས་བསྐྱེད་ལ་གཅིག་ཏུ་གཞོལ་ཞིང་བཟོད་པ་ཐོབ་པ་དང་། རིག་འཛིན་སྔགས་ཀྱི་སྡོམ་པ་རྣམས་ཀྱང་ཚུལ་བཞིན་དུ་ལེགས་པར་ནོས་ཏེ། ཐོས་པ་དང་བསམ་པ་དང་སྒོམ་པ་ཕུལ་དུ་ཕྱིན་ཅིང་། རྒྱུད་སྡེ་རྒྱ་མཚོར་འཇུག་པའི་དེད་དཔོན་ཆེན་པོར་དབང་བསྒྱུར་


JKT019_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མིང་ཙམ་དང་བརྡ་ཙམ་དང་ཐ་སྙད་ཙམ་མ་ཡིན་པར་རྒྱུད་སྡེ་མཐའ་དག་གི་དབང་དང་བྱིན་རླབས་ཀྱི་རིམ་པ་རྗེས་གནང་ཁྲིད་ལུང་ཞལ་ཤེས་ཀྱི་གདམས་པ་རབ་ཏུ་གནས་པ་དང་། རྡོ་རྗེ་སློབ་དཔོན་གྱིས་བགྱི་བར་འོས་པའི་ཕྱག་ལེན་གྱི་རིམ་པ་ཆེ་ཕྲ་ཆུང་གསུམ་མཐའ་དག་སོགས་ཀྱིས་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་གི་རྒྱན་དམ་པར་སྐུ་དྲིན་ཡུན་དུ་ཆེ་བ་ཞིག་ནི་ཡིན་པར། ངེས་པར་དོན་གྱིས་རྡོ་རྗེ་འཆང་དབང་དམ་པར་གོ་ཞིང་། བདག་ཅག་ནས་ཀྱང་སྦས་པའི་རྣལ་འབྱོར་དེ་ཉིད་ཀྱི་ཞལ་ལས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ངོར་ཆེན་རྡོ་རྗེ་འཆང་གི་གསུང་རབ་དྲི་མ་མེད་པའི་སྟེང་ནས་ལེགས་པར་ནོས་པས། རང་ཉིད་དང་ཡང་ཚེ་རབས་ཐོག་མ་མེད་པ་ནས་སྨོན་ལམ་གྱི་ལས་སྐལ་ཤིན་ཏུ་བཟང་བ་ཞིག་མཆིས། ཞེས་དང་། བླ་རྒན་ཉིད་ཀྱང་དགུང་ལོ་གྲངས་མང་བ་བཅས་ཞབས་འབམ་གྱིས་བསྙུན་ཡུན་རིང་བས། ངེད་ནས་ཀུན་རིག་དབང་དང་རྗེས་གནང་གཅིག་གཉིས་ཙམ་ཕུལ། ཟླ་བ་བདུན་པའི་ནང་གི་ཚེས་བཅུ་སྐོར་ཙམ་ནས་བསྙུང་གཞི་ཉོབ་ཤས་འདྲ་མོ་ཞིག་གིས་བདུན་ཅུ་དོན་བདུན་པ་ཚེས་ཉི་ཤུ་ལ་དག་པའི་ཞིང་དུ་གཤེགས། ཞག་གསུམ་གྱི་བར་འོད་གསལ་


JKT019_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ངང་དུ་གནས། ཐུགས་དམ་གསལ་འདེབས་དང་སྐུ་གདུང་ཆས་ཞུགས་ཀྱི་ཞབས་ཕྱི་རྣམས་ཅི་ལྟར་དགོས་པ་ངེད་རང་ནས་བསྒྲུབས། གདུང་གི་མེ་མཆོད་བཤེས་གཉེན་དམ་པ་བླ་མ་ནམ་མཁའ་དཔལ་བཟང་གིས་ཕུལ་བར་མཛད། སྐུ་གདུང་ཆས་ཞུགས་དང་སྦྱིན་སྲེག་གི་སྐབས་ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་པ་དང་། ལྷག་པར་ནུབ་ཕྱོགས་ཀྱི་ནམ་མཁའི་ཕྱོགས་ཐམས་ཅད་འཇའ་སྤྲིན་རྨ་བྱའི་མགྲིན་པ་ལྟ་བུས་ཁྱབ་པ་སོགས་བྱུང་། གདུང་རུས་རྣམས་བྱིང་ལ་སཱཙྪ་བཏབ་ཆུ་བོ་ཆེན་མོར་གདན་དྲངས། ཉུང་ཤས་ལ་སྐུ་བརྙན་དང་སཱཙྪ་བཏབ་པ་བཅས་ལ་བྱང་ཆུབ་མཆོད་རྟེན་མདའ་ཚད་མ་ཞིག་བཞེངས་ཏེ་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་སྐུ་གདུང་བཞུགས་པའི་ལྷ་ཁང་དུ་བཞུགས་སུ་གསོལ། སྐུ་ཆས་རྣམས་ཇི་ལྟར་ཡོད་པ་ས་སྐྱོང་ཁྲི་ཆེན་བླ་མ་དང་། ངེད་ནས་ཞབས་འགྱུར་ཞུས་པས་བསོད་ནམས་ཀྱི་སྐལ་བ་ཤིན་ཏུ་ཆེ་བར་མཆིས། ཞེས་སོ། །ཡང་རྟོགས་བརྗོད་དེ་ཉིད་ལས། ལོ་དར་གྱིས་སྟོད་སྨད་གང་དུའང་བུམ་གཏེར་སུམ་བརྒྱ་ནས་བརྒྱ་ཕྲག་ལྷག་པའི་བར་བསྒྲུབས་ཏེ་སོ་སོར་ཕན་ཆ་བྱེད་པར། སྒྲུབ་ཚུལ་ཀྱང་མང་དུ་མཆིས་རུང་། འཕྲལ་ཕུག་ཐམས་ཅད་དུ་དགེ་ཕྱིར་སངས་རྒྱས་ཀླུ་དབང་རྒྱལ་པོ་གཙོ་བོར་བསྐྱེད། དགོན་སྡེ་ཡུལ་ཁམས་ཐམས་ཅད་


JKT019_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསོད་ནམས་སྤེལ་ཕྱིར། དེའི་མགྲོན་དུ་ནོར་ལྷ་ཕོ་མོ། ལྷ་ཀླུ་གཞི་བདག་གིས་བསྐོར་བ་དང་། ས་བདག་ཀླུ་གཉན་དང་སྡེ་བརྒྱད་ཀྱི་ནད་ལས་གྲོལ་བའི་ཕྱིར། ཀླུ་དབང་རྒྱལ་པོའི་ལྷ་ཚོགས་ལ་སེང་གེ་སྒྲ་དང་ལྷ་ཀླུ་རྣམས་ཀྱིས་བསྐོར་བ་ཞིག་དང་། དེ་དག་དང་མཐུན་པའི་གསོལ་གདབ་དང་བདེན་སྟོབས་བརྗོད་པ་ཞིག་བྱས་པས་གང་དུ་ཡང་དགེ་མཚན་ཆེ་བར་བྱུང་འདུག །དམིགས་བསལ་དགོས་རིགས་རྣམས་དམ་པ་གོང་མའི་གསུང་རབ་དྲི་མ་མེད་པ་ལྟར་ལག་ལེན་གང་ཐེབས་བགྱིས། ཞེས་དང་། ལྷུན་གྲུབ་སྟེང་གི་ཕོ་བྲང་གསར་བཞེངས་ཀྱི་ཕྱོགས་མཚམས་སྟེང་འོག་དང་། བང་མཛོད་རྣམས་སུ་བརྟན་གཡོའི་སྣོད་བཅུད་ཀྱི་དགེ་ལེགས་ཐམས་ཅད་བཀུག་སྟེ། འདོད་རྒུའི་དཔལ་ཡོན་མཐའ་དག་འབྱུང་ཕྱིར་གཏེར་དུ་སྦ་བར་མཛད་རྒྱུའི་ནོར་བུམ་གྱི་སྐོར་ལ། དམར་པོ་སྐོར་གསུམ། ཛཾ་དམར། ཛཾ་སེར། ཛཾ་ནག །དཀར་པོ་འབྲུག་ཞོན་ལྷ་ལྔ། མགོན་དཀར་ཡིད་བཞིན་ནོར་བུ། ཀླུའི་དབང་ཕྱུག་རྒྱལ་པོ། རྗེ་བཙུན་སེང་གེ་སྒྲ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐོར་དང་། གཞན་ཡང་བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དང་། ཞིང་སྐྱོང་སྟོབས་འཕྲོག་དབང་


JKT019_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ནོར་སྐྱོང་དུར་ཁྲོད་ཀྱི་བདག་པོ། ཌཱ་ཀི་སེང་གེའི་གདོང་པ་ཅན་སོགས་ཀྱི་སྒོ་ནས་བསྟན་པའི་སྦྱིན་བདག་ཆེན་པོའི་རིགས་བརྒྱུད་དང་བཅས་པའི་སྐུ་ཚེ་ཆོས་སྲིད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་དང་མངའ་འབངས་སུ་གཏོགས་པའི་དགོན་སྡེ་ཡུལ་འབྲོག་གླིང་གསུམ་གྱི་མི་ནོར་རྫ་ས་གསུམ་རྟག་ཏུ་བསྲུང་ཞིང་མི་མཐུན་པའི་གཡུལ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕྱིར་དམ་པ་གོང་མའི་དགོངས་པ་ལྟར་ལག་ལེན་ཡང་དག་པའི་སྒོ་ནས་བསྒྲུབས་ཏེ་ཆོས་རྒྱལ་ཆེན་པོའི་དགོངས་བཞེད་ལྟར་སོ་སོར་བཞུགས་སུ་གསོལ། །ཞེས་འབྱུང་བ་བུམ་གཏེར་ལ་སྐུ་དང་། སྔགས་བྱང་། ཁྱད་པར་གྱི་རྫས་སོགས་སོ་སོར་བཅུག་ནས་སྤྱི་འགྲོའི་མངོན་རྟོགས་ཀྱིས་བསྒྲུབ་པར་མཛད་དམ་སྙམ། །མངྒ་ལཾ།། ༈ །།མི་འགྱུར་རྒྱལ་མཚན་རབ་བྱུང་བཅུ་གཉིས་པའི་མེ་བྱ་ལོར་འཁྲུངས། དགུང་ལོ་བརྒྱད་པ་ཤིང་འབྲུག་ལ་ངོར་དུ་བྱོན། སོ་གཅིག་མེ་ཡོས་ལ་ཁྲིར་ཕེབས། ལོ་ལྔ་བཞུགས། དེ་ནས་ཀླུ་སྡིང་དུ་ཟུར་བཞུགས་གནང་། ཞེ་བཞི་ལྕགས་འབྲུག་ལ་སྡེ་དགེར་ཕེབས། དཔལ་ཆོས་དབོན་རིན་ཆེན་མཆོག་གྲུབ་ཡར་བྱོན་པ་དང་ལམ་ནས་མཇལ། སྡེ་དགེ་ནས་ཁྲི་འབུལ་རྣམ་གྲངས། ༡༥༥༣ཙམ་ཕུལ། ཞེ་ལྔ་ལྕགས་སྦྲུལ་ལོར་དཔོན་རྒན་བསོད་ནམས་མགོན་པོ་འདས། འདི་ལོར་འཛིང་རྣམ་རྒྱལ་


JKT019_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁང་དུ་ཕེབས་སྐབས་སྡེ་དགེར་ལྷ་བརྒྱད་རྗེས་གནང་སོགས་མཛད། མགོན་པོའི་སྐུ་སྔར་ལས་གཟི་བརྗིད་ཆེ་ཞིང་སྣུམ་མདངས་ཆགས་པ་དང་། གནམ་དབྱིབས་འཇམ་པ་སོགས་དགེ་མཚན་ཆེ། ཞེ་བདུན་ཆུ་ལུག་ལོར་མགྲོན་གཉེར་ཀུན་དགའ་བསྟན་སྐྱོང་འབུལ་སྐྱེལ་མངགས་ཚུལ་རྣམ་ཐར། ༢༠༦ནས། ༢༠༩ བར་གསལ་བ་ལྟར། གསེར་རྡེལ་ཚད་བཅུ། དངུལ་རྡེལ་ཉི་ཤུ་ལྷག །གོས་ཡུག ༣༢ གླེགས་བམ། ༢༡ རྡོར་དྲིལ། ༢༡ རས་ཡུག ༣༣༥ ཇ་ཀོ་ཙེ། ༡༢༠ ཆུང་ཇུ། ༤༤༨ ཤན་ཇ ༨༨ གཞུང་མ། ༡༤༨ ༣ རྟ། ༤༣ དྲེལ། ༡༩ མཛོ། ༥༣ མཛོ་མོ། ༡༣ ཁལ། ༣༧ གཟི། ༡༦༦ སོགས་བསྐུར་ཚུལ་སྣང་། ཤིང་བྱ་ལོར་སྲས་ཆོས་སྐྱོང་མགོན་པོས་ང་འབོད་ལྕམ་བཞེས་རྒྱུ་དང་། བཀྲ་ཤིས་དབང་མོར་བློ་གྲོས་རྒྱ་མཚོ་སྐུ་བབས་རྒྱུ་མཛད། ང་གཅིག་མེ་ཕག་ལོར་ལྷ་རྒྱལ་དགོན་བཏབ། དེའི་དགུན་ཆོས་སྐྱོང་མགོན་པོ་འདས། ས་བྱི་ལོར་བཀྲ་ཤིས་དབང་མོར་ས་དབང་བཟང་པོ་འཁྲུངས། ལྕམ་འདས། ལྕགས་སྟག་ལོར་རིན་ཆེན་རིལ་བུ་བསྡུས། ཆུ་སྦྲུལ་དབྱར་སི་ཏུ། ཞུ་ཆེན། བཅུ་གཅིག་པར་བློ་གྲོས་རྒྱ་མཚོ་དབོན་སྟོད་དུ་འདས། ཤིང་ལུག་ས་དབང་བཟང་པོ་ཕོ་བྲང་དུ་ཕེབས། དྲུག་ཅུ་མེ་སྤྲེལ་ལོར་བོད་དུ་


JKT019_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། དེའང་སྡེ་དགེ་ནས་ཟླ་༥ཚེས་༢༠ལ་བཏེགས། ཟླ་༦ཚེས་༣༠ལ་ལྷ་སར་ཕེབས། རེ་བཞི་ལྕགས་ཁྱི་ཟླ་༩ཚེས་༢༤ ལ་གཤེགས་སོ། །རྗེ་འདི་ཕུར་བུ་ལྕོགས་བྱམས་པས། རྒྱལ་སྲས་མཛེས་པའི་ཏོག །ཌོམ་བྷི་ཧེ་རུ་ཀ །ཧ་ཤང་མ་ཧཱ་ཡཱ་ན། དགེ་སློང་པུཎྞ། ཤུད་པུ་དཔལ་སེང་། ལྷོ་མོན་དུ་མཐུ་སྟོབས་རྡོ་རྗེར་སྐྱེ་བ་བཞེས་ཚུལ། རྒྱལ་བའི་མདུན་ན་རྒྱལ་སྲས་མཛེས་པའི་ཏོག །ཅེས་སོགས་གསོལ་འདེབས་མཛད། ཁམས་བྲག་དམར་བའི་རྙིང་མའི་བླ་མ་ཞིག་སྟག་ཤམ་གྱི་སྐྱེ་བ་དང་། སྡེ་དགེར་ཕེབས་དགོས་ཚུལ་སོགས་ལུང་བསྟན་སྐད། ༈ །མི་འགྱུར་རྒྱལ་མཚན་ཡར་ཕེབས་ལོར་ཁང་གསར་མཁན་ངག་དབང་ཆོས་སྐྱོང་བཟང་པོ་སྡེ་དགེར་གདན་དྲངས་ཏེ་ཕེབས། དེའང་རྗེ་འདི་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལ་འཁྲུངས། བདུན་པར་ངོར་དུ་ཕེབས། སྤྱིར་མ་འཁྲུངས་གོང་ནས་བྱམས་པ་བསོད་ནམས་བཟང་པོས་ཡབ་ལ། ཁྱོད་ཀྱི་ཁྱིམ་ཐབས་མར་བུ་ཞིག་བཙའ་འོང་ན། དེ་བསོད་ནམས་རྒྱ་མཚོའི་སྤྲུལ་སྐུ་ཡིན་ཅེས་ལུང་བསྟན། ཉི་ཤུ་ཆུ་ཁྱི་ལོར་ཁམས་མགོ་ཟིར་བྱོན། ཉེར་དྲུག་པ་འབྲུག་ལོར་ལྷུན་གྲུབ་སྟེང་དུ་དཔལ་ཆོས་མཆོད་ཡོན་མཇལ་བར་ཕེབས། དེ་ལོ་བོད་དུ་བྱོན། ཞེ་གསུམ་ཤིང་བྱ་ལོར་ཁྲིར་ཕེབས། ང་བཞི་མེ་སྤྲེལ་ལོར་མཁན་ས་བཅས་སྤྲད་ནས་སྡེ་དགེས་


JKT019_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་པ་ལྟར་བྱོན། དགེ་རྒྱས་ལུང་སྨུག་ཏུ་དབོན་བློ་གྲོས་རྒྱ་མཚོ་དང་། རྩ་ཁོག་ཏུ་མི་འགྱུར་རྒྱལ་མཚན་ཡར་ཕེབས་པ་མཇལ། ཛམ་ཐོག་བརྒྱུད་དེ་དགེར་ཕེབས། རྣམ་གྲངས་སྟོང་དང་ལྔ་བརྒྱའི་ཁྲི་འབུལ་ཕུལ། ང་ལྔ་ས་བྱ་ལོར་སྡེ་དགེ་དང་དབྱར་གཟིགས་དཀྱུས་ལྟར་ཕེབས། རྣམ་རྒྱལ་མགོན་ཁང་དུ་སྐོང་གསོ་གནད་སྨིན་སོགས་གནང་། ང་དྲུག་ས་ཁྱི་ལོར་ཡང་དྲུག་འདུའི་དབུ་བློབཞུགས་དང་། དབྱར་སྒར་སོགས་དཀྱུས་ལྟར་གནང་། དཔལ་སྤུངས་སུ་སྤྲུལ་སྐུ་དམ་པར་ཚེ་དབང་དང་། རྣམ་འཇོམས་རྗེས་གནང་སོགས་ཕུལ། ལར་དཔལ་ཆོས། མི་འགྱུར་རྒྱལ་མཚན་སོགས་ལ་སི་ཏུ་གོང་མས་ཆོས་འབྲེལ་ཅི་རིགས་པ་གསན་སྣང་། ང་བདུན་པ་ཕག་ལོར་འབུལ་སྐྱེལ་ཇ། ༡༥༠༠ གསེར་དངུལ་རྡོ་ཚད། ༡༥ རྟ་དྲེལ། ༦༠ མཛོ་ཁལ། ༤༠༠ སྐོར་བསྐུར། འདི་ལོ་སྒ་སྟོད་དུ་ཕེབས་པ། སྨིན་ཟླའི་ཚེས་༡༧ལ་ཐུབ་བསྟན་དགོན་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །རྣམ་ཐར་སྡེ་དགེའི་དྲུང་ཡིག་ངག་དབང་ཆོས་གྲགས་ཀྱིས་བསྒྲིགས་པ་ཡོད།། ༈ །།མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྣམ་ཐར་རྟོགས་བརྗོད་སྣ་ཚོགས་ལྗོན་པ་སྟུག་པོའི་འཁྲི་ཤིང་། ཨེ། པ་ལས། སྐྱེ་རྒུ་དོན་གྲུབ་གླིང་བདག་ཆེན་རྒྱ་གར་པ་ཤེས་རབ་རྒྱལ་མཚན་གྱིས་བཏབ། ༈ །རྒྱམ་རྒྱལ་རྡོ་ཏི་


JKT019_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་བརྒྱད་དང་པོ་འཕགས་ཡུལ། དེ་ནས་ཏི་སེ། དེ་ནས་མདོ་ཁམས་སུ་འཕོས། དཀར་ཕྱོགས་སྐྱོང་བ་སྟོབས་ཆེན་ཡིན། ཉིད་ཀྱི་མནལ་ལམ་དུའང་གཟིགས། མོན་པ་ཆེན་པོ་གཟུགས་མཛེས་པ་བཞི། མི་མཛེས་པ་བཞི། སྣམ་སྔོན་དང་། སྣམ་ལྗང་གྱོན་པར་སྣང་ཚུལ། ༈ །ཀེ་ཆུ་རྒྱུད་སྐྱོ་གེ་དགོན། ༈ །ལྡན་ས་དཀར་དགོན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། ཀུན་དགའ་ལེགས་པ། མཐུ་སྟོབས་དབང་ཕྱུག་སོགས་ཀྱི་གདན་ས་ཡིན། ༈ །དྲན་ཐང་གྲུབ་ཐོབ་སྨི་ཏི་འདས་སྐབས། ཁོང་སྐུ་དངོས་བཞུགས་པའི་སྐབས་བསྟན་པ་ལ་ཕན་ཆེར་མ་བྱུང་བས་མྱ་ངན་ལས་འདས་པའི་གདུང་འདིས་སེམས་ཅན་གྱི་དོན་བྱེད་པར་ཤོག་ཅེས་གསུངས་ནས་སྨོན་ལམ་བཏབ་པའི་གདུང་རིལ་པོར་བཞུགས་པའི་མཆོད་རྟེན་གྱིས་གཙོས་རྟེན་གསུམ་བྱིན་ཅན་མང་། ༈ །འདམ་ཐོག་དགོན་སྔོན་ལྡན་མ་བཀའ་བཅུ་ཀུན་དགའ་བཟང་པོས་བཏབ། ཕྱིས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་མཐུ་སྟོབས་དབང་ཕྱུག་གི་གདན་སར་གྱུར། རྟེན་བྱིན་ཅན་མང་། ཁྱད་པར་གསེར་གདུང་གཉིས་དང་། གུར་མགོན་སྐུ་བྱིན་ལྡན་ཐོག་ཚད། མདུན་དུ་པུ་ཏྲ་བྷ་ཏྲ་ཡིན་ཟེར་བའི་ཕ་བོང་ཉམས་དོད་ལྔ་དྲུག་ཙམ་ཡོད། ༈ །འཛོམ་སྟག་བསམ་འགྲུབ་དགོན་དུ་སྨྲ་ཏིས་མདོ་སྨད་བསྟན་འགྲོའི་


JKT019_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཙས་སུ་བཞེངས་པའི་མཆོད་རྟེན་ཐོག་སོ་ལྔ་ཡོད། ༈ །ས་སྐྱར་ལྷ་ཁང་བརྒྱ་དང་ཉི་ཤུ་ལ་སྤོས་མར་མེ་སྙན་དར་ཕུལ་ཚུལ། ༈ །སྐྱོ་མདའ་བསོད་ནམས་དབང་ཕྱུག་ལས་ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེ་གནང་གསན། མ་ཎི་བཀའ་འབུམ་གསན་ཐོའི་མཇུག་ཏུ་དཀར་ཆག་བཀའ་ཁོལ་མ་དང་། ཡེར་པའི་དཀར་ཆག་ཀྱང་ལུང་གསན་ཚུལ་སྣང་། ༈ །ངོར་པའི་གདན་རབས་ཁ་སྐོང་མཛད་སྐབས། མཁན་སངས་ཕུག་རྣམ་ཐར་དུ་རྗེ་དེ་ཉིད་ཇོ་བོ་རྗེའི་སྤྲུལ་པ་ཡིན་སྙམ་པ་ཐུགས་ལ་ཡོད་པ་ལྟར། མནལ་ལམ་དུ་མཇལ་ཞིང་ཇོ་བོའི་རྣམ་ཐར་རེ་གཉིས་གསུངས་ཤིང་ཁྱོད་དང་ང་ཚེ་རབས་མང་པོར་འབྲེལ་ཆེ་ཚུལ་གསུངས་པ་དང་། བཀྲས་ལྷུན་རྣམ་ཐར་དུ་གླང་ཐང་པའི་སྤྱན་སྔར་མཁན་ཆེན་དེ་ཉིད་བཞུགས་པར་རྨིས་པས་གླང་ཐང་པའམ་དེའི་སློབ་མའི་མཆོག་གཅིག་ཡིན་ངེས་པར་བྱུང་། ནམ་མཁའ་བསམ་འགྲུབ་རྣམ་ཐར་སྐབས་མནལ་ལམ་དུ་མཁན་ཆེན་དེ་ཉིད་མཇལ་བར་ཤར་བའི་རྣམ་ཐར་ཞིག་བསྣམས་ཏེ་གྲྭ་སློབ་མང་པོར་གསུངས་པས་ཤར་བ་དངོས་ཡིན་སྙམ་པ་དང་། གྲྭ་པ་གཞན་ཞིག་གིས་དེ་ལྟར་ཡིན་ཅེས་ཟེར་ཚུལ་གསུངས། ༈ །ངོར་གྱི་གདན་ས་སྐབས་དབང་ཁང་གི་གཏོར་མ་ལས་སྤུ་ཁ་དོག་སྣ་ཚོགས་མུ་ཏིག་ལྟ་བུའི་ཟེའུ་འབྲུ་ཡོད་པ་སྐྱེས་ཤིང་། གཏོར་མའང་


JKT019_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྲ་མཁྲེགས་ལྕགས་ལྟ་བུར་གྱུར། ཞལ་གྱི་བེ་བུམ་ལས་ལས་བཞིའི་རྟགས་ལ་དེ་འདྲ་འོང་གསུངས་པར་སྣང་། དེ་རྗེས་ཀྱང་འགའ་རེ་བྱུང་། བཟང་པོ་མ་གཏོགས་ངན་པ་ནི་མ་བྱུང་བ་ཅི་ཡིན་མ་ཤེས་ཚུལ་སྣང་། ༈ །འོ་ཡུག་གོས་སྔོན་ལྷ་ཁང་ཁྲི་སྲོང་སྐབས་བོད་ཁམས་བདེ་ཐབས་སུ་བཞེངས། དམ་ཅན་གྱི་ཞོན་པ་རྡོ་ལ་རང་བྱོན་དང་། སྐུ་སློབ་དཔོན་ཆེན་པོའི་ཕྱག་བཟོ། དེའི་གོང་གནོན་དུ་ཕྱག་རྡོར་གོས་སྔོན་ཅན། དེ་གཉིས་དབུ་དང་དཔྲལ་བ་ཐུག་མི་ཐུག་པའི་མཐོང་སྣང་སྣ་ཚོགས་འོང་སྐད། སྐུ་དེ་རྣམས་བཟོ་དབྱིབས་ལེགས་ཤིང་སྣུམ་བག་ཆེ་བ་སོགས་སྣང་། ༈ །སྒྲ་མཆོད་རྟེན་དཀར་པོ་སློབ་དཔོན་རིན་པོ་ཆེས་ཡང་འདུལ་གྱི་ས་གནད་དུ་བཞེངས། ༈ །ཁྲི་འདུ་སྐལ་བཟང་དགོན་ཐོག་མར་ཨ་གཉན་དམ་པས་བཞེངས། ཀོང་ཇོས་ཇོ་བོ་ཡིད་བཞིན་ནོར་བུ་བོད་ལ་གདན་དྲངས་པའི་སྐུ་ཚབ་ཏུ་བཞེངས་པའི་ཇོ་བོའི་སྐུ་ཚད་ངོ་མཚར་མཐོང་བ་དོན་ལྡན་འཕགས་པ་རིན་པོ་ཆེར་ཕུལ་བ་ཨ་གཉན་དམ་པར་གནང་བ་ཉིད་རྟེན་གཙོར་བཞུགས་པ་སོགས་རྟེན་གསུམ་ངོ་མཚར་རྒྱ་ཆེར་ཡོད། ༈ །དགོན་གསར་དགོན་དུ་དྲུང་ཆོས་རྗེའི་དབུ་ཐོད་ཡོད། འདི་དྭགས་པོ་ལྷ་རྗེའི་སྤྲུལ་པར་གྲགས། དགུང་ལོ་དོན་དྲུག་བཞུགས། རྣམ་ཐར་རྒྱས་པ་ཡོད། དབུ་ཐོད་དེ་ལ་བིརླ་པ་དང་། བཅུ་གཅིག་ཞལ་


JKT019_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རང་བྱོན་བཞུགས་ཚུལ་མི་འགྱུར་རྒྱལ་མཚན་བཀའ་འབུམ་ལྡེབ། ༡༠༥ །མཚམས་སུ་འདིའི་དཀར་ཆག་ཡོད་དོ། ༈ །ལྡན་རག་ཅོ་དགོན་གྲུབ་ཐོབ་ནམ་མཁའ་ལེགས་པ་ཞེས་འཕགས་པས་ལུང་བསྟན་ཅིང་གསེར་དགོན་ཁྱད་པར་ཅན་སྩལ་བའི་དབོན་བརྒྱུད་ཀྱིས་བཟུང་། ༈ །ཆོས་འཁོར་དགོན་གྲུབ་ཐོབ་སྟག་སེས་བཏབ། རྗེ་བསོད་ནམས་རྒྱ་མཚོའི་རྟེན་གཏོར་སོགས་བཞུགས། གྲུབ་ཐོབ་སྟག་སེའི་དབུ་ཐོད་ལ་ཚེ་དཔག་ལྷ་དགུ་རང་བྱོན་ཡོད་པ་སོགས་བཞུགས། ༈ །སྒ་ལེན་སྟེང་གྲུབ་ཐོབ་སྟག་སེས་བཏབ་ཀྱང་ཟེར། ཨ་གཉན་དམ་པས་བཏབ་ཀྱང་ཟེར། ༈ །ལྷུན་གྲུབ་སྟེང་དུ་ཆོས་ཁྲིར་མངའ་གསོལ་སྐབས་སྐུ་རྟེན་གསུམ། གསུང་རྟེན་བསྟན་འགྱུར་རིན་པོ་ཆེ་གླེགས་བམ། ༢༡༥ གཙོས་རྣམ་གྲངས་ཆིག་སྟོང་ལྔ་བརྒྱ་སུམ་ཅུ་ཕུལ་ཚུལ་སོགས་སྣང་། ༈ །བླ་མ་སངས་རྒྱས་རྡོ་རྗེས་ཐོག་མར་ཡིག་དྲུག་སོགས་དགེ་བསྐུལ་བཟང་ཡང་། ཕྱིས་ཐལ་ཆེས་པས་རྟོགས་ལྡན་མ་བསྒོམ་པར་སངས་རྒྱས་པའི་སློབ་ཚོགས་མང་ཚུལ། ༈ །ལྷུན་གྲུབ་སྟེང་སྒྲུབ་མཆོད་དབུས་སུ་ཀྱེ་རྡོར་ལ་དགེ་འདུན་བརྒྱད་བརྒྱ་སྐོར་དང་། བྱང་དུ་སམ་ཏྲ། གསང་འདུས་ལུགས་གཉིས། ལྷོར་གུར། བདེ་མཆོག་ལུགས་གཉིས་བཅས་ལའང་དགེ་འདུན་སུམ་ཅུ་ནས་བཞི་བཅུའི་བར་


JKT019_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཚུལ། ༈ །ལོ་གསར་སྟོན་མོ་ཉིན་གཉིས་ལ་གཟབ་རྒྱས་གནང་ཚུལ། ༈ །སྒ་ཇོ་བོར་བུམ་གཏེར་ཕུལ་སྐབས་ཕྲིན་ལས་སྒྲུབ་པའི་མནལ་ལམ་ངོ་མཚར་ཅན་བྱུང་། ༈ །ཟེལ་དཀར་དགོན་དུ་ས་པཎ་གྱི་གདུང་རུས་ལས་གྲུབ་པའི་རྟེན་ངོ་མཚར་ཅན་ཡོད་སྐད། འདི་མི་འགྱུར་རྒྱལ་མཚན་རྣམ་ཐར་དུ་ས་པཎ་གདུང་རིང་བསྲེལ་བཅུ་གཅིག་ཞལ་མཐེ་བོང་ཙམ་ཤིན་ཏུ་ངོ་མཚར་ཅན་ལོ་རྒྱུས་དང་བཅས་བཞུགས་པར་གསུངས་པ་དེ་ཡིན་སྣང་། ༈ །གནམ་ལུང་རྣམ་རྒྱལ་གླིང་འཕགས་པའི་གདན་ས་ཡིན། གསེར་སྐུ་འགངས་ཆེ་བ་དང་། འཕགས་པའི་ཕྱར་དར་མགོན་པོ་སྟག་ཞོན་འཁོར་ངེས་པ་ཅན་ཡོད། བར་སྐབས་ཉམ་ཆག་ཆེ་བར་སྣང་། ༈ །བཀྲ་ཤིས་སྒང་སྔར་འཕགས་པའི་གདན་ས། ཕྱིས་འབྲི་གུང་པས་བདག །རྟེན་གཙོ་འཕགས་པས་རྒྱ་ནག་ནས་དྲངས་པའི་བཀའ་གདམས་གདུང་རྟེན་བཀྲ་ཤིས་འོད་འབར་ཞེས་མི་ཚད་ལྷག་མཇལ་བ་ཙམ་གྱིས་འཇའ་འོད་འཕྲོ་བཞིན་འགྲན་ཟླ་དང་བྲལ་བ་ཡོད། ༈ །དགོན་གསར་བསམ་འགྲུབ་དགོན་དུ་ཉིད་ནས་གུར་ལྷ་བརྒྱད་བཞེངས། ༈ །ཁམས་རྡོ་ར་སྟག་དགོན་འབྲི་གུང་པའི་གདན་ས། ལྷ་ཁང་སྒྲོས་ལེགས། ཐུབ་ཆེན་ཟངས་གསེར་ལས་གྲུབ་པ་ཐོག་ཚད་དང་། བདེ་མཆོག་ཐོག་ཚད་སོགས་རྟེན་གསུམ་རྒྱ་ཆེ། ༈ །སྨན་འཆང་


JKT019_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་མཐོ་དབེན་ཉམས་དགའ་བར་ཡོད། ༈ །རི་ཐུང་ཐུབ་བསྟན་དར་རྒྱས་གླིང་དུ་འཕགས་པའི་ཐུགས་དམ་རྟེན་པུ་ཊ་ནག་པོའི་ཞལ་འབག་བྱིན་ཅན་བཀའ་རྒྱ་མ་ཡོད། ༈ །འཛི་ཕུར་དུང་འབུད་བླ་མ་བསོད་ནམས་མཆོག་ལྡན་འདས་པས་སྒར་གཞིས་ཕུལ་ནས་བདག་གིར་མཛད་ཚུལ། ༈ །ལྡེབ་༡༧༨ནས། ༡༩༣ བར་དབོན་རིན་ཆེན་མཆོག་གྲུབ་གདོང་དབུས་གཙང་དུ་འབུལ་སྐྱེལ་རྒྱ་ཆེར་མཛད་ཚུལ། ༈ །ལྡེབ། ༢༠༠ ཕྱི་ནས། ༢༢༠ བར་རྡེ་ལོ་ལྷ་ཁང་ལྕང་ལོ་ཅན་གྱི་དཀར་ཆག་མཐོང་བ་དོན་ལྡན་ཅེས་ཡོད། འདི་ནང་ལྷུན་གྲུབ་སྟེང་སྤར་མའི་གཟུངས་གཞུག་དཀར་ཆག་ཞིབ་པར་སྣང་། ༈ །དཔོན་བསོད་ནམས་མགོན་པོའི་སྲས། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ལྕམ་སྲིང་ཚེ་རིང་ལགས། དེའི་སྲས་ཆོས་སྐྱོང་མགོན་པོ། དེའི་ལྕམ་སྐལ་རྒྱ་མ། སྐུ་ཚ་མ་བཀྲ་ཤིས་དབང་མོ། སྲས་ཆང་རག་སོགས་བཞེས་ཆེས་པས་སྐུ་ཚེ་རིང་པོ་མ་བྱུང་། ལྕམ་བློ་གྲོས་རྒྱ་མཚོས་བདག་གིར་མཛད་དེ་སྲས་ས་དབང་བཟང་པོ་འཁྲུངས་པ་དང་གཤེགས། ༈ །དམད་ཤོད་དང་སྤོ་ལུ་སྐོར་ས་ཆ་ལེགས་ཚུལ། ༈ །ལྡེབ། ༢༤༢ ནས། ༢༤༧ བར་ཧོར་ཁོག་སྡེའི་མགོན་ཁང་ངམ་ཏྲེའི་མགོན་ཁང་གི་ལོ་རྒྱུས་དཀར་ཆག་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་པས་མཛད་པ་ཞལ་བཤུས་


JKT019_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅས་ཡོད། ༈ །ཡིད་ལྷུང་ཁྲོ་ཤུལ་ནང་ཞེས་སྐྱེ་འགྲོའི་སྲོག་གཅོད་པ་སྲིན་ཡུལ་ལྟ་བུ་དེར། མཆོད་རྟེན་ཞིག་བཞེངས་ན་དགེ་མཚན་ཆེའང་མ་གྲུབ་ཚུལ། ༈ །རྫོགས་ཆེན་སྤྲུལ་སྐུ་དང་། ཉིད་ནས་རྫ་ཆུ་ཁ་པ་ལ་བཅའ་བཀོད་གནང་ཚུལ། ༈ །ཉག་གཤིས་ཁྲི་ཚོ་དགོན་དང་ཝམ་པ་དགོན་བླ་ཆེན་འཕགས་པས་བཏབ། ༈ །སྤོ་ལུ་དགོན་རྒྱབ་བྲག་ལ་བིརླ་པའི་སྐུ་རང་བྱོན་ཡོད་པས་ཆང་ས་དར་ཆེ་སྐད། སྤྱིར་བསྒྲིགས་ལམ་བཟང་། སངས་རྒྱས་སེང་གེས་ལུང་བསྟན་ནས་དེའི་སློབ་མ་སྤོ་ལུ་ཤེས་རབ་རྒྱལ་མཚན་གྱིས་བཏབ། བླ་མ་བཟང་པོ་རིམ་པར་བྱོན། ཕྱིས་སུ་བླ་ཆེན་གཟི་སངས་རྒྱས་དཔལ་བཟང་གིས་ཀྱང་ཡང་ཡང་ཕེབས། དབང་ལུང་ཁྲིད་གསུམ་གནང་ཞིང་མགོ་འདྲེན་རྒྱ་ཆེར་མཛད་སྐད། ༈ །འདམ་ཐོག་ཤོག་དཔེ་ཝར་བྱང་ཆུབ་གླིང་པས་བཏབ། སངས་རྒྱས་སེང་གེའི་སློབ་མ་ཞིག་གིས་ཉམས་གསོ་མཛད། གྲྭ་སྟོབས་དང་ཆོ་ག་ལག་ལེན་ལེགས། དགོན་གྱི་རྒྱབ་རི་གནས་བདག་མོ་དང་། དགོན་ལྟག་ན་ཕ་བོང་ཛམྦྷ། ཉེ་ལོགས་ན་ཞོག་མཚོ་ཟེར་བ་ཆུང་ངུ་ཞིག་ཡོད་། ༈ །ལྡན་འདམ་ཐོག་དགོན་གྱི་འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་སྐུ་འབུམ་ཆེན་མོའི་སྟེང་གསེར་ཟངས་ལས་གྲུབ་པའི་གཉྫིར་བཞེངས་ཚུལ། ༈ །ཁྲི་འདུར་དམ་པ་རིན་པོ་ཆེའི་སྒྲུབ་ཆུ་


JKT019_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་གྲགས་པའི་ཆུ་མིག་ཏུ་ཀླུ་གཏོར་ཕུལ་སྐབས་དགེ་མཚན་ཆེ། ༈ །དྲུང་ཆོས་རྗེའི་དབེན་རིར་མགོན་པོ་ཁྱད་པར་ཅན་བཞུགས། ༈ །སྐྱེ་རྒུ་དང་ཉེ་བ་གནས་སྒོ་ཁྱིམ་ཞེས་བྲག་དཀར་ཤིན་ཏུ་མཐོ་བའི་ངོས་སྒྲོལ་མ་དཀར་སྔོན་རང་བྱོན་ཡོད་པར་གྲགས། དེའི་སྒྲོལ་དཀར་ཡོད་པའི་བྲག་དེ་ཆད་པ། སྐུ་ཆེ་ཆུང་མཁྱུད་གང་ཙམ་འབུར་དོད་སྒྲོས་ལེགས་ཤིག་བྱུང་བ་མཚམས་པ་རིན་ཆེན་བཟང་པོའི་གྲུ་གཤག་ཏུ་གདན་དྲངས། དེ་འདས་དུས་ཉིད་ཀྱི་ལྷ་ཁང་གསར་བཞེངས་ཀྱི་ཐུབ་པའི་མདུན་བཞུགས་སུ་གསོལ་ཅེས་འབྱུང་། ༈ །ལྡེབ། ༣༡ ནས། ༢༡༨ བར་སྐྱེ་རྒུ་དགོན་དུ་ལྷ་ཁང་གསར་བཞེངས་ཀྱི་དཀར་ཆག་རགས་རིམ་ཙམ་ཡོད། ༈ །ལྡེབ་༣༢ ༣ ནས། ༣༢༦ བར་སྡེ་དགེའི་སྐུ་རིམ་དགོན་ཁག་རྣམས་སུ་བཀྲམ་ཚུལ་ཞིབ་མོ་ཞིག་སྣང་། ༈ །ལྕང་རེའི་སྟག་སེའི་སྐུའི་དབུ་ཞྭ་ཕུད་པ་བྱུང་ན་སྡེ་དགེའི་སྐུ་ངོ་ལ་ངན་ཚུལ་ཟེར་རྒྱུན་འདུག་པས་བདེན་ཆ་ཡོད་ཚུལ་སྣང་། ༈ །སྒ་སྟོད་སྟག་མགོའི་རིང་བསྲེལ་ཐུབ་པའི་དབང་པོའི་རིང་བསྲེལ་མ་སྐྱེས་དགྲའི་རྟེན་སྐལ་རྡོ་རྗེ་གདན་གྱི་གནྡྷོ་ལར་མར་མེ་མཛད་བཞུགས་པའི་མདུན་གྱི་ཀ་པ་ལ་སྦས་པ། རྟེན་དེའི་དགོང་གཉེར་པཎྜི་ཏ་ཤཱནྟི་ནག་པོས་བོད་དུ་དྲངས། ཆོས་སྐྱོང་གི་ལུང་བསྟན་ལྟར་སྟག་མགོར་བཞུགས ༣༦༧།


JKT019_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏའང་གནས་དེར་ཐིམ་ནས་ད་ལྟའི་བར་སྲུང་མ་མཛད། དེ་ལ་རྗེ་བཙུན་གྲགས་པས་ཤེལ་གྱི་པར་བུ། ས་པཎ་གྱིས་གདུགས། འཕགས་པས་སྣམ་སྦྱར་དང་དངུལ་གྱི་པར་བུ་སོགས་ས་ཀར་གྱི་བླ་ཆེན་དུ་མས་མངའ་གསོལ་ཕུལ་བའི་ལོ་རྒྱུས་ཡོད། འདིའི་དཀར་ཆག་སྐལ་བཟང་དགའ་སྐྱེད་ཅེས་པ་ཞིག་མཛད་ཚུལ་སྣང་། ༈ །རྫོགས་ཆེན་དུ་གཏེར་སྟོན་ཡིན་སྐད་ཞིག་བྱུང་བ་ཚར་བཅད་ནས་སླར་སི་ཏུ་རིན་པོ་ཆེར་བསྙེན་རྫོགས་བསྒྲུབ་བཅུག་ཚུལ། ༈ ལྷོ་ཁོག་ནས་རྒྱལ་དབང་སྤྲུལ་སྐུ་ཟེར་བ་ཆོས་བརྒྱད་ཅན་ཞིག་གིས་རྒྱམ་རྡོ་ཏིར་ཙཱ་རི་ལྟ་བུའི་གནས་བསྐོར་གྱི་ལམ་བཏོད་ཚུལ་གླེང་མོ་འུར་སྒྲ་ཆེ་བ། དེ་ལྟར་གྲུབ་སླར་ཡུལ་དེ་སྟོང་ཞིང་མདོ་ཁམས་སུ་མི་རུང་བ་འོང་སྙམ་ནའང་སྒྲ་རང་ཡལ་དུ་སོང་སྐད་གདའ། ༈ །སི་ཏུ་རིན་པོ་ཆེ་ཞྭ་དམར་བཅུ་པ་ཁྲི་འདོན་ཕེབས་ཁ་དགོན་ཆེན་དུ་བྱོན་པར། བདེ་མཆོག་དཀར་པོའི་བྱིན་རླབས་ཤིག་ཕུལ་བས་རྟེན་འབྲེལ་ལེགས་ལམ་ཆེ་བར་གྱུར་ཅེས་གསུང་ནའང་། རྗེ་ཉིད་ཀྱིས་རྨོར་ཆེན། སངས་རྒྱས་བསྟན་པ། དཔལ་བཟང་། བསོད་ནམས་དབང་ཕྱུག་རྣམས་གང་རིགས་ཞིག་ལས་གསན་འདྲ་སྟེ་སྔ་མ་ཆོས་གསན་ཚུལ་སྐབས་མ་ཐེབས་འདུག་པ་སླར་དཔྱད། རྨོར་ཆེན་ལས་གསན་སྐབས་སོགས་རྗེས་གནང་གི་རིགས་དུ་མ་གསུངས་པའི་ཁོངས་སུ་


JKT019_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་འདྲ་ཡིན་ནམ། ལྕགས་ཟམ་བསྟན་འཛིན་ཉི་ཟླ་འོད་འབར་ཀྱང་དེ་མཉམ་ཡོད་འདུག་པ་དེའི་གསན་ཐོ་ཡོད། ༈ །གླེགས་བམ་ཕྱི་མ། ཝཾ་རྟགས་ཅན་གྱི་ནང་རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱ་ལོ་ནས་བཟུང་གཤེགས་རྗེས་ཀྱི་བར་རྣམ་ཐར་ཤིན་ཏུ་རྒྱས་པ་ཡོད། དགུང་ལོ་ང་གསུམ་པ་ཤིང་ཁྱི་ལོར་ཟླ་༥ཚེས་༢༣ལ་བོད་དུ་ཕེབས་སྐབས་ལག་དོ། ༨༢༠ མཛོ་ཁལ། ༡༢༣༠ སྐོར། རྟ། ༢༠༠ྋལྷག །དྲེལ། ༡༠༥༠ སྐོར་གྱིས་མཚོན་སྒར་ཆེན་འཕགས་པ་རིན་པོ་ཆེ་རྒྱ་ནག་ནས་ཆིབས་བསྒྱུར་གནང་བ་ལྟ་བུ་ཞིག་ཡོད་སྐད་གདའ། ཟླ་༩ཚེས་༡༡ལ་ལྷ་གདན་དུ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་མདུན་མཚོ་སྐར་ཆེན་སྒར་ནས་ལམ་ཡིག་ཞུ་བར་བཏང་ཚུལ་གྱི་ཡི་གེ། ༈ ཟླ་༩ཚེས་༢༤ལ་ནག་ཆུ་ཁ་སྤ་རུ་ཐང་དུ་ཕེབས། ཟླ་༡༠ཚེས་༡༠ལ་ལྷ་ལྡན་དུ་འབྱོར། ༈ །ལྡེབ། ༡༠༠ནས། ༢༢༥བར་གཏོང་སྒོ་འབྱམས་ཀླས་མཛད་ཚུལ་ཡོད། ལྡེབ། ༡༠༤ བར་སྟོང་མཆོད་ཀྱི་དཔྱད་ཁྲ་ཞིབ་པར་སྣང་། ༈ །གཉགས་ཨ་མོ་གྷས་བཏབ་པའི་མུས་གློ་ལུང་ཆོས་སྡེའི་མཚན་ལྡན་ནམ་མཁའི་རྣལ་འབྱོར་གྱི་སྐུ་བརྙན་མདུན་མར་མེའི་བརྟག་པ་གསལ་པོ་ཡོད་སྐད་སྣང་། ༈ །ཤིང་ཕག་ལོའི་དབྱར་དབུས་ཕྱོགས་དང་། དགུན་ལྷ་རྩེ་མན་མུས་ཕྱོགས་ཚུན་བྱོན་ཚུལ་ཞིབ་ཆ་སྣང་།


JKT019_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལྷ་རྩེའི་ག་ཡ་དྷ་རའི་སྒྲུབ་ཕུག་དེ་ཁྱད་མཚར་ཞིག་ཡོད་སྐད་གདའ། ༈ །མེ་བྱི་ལོར་ངོར་དུ་ཚོགས་ཁྲོ་གཉིས་བླུགས་པར་དངུལ་སྲང་དྲུག་བརྒྱ་སྐོར་གྱི་རྒྱུ་རྩ་སོང་། སྒོ་ཁང་གསར་བཟོ་མཛད། ༈ །འདི་ལོ་ཟླ་༢ཚེས་༣ལ་རྒྱལ་བ་སྐལ་བཟང་རྒྱ་མཚོ་ཞིང་གཤེགས། ༈ །མེ་གླང་ཟླ་༦ཚེས་༤ལ་ས་སྐྱ་པ་གཅུང་མཐུ་སྟོབས་དབང་ཕྱུག་ཞིང་གཤེགས། ༈ །ཟླ་བ་དགུ་པ་ནང་ས་སྐྱར་ཀུན་དགའ་བློ་གྲོས་མདུན་གདུང་སྤེལ་གྱི་སྙན་སྐུལ་ཞུས་པར་ཞལ་བཞེས་གནང་། ༈ །ས་སྟག་ཟླ་༤ ཚེས་༡༩ལ་སླར་ཡང་ངོར་ནས་ཁམས་སུ་ཕེབས། དེ་སྐབས་གཞུང་ནས་གཞིས་རྩེ་ཤངས་འུ་ཡུག་བརྒྱུད་ཡངས་ཅན་ནས་ནག་ཆུ་ཁ་བར་ཁལ་མ་བརྒྱ་ལྔ་བཅུ། རྟ་ལུལ་ལྔ། མེ་ཁག་བཞིའི་ཐབ་ཤིང་། རྟ་ཐབ་ཀྱི་གཡོག་བཞི། རྟ་དྲེལ་ངོ་ཡོད་ལ་བརྔ་མིན་ཁ་རྩྭ་བཀག་མེད། བཏང་མཚམས་ནས་གཟན་པ་བསྡུ་གཏོང་། ཀོ་གྲུའི་སྒྲོལ་འདོན་བཅས། གཞིས་རྩེགས་པ་རྣམས། རོང་གང་རུང་ནས་ལྷ་ས་ནས་རྫོང་སྐྱེལ་གྱི་ཁལ་མ་བརྒྱ། རྟ་འུལ་བདུན། ཞོན་པ་བརྒྱད། མེ་ཁག་དྲུག་གི་ཐབ་ཤིང་སོགས་གནང་། ༈ །ཤོང་ཐོ་དགོན་པས་ཁང་པ་སངས་རྡོར་གྱི་དགོན་གསར་ནང་དུ་མཉམ་ཚོགས་མི་དགོས་པའི་མགོ་འདྲེན་ཞུས་སྐད། ༈ ཟླ་༨ཚེས༡༣་ལ་སྡེ་དགེ་དགོན་ཆེན་དུ་ཕེབས། དགུན་ཚེ་དགོན་


JKT019_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུ་བཞུགས། དགུང་ལོ་ང་བརྒྱད་པ་ས་ཡོས་ཟླ་༡ཚེས་༡༧ སྲོད་ཡོལ་གྱི་དུས་དགའ་ལྡན་བྱམས་པའི་མདུན་སར་གཤེགས་སོ། ༈ །ལྡེབ། ༢༥༤ནས། ༢༥༨བར་ཀུན་རིག་དང་འབྱུང་འདུལ་གྱི་བསྙེན་ཐབས་ཉུང་ཙམ་རེ་ཡོད། ༈ །ལྡེབ། ༣༧༩ནས། ༣༩༩བར་འདའ་ཀའི་ཞལ་ཆེམས་སྐོར་ཞིབ་པར་སྣང་། ༈ །ལྡེབ། ༤༥༥ནས། ང ༨༦ བར་མཆོད་རྟེན་གྱི་དཀར་ཆག་སྐོར་ཞིབ་པར་ཡོད་དོ། ༈ །དཔལ་ཆོས་ནི་ངོར་འདབས་སྤེལ་གྲོང་གི་ཇ་དཔོན་ཟུར་ཁང་པའི་ཁྱིམ་དུ། ཡབ་ཀུན་དགའ་རྡོ་རྗེ་དང་། ཡུམ་དཔོན་རུ་པ་དཔལ་བུ་ཁྲིད་ཀྱི་སྲས་སུ་ཆུ་རྟ་ལོར་འཁྲུངས། ལོ་གཉིས་གསུམ་དུས་བྱང་ཆུབ་གླིང་རས་ཆུང་སྤྲུལ་པའི་སྐུས་སྐྱེས་བུ་དམ་པར་ལུང་བསྟན། ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ལས་ཚེ་དབང་ཐོབ། ལོ་བདུན་པར་ངོར་དུ་ཚུལ་ཁྲིམས་དཔལ་བཟང་ལས་རབ་ཏུ་བྱུང་། བཅོ་བརྒྱད་པ་ས་ཕག་ལོར་བྱམས་པ་བསོད་ནམས་བཟང་པོ་ལས་བསྙེན་པར་རྫོགས། བཅུ་དགུ་པ་ལྕགས་བྱི་ལོར་ཀུན་རིག་སོགས་བསྙེན་མཚམས་བཞུགས། ཉེར་གཉིས་པ་ཆུ་ཡོས་ལོར་ལྷ་སར་གནས་བསྐོར་བྱོན། རྨོར་ཆེན་ལས་ཆོས་མང་ཞིག་གསན། ཉེར་ལྔ་པ་མེ་རྟ་ལོར་ཁུ་བོ་བླ་མ་བསྟན་འཛིན་ལྷུན་གྲུབ་ཞིང་གཤེགས་པའི་དགོངས་རྫོགས་རྒྱ་ཆེར་བསྒྲུབས། ཉེར་བརྒྱད་པ་ས་བྱ་


JKT019_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལོར་སྒ་སྟོད་སྐྱུ་རའི་ཡུལ་དུ་གཏོགས་པ་དྭའུ་དང་སྒྲའི་མཚམས་ཐར་སེ་སྨོན་སྐྱིད་སྐར་དུ་ཀླུ་སྡིང་པས་ཆོས་རྗེར་གཏོང་བ་ལྟར་འབུལ་སྡུད་རྒྱ་ཆེར་མཛད། སུམ་ཅུ་པ་ལྕགས་ཕག་ལོར་སྡེ་དགེ་དགོན་ཆེན་དུ་བྱོན། བཀྲ་ཤིས་ལྷུན་གྲུབ་དང་བསྟན་པ་ཚེ་རིང་མཆོད་ཡོན་མཇལ། སངས་རྒྱས་བསྟན་པ་ལས་རྡོར་ཕྲེང་སོགས་གསན། སོ་གཅིག་པ་ཆུ་བྱི་ལོར་གྲྭ་དཔོན་སེར་སྐྱ་འདྲེས་པ་བདུན་ཅུ་སྐོར་དང་བཅས་ཟླ་༨ཚེས་༢༥ལ་ངོར་དུ་ཕེབས། ཀླུ་སྡིང་གཙོར་གྱུར་ས་ངོར་དུ་འབུལ་བསྙེན་རྒྱ་ཆེར་མཛད་ཚུལ། ལྡེབ་༧༣མཚམས་སུ་ཡོད། སོ་གཉིས་པ་ཆུ་གླང་ཟླ་༨ཚེས་ལ་ཐར་རྩེ་ནམ་མཁའ་བསམ་འགྲུབ་ཀྱིས་མཁན་ས་དགོངས་པ་ཞུས་པའི་སྐབས་རྡོ་རྗེ་འཆང་གི་ཁྲི་ལ་ཕེབས། སོ་གསུམ་པ་ཤིང་སྟག་ཟླ་བ་དགུ་པར་ལྷ་སར་ཕེབས། རྒྱལ་བ་སྐལ་བཟང་རྒྱ་མཚོ་མཇལ། གསང་འདུས་རྩ་རྒྱུད་སོགས་ཀྱི་འབྲེལ་གསན། མི་དབང་མཇལ་བ་སོགས་མཛད། ལོ་འདི་ཕྱིའི་སྐབས་མཁན་སངས་རྒྱས་དཔལ་བཟང་དང་། སྐྱོ་མདའ་བསོད་ནམས་དབང་ཕྱུག་སོགས་ལས་བཀའ་ཆོས་མང་ཙམ་གསན། སོ་བཞི་པ་ཤིང་ཡོས་ལོར་རྒྱལ་བ་སྐལ་བཟང་རྒྱ་མཚོ་བཀྲ་ཤིས་ལྷུན་པོར་ཕེབས་པ་མཇལ། ས་སྐྱ་པ་བསོད་ནམས་རིན་ཆེན་ཀྱང་རྒྱལ་བ་མཇལ་བར་ཕེབས་པ་ཡར་ལམ་ངོར་དུ་གདན་དྲངས། སོ་ལྔ་པ་མེ་འབྲུག་


JKT019_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལོར་སྡེ་དགེ་ནས་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ས་ངོར་དུ་འབུལ་འགྱེད་བསམ་ལས་འདས་པ་ཕུལ། སོ་དྲུག་པ་མེ་སྦྲུལ་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་གཤེགས། སོ་བདུན་པ་ས་རྟ་ལོར་སྡེ་དགེ་བསྟན་པ་ཚེ་རིང་གཤེགས་ཤིང་། ཕུན་ཚོགས་བསྟན་པ་དབུས་སུ་ཕེབས། ལམ་འབྲས་སོགས་སྩལ། སོ་བརྒྱད་པ་ས་ལུག་ལོར་སྡེ་དགེར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཞིང་གཤེགས་པའི་གདན་ཚབ་ཏུ་སྤྱན་དྲངས་པ་ལྟར་མཁན་སར་བྱམས་པ་བསོད་ནམས་བཟང་པོ་བསྐྱར་བཞུགས་གནང་། སོ་དགུ་པ་ལྕགས་སྤྲེལ་ཟླ་༥ཚེས་༧ལ་ངོར་ནས་ཆིབས་བཏེགས། སྒ་སྟོད་བརྒྱུད་ཟླ་༩ཚེས་༥ལ་ལྷུན་གྲུབ་སྟེང་དུ་ཕེབས། ཚེས་༨ལ་ཆོས་ཁྲིར་མངའ་གསོལ་ལོ། །ང་གསུམ་པ་ཤིང་ཁྱི་ལོར་བོད་དུ་ཕེབས། ང་བདུན་པ་ས་སྟག་ལོར་སླར་ཁམས་སུ་བྱོན། ང་བརྒྱད་པ་ས་ཡོས་ཟླ་༡ཚེས་༡༧ལ་དགའ་ལྡན་དུ་གཤེགས་སོ།། ༈ །།མི་འགྱུར་རྒྱལ་མཚན་རྣམ་ཐར་ལས། སོག་མོར་བཞུགས་སྐབས་ཡུལ་དེའི་དཔོན་སྡིག་ཅན་ཀུན་དགའ་སྐྱབས་ཞེས་པའི་ལུས་ངན་སྦལ་པའི་གཟུགས་ཅན་ཆུ་ཤིང་གི་ནང་དུ་ཡོད་པ་གནས་སྤར་ཚུལ་དང་། ས་ངན་གྱིས་ཀུ་སེ་དཔོན་ཨ་ལེན་བུ་ཁོ་བཟུང་བ་ལོ་རྒས་པ་སོགས་ཀྱིས་ཤི་ཐག་བཅད་ནས་བསྔོ་རྟེན་ཕུལ་བར། ཁོ་བར་དེ་ན་མི་འདུག་ཚུལ་ཕེབས་པ་ཕྱིས་ཚུར་སླེབས་


JKT019_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྒ་ལེན་སྟེང་གྲྭ་ཆུང་ཞིག་གཞི་བདག་གིས་བརླམས་པ་ཟླ་ཤས་བོར་བ་ཚུར་སླེབས་རྒྱུ་ཡོད་གསུངས་པ་ཕྱིས་འབྱོར་པ་སོགས་མངོན་ཤེས་རྒྱ་ཆེར་མངའ་བའི་ལོ་རྒྱུས་སྣང་། ༈ །བཀྲས་ལྷུན་རྣམ་ཐར་དུ་ཉ་ཤ་སུམ་མདོའི་ཕ་རིའི་བྲག་ཕུག་ཏུ་བིརྱ་པ་བཞུགས་པ་གཟིགས་ཚུལ། མི་འགྱུར་རྒྱལ་མཚན་རྣམ་ཐར་དུ། དྷརྨ་མདོའི་ཕ་རིའི་བྲག་ལ་སྡེ་དགེ་གྲུབ་ཐོབ་ཀྱིས་གནས་སྒོ་ཕྱེས་པའི་སེང་གེ་སྒྲའི་སྐུ་རང་བྱོན་བཞུགས་ཚུལ། ༈ །ཆོས་སྐྱོང་བཟང་པོའི་རྣམ་ཐར་དུ། མགོ་ཟི་དགོན་པའི་གནས་བདག་མགོན་པོ་ཞལ་ཡིན་ཚུལ་དང་། བླ་བྲང་དུ་སུ་བཞུགས་ལ་དཔལ་མགོན་ཞལ་ཤིན་ཏུ་འགོ་ཚུལ། དེའི་ཕ་རིའི་ནགས་ཚལ་དུ་འདོད་ཁམས་མ་བཞུགས་པས། དགོན་པ་དང་ནགས་ཚལ་ཐད་དྲང་ཡོད་ན་དར་རྒྱས་འབྱུང་རྒྱུ་ལ་རྟེན་འབྲེལ་ཅུང་ཟད་མ་འགྲིགས་པའི་ལོ་རྒྱུས་སོགས་སྣང་། ༈ །བཀྲ་ཤིས་ལྷུན་གྲུབ། མི་འགྱུར་རྒྱལ་མཚན། ནམ་མཁའ་འཆི་མེད་ཁུ་དབོན་གསུམ་བཅས་སྡེ་དགེར་ཕེབས། ཡེ་ན་བརྒྱུད་ཀོ་ཀོ་ནང་ནས་ཕེབས་སྣང་། དཔལ་ཆོས་སྒ་སྟོད་བརྒྱུད་ཟིལ་ཁོག་ནས་མར་ཕེབས། ཆོས་སྐྱོང་བཟང་པོ་ཝ་ར་དང་། རྔད་བརྒྱུད་ཛམ་ཐོག་ནས་ཡར་ཕེབས་སྣང་ངོ་།། ༈ །།བྲག་སྒོམ་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས་རྒྱུན་དུ་ཁྲབ་ཁ་རི་ཁྲོད་ཅེས་པར་


JKT019_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ཕྱིས་མཁར་དོ་དགོན་ཞེས་པ་བཏབ། གྲྭ་པ་བརྒྱ་ལྷག་འདུས། ཞོ་ལ་དགོན་པར་དུས་འཁོར་སྒྲུབ་མཆོད་སོགས་བཙུགས། རབ་བྱུང་བཅུ་བཞི་པ་རྫོགས་པའི་མེ་སྟག་ལ་གཤེགས་སྐད་ཞོལ་དགོན་གྲྭ་པ་དཀོན་མཆོག་རབ་རྒྱས་ནས་ཟེར། ཁོ་རང་ལྕགས་བྱི་ལོ་པ་ཡིན། ལོ་ཉེར་དྲུག་ཤིང་གླང་ལ་བོད་དུ་གྲ་ས་འབྲས་སྤུངས་ལ་སོང་། ད་ལྟ་སོ་གསུམ་ཡིན། དཔལ་མང་ཚང་དགུང་ལོ་དགུ་བཅུ་རྩ་གསུམ་ཙམ་ཐུབ་པ་འདྲ། སྤྱིར་དགུང་ལོ་ཤིང་སྤྲེལ་ཡིན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ལོ་སྐོར་གཅིག་གིས་བགྲེས། དཔལ་མང་གྱ་བདུན་བཞེས་པའི་ལྕགས་ཁྱི་ལོར་རྗེ་བླ་མ་བསྟན་པ་རབ་རྒྱས་ནས་ཕྱག་བྲིས་སྩལ་བ་ངོར་དུ་འབྱོར། དཔལ་མང་དང་དཀོན་མཆོག་བསྟན་པ་རབ་རྒྱས་གཉིས་ཀའི་སྤྲུལ་སྐུ་བྱོན། ཕྱི་མ་དེང་སང་དགུང་ལོ་གསུམ་ཙམ་བཞེས་སྐད། རྗེ་བླ་མ་དགུང་སྙིང་ལྕགས་བྱ་ཡིན་སྙམ། དེ་ལྟར་ན་རེ་དྲུག་ལ་གཤེགས་འདྲ།། ༈ །།ཡོངས་ཀྱི་དགེ་བའི་བཤེས་གཉེན་བྱམས་པ་ཕུན་ཚོགས་དཔལ་བཟང་པོ་ནི། མདོ་སྨད་བུ་འབོར་སྒང་གི་སའི་ཆ་ཝག་ཤུལ་གཡོན་རུ་ཞེས་གྲགས་པའི་ནང་ཚན་ཧོར་ར་རྙིང་པར། ཚལ་པ་ཁྲི་དཔོན་གྱི་བརྒྱུད་ཁྲི་དཔོན་ཚང་ཞེས་གྲགས་པའི་རིགས་བརྒྱུད་རིམ་པར་བྱུང་བ་ལས། ཡབ་ཡ་རབ་དྲ་མའི་


JKT019_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ཚུལ་ཀུན་གྱིས་དཔེར་བཞག་འོས་པ་བསོད་ནམས་རྒྱལ་མཚན་དང་། ཡུམ་ཨ་འཚོ་ཞེས་དམ་པའི་ཆོས་ལ་དཀར་བ་ཞིག་གི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་སྤྲེའུའི་ལོར་འཁྲུངས། དགུང་ལོ་བཅུ་གཅིག་པར་ལི་ཐང་མཁན་ཆེན་ཁྲི་རབས་སོ་གསུམ་པ་རྡོ་རིང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་དགེ་ཚུལ་བཞེས། མཚན་བྱམས་པ་ཕུན་ཚོགས་སུ་གསོལ། ལི་ཐང་གཞི་པ་ཁང་ཚན་དུ་ཞུགས་ནས། དགོན་དེའི་འདོན་ཆོག་སྐོར་དང་། ཕྱག་ལེན་བྱང་ཆུབ་པ་དང་། རྒྱན་འཇུག་སོགས་ཐུགས་ལ་བྱང་བར་བཟུང་། བསྡུས་གྲ་མཐར་ཕྱིན་པར་མཛད། དུས་དེ་ཙམ་ནས་མཁས་པ་རྣམས་ཡིད་འཕྲོག་པའི་རྣམ་དཔྱོད་ཕུལ་དུ་བྱུང་བ་མངའ། དེ་སྐབས་སྔ་ཕྱིར་མོ་ལ་མཁན་རིན་པོ་ཆེས་བློ་གྲོས་འབྱུང་གནས་ལི་ཐང་གི་མཁན་སར་ཕེབས་པའི་ལུང་བསྟན་ཀྱང་གསལ་བར་གནང་། རྡོ་རིང་རིན་པོ་ཆེ། མོ་ལ་མཁན་ཆེན། རྟ་མགྲིན་གྱི་གྲུབ་ཐོབ་རྒྱལ་སྐོར་བསོད་ནམས་མཁས་མཆོག་སོགས་ལས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་པར་བོད་དུ་ཕེབས། འབྲས་སྤུངས་སྒོ་མང་དུ་ཞུགས། ཐོག་མར་ཕར་ཕྱིན་དོན་བདུན་གྱི་གཞུང་གསར་བཞེས་ནས་རིམ་པར་ཕར་ཕྱིན། དབུ་མ། མཛོད། རྣམ་འགྲེལ། འདུལ་བ་བཅས་ལ་ཚིག་དོན་གཉིས་


JKT019_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་བྱང་ཆུབ་པ་དང་། རྗེའི་ལམ་རིམ་ཆེན་མོ་སོགས་ཐུགས་ལ་བཟུང་། དེའང་ཐོག་མར་འཛིན་གྲྭ་གཞུང་གསར་པ། དེ་ནས་གཞུང་ཤོད། སྐབས་དང་པོ། ཕར་ཕྱིན་དོན་གང་ཆེའི་འཛིན་གྲྭ་བཅས་ལོ་བཞིའི་རིང་ཕར་ཕྱིན་དང་། དེ་ནས་དབུ་མ་གསར་རྙིང་ལ་ལོ་གཉིས། མཛོད་ལ་ལོ་གཅིག །བཀའ་རམ་འོག་ལོ་གཅིག་གི་ཚེ་རྣམ་འགྲེལ་དང་། འདུལ་བ་གཞི་བསྟོད་བཅས་ལ་ཐུགས་སྐྱོར་མཛད། དེ་ནས་བཀའ་རམ་གོང་མར་ལོ་གཅིག་བཞུགས་པའི་རིང་སྔར་གསན་སྦྱོང་མཛད་པ་རྣམས་ལ་ཐུགས་ཞིབ་དཔྱིས་ཕྱིན་པར་མཛད། དགུང་ལོ་སོ་གཉིས་པར་འབྲས་སྤུངས་ཚོགས་ཆེན་དུ་རྡོ་རམ་པའི་དམ་བཅའ་བཞེས་ནས་དཔལ་ལྡན་སྨད་རྒྱུད་པར་ཞུགས་ནས་ལོ་ངོ་གཉིས་བཞུགས་ཏེ། རྒྱུད་པ་མཁན་ཆེན་རྒྱ་མཚོ་བསྟན་དར་ལས་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་སོགས་སྔགས་ཀྱི་གཞུང་ལ་གཙོ་བོར་སྦྱངས། རྒྱུད་གཏད་པའི་འགྲེལ་དབང་སྐབས་ལན་གསུམ་བར་དུ་བསྐྱར་བ་སོགས་ཐུགས་ཀྱི་སྲས་སུ་དགོངས་པར་མཛད་པ་སོགས་གཟེངས་བསྟོད། དགུང་ལོ་ཉེར་གསུམ་པར་པཎ་ཆེན་ཐམས་ཅད་མཁྱེན་པ་ལས་བསྙེན་པར་རྫོགས། འཇིགས་བྱེད་དཔལ་བོ་གཅིག་པའི་དབང་ཆེན་སོགས་གསན་པས་མཚོན། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་ལས་འཇིགས་བྱེད་དབང་


JKT019_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསན། བྱང་ཆུབ་ནོར་བུ་ཞེས་མཚན་བཏགས། རྩ་བའི་བླ་མ་ཁྲི་ཆེན་ངག་དབང་ཆོས་འཕེལ་ལས་རྡོ་རྗེ་ཕྲེང་བ་དང་། སྒྲུབ་ཐབས་རྒྱ་མཚོ་སོགས་ཀྱི་དབང་ཆེན་ཡོངས་རྫོགས་གསན་ཅིང་། ཁྱད་པར་ལེགས་བཤད་སྙིང་པོའི་བཤད་ལུང་རྒྱས་པར་གསན་པ་ལ་བརྟེན་ཟབ་མོ་དབུ་མའི་ལྟ་བ་ཁོང་དུ་ཆུད་པའི་ཚུལ་བསྟན། ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་ལས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ངེས་ཁྲིད་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཟུར་བཀའ། ཁྲི་ཆེན་བློ་བཟང་ལྷུན་གྲུབ་ལས་ལམ་རིམ་ཆེན་མོའི་བཤད་ལུང་དང་། གཞུང་པ་རི་ཁྲོད་པ་དཀོན་མཆོག་དར་རྒྱས་ལས་ལམ་རིམ་ཆེན་མོ་ཚར་གཅིག་དང་། བདེ་ལམ། བྱམས་པའི་འཕོ་ཁྲིད་སོགས། གཙང་པ་མཁན་ཆེན་སྤྲུལ་པའི་སྐུ་ལས་འཇིགས་བྱེད་དཔའ་གཅིག་དབང་ཆེན་སོགས་དང་། གཞན་ཡང་དབང་རྗེས་གནང་མང་བར་གསན། ཀླུ་འབུམ་ལྷ་རམ་པ་ལས་རྒྱུད་བླ་མའི་རིགས་ཀྱི་སྐབས་གསན་པས་གསུང་རབ་ལ་གོ་བ་སོགས་ཐོན་པའི་ཚུལ་བསྟན། དགུང་ལོ་སོ་གསུམ་པར་ཕྱིར་ཕེབས་ནས་ལི་ཐང་ཚོགས་ཆེན་དུ། །དམ་བཅའ་མཛད། འཁོར་ལོ་བདེ་མཆོག་གི་གནས་སུ་གྲགས་པ་བསོད་ནམས་བཀོད་པའི་བྲག་དཀར་རི་ཁྲོད་དུ་བཞུགས་ནས་དམ་པའི་ཆོས་འདུལ་བའི་ཕྱག་བཞེས་ཁྱད་པར་ཅན་གཙོ་བོར་བཏོན་པའི་


JKT019_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲུབ་སྤེལ་མར་མཛད། ཁྱད་པར་ཟབ་མོ་དབུ་མའི་ལྟ་བར་ཐུགས་ངེས་འཁྲུངས་པས་ཉམས་མགུར་ཁྱད་པར་ཅན་མཛད། བར་ཆད་ཀྱི་མཚན་མ་ཅུང་ཟད་གཟིགས་པར་སྒྲོལ་མ་འབུམ་ཐེར་བཅུ་གསུམ་དང་། མགོན་པོའི་གཏོར་སྒྲུབ་བརྒྱ་རྩ་བརྒྱད་སོགས་མཛད། དགུང་ལོ་སོ་བརྒྱད་པར་རི་ཁྲོད་དེར་འབྲུམ་ནད་མཆེད་པ་ལ་བརྟེན། རྡོར་གྱི་གཡག་རྭ་ཕུག་ཏུ་བཞུགས་རྗེ་རིན་པོ་ཆེའི་བླ་མའི་རྣལ་འབྱོར་རྒྱས་པ་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་ཞེས་པའང་གསུང་རྩོམ་དུ་གནང་ནས་ཚོགས་ལ་འཛུགས་པར་ཡང་གནང་། དེ་ནས་ལོ་ཤས་ལི་ཐང་དགོན་ཆེན་རང་དུ་བཞུགས་ནས་ལམ་རིམ་ཆེ་ཆུང་བཤད་ལུང་། འཇིགས་བྱེད་དང་དུས་འཁོར་དབང་ཆེན་སོགས་དང་། ནག་ཟླར་དུས་འཁོར་གྱི་སྒྲུབ་མཆོད་གསར་འཛུགས་སོགས་བཤད་སྒྲུབ་སྤེལ་བར་མཛད། དགུང་ལོ་ཞེ་གཉིས་པའི་དགུན་ཀ་གླང་ལོའི་མཇུག་ཀཾ་པོ་གནས་ནང་དུ་ཕེབས་ནས་འཁོར་ལོ་བདེ་མཆོག་ལུགས་དེ་རྩེ་གཅིག་ཏུ་གནང་། དངོས་གྲུབ་ཁྱད་པར་ཅན་བརྙེས་པའི་ཚུལ་བསྟན་ཅིང་བསྟོད་ཆེན་ཁྱད་པར་ཅན་མཛད་ཀྱང་ཕྱིས་དཔེ་རྒྱུན་མི་སྣང་། དགུང་ལོ་ཞེ་གསུམ་པར་སླར་ལི་ཐང་དུ་ཕེབས། དེ་སྐབས་མཁན་པོའི་ཟློས་གཞི་ལྟ་བུ་བྱུང་བས། ཞེ་བཞི་པར་སྡེ་དགེའི་ཕྱོགས་སུ་ཕེབས།། ༈ །།ལོ་ཆེན་ཚེ་དབང་ཀུན་


JKT019_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱི་རྣམ་ཐར་ས་བོན་ཙམ་དུ་སྤེལ་བ་བཞུགས་སོ། །ཨོཾ་སྭ་སྟི། འཇམ་མགོན་སི་ཏུ་རིན་པོ་ཆེ་བསྟན་པའི་ཉིན་བྱེད་ཀྱི་སློབ་མ་ལོ་ཆེན་ཚེ་དབང་ཀུན་ཁྱབ་ནི། བོད་ཆེན་པོའི་སའི་ཆ་མདོ་ཁམས་ཟལ་མོ་སྒང་དང་། སྨར་ཁམས་ཀེ་རེ་སྒང་གི་བར་འོག་མིན་ཀརྨའི་དགོན་དང་ལམ་བར་ཕྱེད་ཀྱིས། འབེ་རྫ་ཉིད་དམ་ཐོག་སྒང་དུ། ཨ་ལྕགས་འབྲུ་ཡི་རུས་ལས། འབེ་སྤོ་རུ་བྱམས་ཆོས་པ པ་བསོད་ནམས་རྒྱལ་མཚན་གྱི་ཐུགས་སྲས། འཇམ་དབྱངས་གོང་མ་ཆེན་པོའི་ལུང་ལས་ཀྱིས་མངོན་པར་མཐོ་བ་དེ་སོགས་དམ་པའི་སྐྱེས་བུ་མང་དུ་བྱོན་པའི་ཕྱི་མ། འབེ་སྒྲོལ་མ་མགོན་དང་། ཆོས་བློན་ཐོན་མིའི་གདུང་རིགས་བསོད་ནམས་སྒྲོན་མའི་སྲས་སུ་ས་ཕོ་ཁྱིའི་ལོ་རྒྱལ་ཟླ་བར་འཁྲུངས། ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་ཀརྨ་རྡོ་རྗེར་བཏགས། དགུང་ལོ་བདུན་པའི་དུས་ཟུར་མང་བྱ་བཏང་བསྟན་འཛིན་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་གསན། མཚན་ཀརྨ་ཀུན་ཁྱབ་ཅེས་སྩལ། ཁམས་སྤྲུལ་རིན་པོ་ཆེ་ལས་དཀོན་མཆོག་སྤྱི་འདུས་ཀྱི་དབང་གསན། དགུང་ལོ་དགུ་པར་ཡོས་བཀྲ་ཤིས་ཟུར་མང་དགོན་དུ་རང་གི་མེས་པོ་མཁས་པའི་དབང་པོ་འབེ་འཇམ་དབྱངས་སམ་སངས་རྒྱས་རིན་ཆེན་པའི་དྲུང་དུ་བྱོན། ཀར་ལུགས་ཀྱི་སྒྲུབ་དཀྱིལ་རྣམས་ཐུགས་ལ་བཟུང་།


JKT019_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་པར་མཁས་དབང་དེ་ཉིད་ལས་སྐར་རྩིས་དང་། བཅུ་གསུམ་པར་སྒྲ་ཀ་ལཱ་པ་དང་། སྡེབ་སྦྱོར་རིན་འབྱུང་། སྐུ་ཞང་རྗེ་སྟོད་ཚེ་དབང་གྲགས་པ་ལས་སྨིན་གླིང་ལོ་ཆེན་གྱི་སྤྱི་དོན་སྟེང་ནས་སྐར་རྩིས་ཀྱི་གོ་བ་དཔྱིས་ཕྱིན་པར་གསན། བཅོ་ལྔ་པར་ཟུར་མང་ཆེ་ཚང་སྤྲུལ་སྐུ་གྲགས་པ་ཁྲི་འདོན་གྱི་ཆེད་འཇམ་མགོན་ཆོས་ཀྱི་འབྱུང་གནས་ཕེབས་པ་ཐོག་མར་མཇལ། རྡོ་ནང་དུ་ཐུགས་རྗེ་གསང་འདུས་ཀྱི་སྒྲུབ་པ་ཟླ་བ་དྲུག་ཅུ་བཞུགས། སྔགས་འཆང་སྙིང་པོ་ལས་ཆགས་མེད་རིན་པོ་ཆེའི་གཏོ་ཚོགས་སྐོར། འཇམ་དབྱངས་ལས་དཀྱིལ་འཁོར་ཟི་ཐིག །ཟུར་མང་གཅོད་ཁྲིད། ཟུར་མཁར་ཀིང་ནག །གཤིན་རྗེ་ཁྲོ་ཆུ། མཉན་སྤྲུལ་ལས་རཏྣའི་ཐུགས་རྗེ་གསང་འདུས་དབང་ཆེན་སོགས་གསན། བར་སྐབས་སུ་གཏོ་ཆོག་ཀྱང་མང་དུ་མཛད། ཆགས་མེད་མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་ལས་ཀྱང་དབང་ལུང་འགའ་རེ་གསན། དབོན་བླ་བདེ་མཆོག་སྐྱབས་ལས་ཕྱག་བཞི་པའི་མདོས་ཆེན་བརྒྱད་ཅུ་སོགས་ཀྱི་ཕྱག་ལེན་བསླབ། གཅོད་ཀྱི་བསྐྱེད་རིམ་དང་། རུ་པའི་ཟིན་བྲིས་སྟེང་ནས་ཀར་ལུགས་ཀུན་རིག་གི་ལྷ་ཁྲིད་སོགས་གསན། འཇམ་དབྱངས་ལས་སྙན་ངག་མེ་ལོང་། ཆགས་མེད་ནག་རྩིས། ཚེ་དབང་གྲགས་པ་ལས་དབྱངས་འཆར་རྒྱན་མེ་དང་། བེ་དཀར་ནག་རྩིས་


JKT019_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར། ཞྭ་ལུའི་སུམ་རྟགས་འགྲེལ་པ། ས་བདག་ཉེས་སེལ་གྱི་ལག་ལེན། སླར་ཡང་བླ་མ་འཇམ་དབྱངས་ལས་རྩ་རྒྱུད་རྡེལ་འགྲེལ་སོགས་སྨན་སྐོར་འགའ་རེ་དང་། བདེ་རྩེའི་སློབ་དཔོན་ཨ་སེང་ཆོས་གྲགས་ལས་ཀར་ལུགས་ཀུན་རིག་གི་ལྷ་ཁྲིད་དང་ཕྱག་རྒྱ་འཆིང་ཚུལ། བདེ་མཆོག་ལྷ་ལྔའི་གོ་ཁྲིད། ངོར་ལུགས་གཞལ་ཡས་ཁང་གི་བློས་བསླང་གི་གོ་ཁྲིད། བླ་མ་བདེ་མཆོག་སྐྱབས་ལས་ཟུར་མང་སྙན་བརྒྱུད་འཁོར་ལོ་ལྔ། ཟུར་མང་ལུགས་ཀྱི་སྐོང་པོད། ཕྱག་བཞི་པའི་མདོས་ཡིག་པད་སྨུག །རྩ་འཕྱང་། སྒ་འཕྱང་ཆེ་ཆུང་སོགས་གསན། ཟུར་མང་དྲུང་སྤྲུལ་རིན་པོ་ཆེས་བསྐུལ་ནས་མདོས་ཆེན་གྱི་ཟིན་བྲིས་ཀྱང་མཛད། དགུང་ལོ་བཅུ་དྲུག་པར་སི་ཏུ་འཇམ་མགོན་རིན་པོ་ཆེ་ལས་སྒྲུབ་ཐབས་རྒྱ་མཚོ། ཀར་ལུགས་བདེ་མཆོག །ཕག་མོ། ཀུན་རིག་རྣམས་གསན། ལྷ་ཐོག་བླ་མ་བསྟན་འཛིན་དབང་ཕྱུག་ལས་སྨིན་གླིང་བཀའ་བརྒྱུད་ལུང་དང་ཕྱག་ལེན་བསླབ། ཟུར་མང་ཁྲི་སྤྲུལ་བློ་བཟང་རྣམ་རྒྱལ་ལ་སྒྲ་ཀ་ལཱ་པའི་རི་མོ་སྩལ་ཞིང་། ཕུར་པའི་སྐར་རྩིས་འགའ་རེ་ཚུར་གསན། གར་དབང་སྤྲུལ་པའི་སྐུར་ཚེ་བདག་གི་ལུང་དང་དབང་བཀའ་ཁ་ཤས། བདེ་མཆོག་ཡབ་བཀའི་དབང་། སྔགས་འཆང་པད་དྲག་ལས་འཇིགས་བྱེད་མེའི་སྤུ་གྲི། རོལ་པའི་རྡོ་རྗེའི་ཕྱག་རྡོར་དབང་།


JKT019_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་གཏེར་སྐོར་གྱི་ལུང་སོགས་གསན། ཁྲ་ལེབ་སྤྲུལ་པའི་སྐུར་ཀ་ལཱ་པའི་མིང་ལེ་ཡན་དང་། སྡེབ་སྦྱོར་རིན་འབྱུང་གི་ཕྱེད་ཙམ་བསླབ་པར་མཛད། ཁྲ་འགུའི་འདུས་སྡེར་ཀར་ལུགས་ཀུན་རིག་གི་ཕྱག་ལེན་སྩལ། འབྲུག་ཡོངས་འཛིན་རིན་པོ་ཆེར་ཕྱག་ཆེན་མགྱོགས་ཁྲིད་ཞིག་གསན། དེ་ནས་དཔལ་སྤུངས་སུ་ཕེབས། རྗེ་དབོན་ངེས་ལེགས་བསྟན་འཛིན་ལས་རྩིས་དང་། སྙན་ངག་གི་སྐོར་གྱི་དྲི་བ་དང་། རྔོག་ལུགས་དགྱེས་རྡོར་དབང་སོགས་གསན། སླར་ཡར་ཕེབས་ནས་ར་ཤུལ་དཔོན་ཚང་སྲས་ནམ་མཁའ་དབང་ཕྱུག་ལ་བེ་དཀར་སྟེང་ནས་གྲུབ་རྩིས་གཟའ་ལྔ་བཅས་དང་། དཔོན་ལྷ་རྒྱལ་ལ་སྙན་ངག་གི་བཤད་པ་གནང་། གར་དབང་པར་ཀུན་རིག་གི་ལྷ་ཁྲིད། དབོན་ཀརྨར་ས་བདག་ཉེས་སེལ་དང་། ཀིང་ཀང་དགྲ་མནན་གྱི་ལག་ལེན་སོགས་ཕུལ། དགུང་ལོ་ཉི་ཤུ་པར་སི་ཏུ་རིན་པོ་ཆེ་ལས་ཀ་ལཱ་པའི་སི་སོགས་དང་། འགྲེལ་པ་ཚིག་ཟླའི་རྟགས་བསྡུ་སོགས་གསན། ཉེར་གཅིག་པ་ས་རྟ་དབོ་ཟླའི་ནང་བསྙེན་པར་རྫོགས་ཤིང་། མཚན་ཀརྨ་ཚེ་དབང་ཀུན་ཁྱབ་ཅེས་སྩལ། ཞྭ་དམར་སྤྱན་སྔའི་ཡིག་སྟེང་ནས་རླུང་སེམས་གཉིས་མེད། གཉུག་ལ་པཎ་ཆེན་ཡིག་སྟེང་ནས་སྒྲོལ་དཀར་ཚེ་ཁྲིད། རིག་འཛིན་ཚེ་དབང་ནོར་བུའི་བདེ་ཆེན་ཞིང་སྐྱོང་གི་ཁྲིད་སོགས་གསན། སྙན་ངག་


JKT019_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོགས་དཔྱོད་སོགས་ཞུས། རྗེ་སྟོད་ཚེ་དབང་གྲགས་པ་ལ་རྟགས་བསྡུ་དང་། རྒྱ་རྩིས་གསར་མའི་སྐོར་སོགས་སྩལ། སི་ཏུ་རིན་པོ་ཆེར་རྒྱའི་ལིའུ་ཐུའི་སྐོར་དང་། གནས་བརྟན་བཅུ་དྲུག་སོགས་མཁོ་དབང་འགའ་རེ་དང་། དབོན་ཀརྨ་ངེས་ལེགས་བསྟན་འཛིན་ལས་མ་མགོན་འཁོར་ལྔའི་རྗེས་གནང་སོགས་གསན། འཇམ་མགོན་བླ་མའི་བཀའ་ཕེབས་བཞིན་རྒྱལ་རོང་ཚ་ཀོར་དུ་ཕེབས། ཕྱོགས་དེར་མཁྱེན་ནུས་ཀྱི་འཇུག་པས་ཕྲིན་ལས་ཀྱི་སྒོ་བྱེ་ཞིང་གཞན་ཕན་རྒྱས། ཡར་ལམ་རྡོ་སྨད་ཀ་ནང་དུ་སི་ཏུ་རིན་པོ་ཆེ་མཇལ། རྙེད་པ་ཐམས་ཅད་ཕུལ། མ་མགོན་འཁོར་ལྔ་དང་བཅས་པའི་རྗེས་གནང་དང་། རིན་འབྱུང་ལས་ཤཱཀྱ་རཀྵི་ཏའི་མན་ངག་གི་རྗེས་གནང་རྣམས་གསན། དཔལ་སྤུངས་སུ་ཕེབས་སྐབས་ཙཱནྡྲ་བར་སློབ་གཉེར་དགོས་ཚུལ་དང་། པཎྜི་ཏའི་མཚན་གྱི་ཅོད་པན་སྩལ། འཆི་མེད་མཛོད་དང་མེ་ལོང་གི་གསུང་བཤད་གསན་ཅིང་ཟིན་ཐོར་བཏབ། ཙནྡྲ་པའི་ས་རིས་གསན། དབོན་ཀརྨ་ལས་འཇམ་དཔལ་གསང་ལྡན་མ་གཏོགས་པའི་རྔོག་དཀྱིལ་དང་། གཤེད་དམར་ལྷ་ལྔ། རཏྣའི་བླ་མ་ཞི་དྲག །གཡུ་ཐོག་བླ་སྒྲུབ་སོགས་དང་། བསམ་འཕེལ་ལས་དཔའ་བོའི་སྒྲོལ་དཀར་གྱི་ཆོ་ག་འདོད་འཇོ་བུམ་བཟང་གི་དབང་སོགས་གསན། སི་ཏུ་རིན་པོ་ཆེས་ཛ་ཐོག་ཏུ་བུམ་སྒྲུབ་


JKT019_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྐབས། ལྷ་ཐོག་རྗེ་དྲུང་བསྟན་འཛིན་དབང་ཕྱུག་ལས་སྨིན་གླིང་པའི་བཀའ་བརྒྱད་སྒྲུབ་ཆེན་གྱི་ལག་ལེན། དབྱངས་རོལ། ཉུ་ལེའི་སྐྱོད་འཆམས་བཅས་བསླབ་ཅིང་ཕྱག་ལེན་པ་མཛད། གར་དབང་རིན་ཆེན་ལས་རཏ་གླིང་ཐུགས་སྒྲུབ་ཞི་དྲག །ཐུགས་རྗེ་ཆེན་པོ། ཚེ་སྒྲུབ་གསང་འདུས། རྟ་མགྲིན། ཕུར་པ་རྣམས་ཀྱི་དབང་ཆེན། མ་ནིང་སྲོག་དབང་། རོལ་རྡོར་ཕྱག་རྡོར་ཞི་དྲག་དང་། ཁྲོ་རོལ། དྲག་ཁྲོས་སོགས་ཀྱི་དབང་ལུང་གསན། གཞན་ཡང་སི་ཏུ་རིན་པོ་ཆེ་ལས་སྔ་ཕྱིར་ཙནྡྲ་པའི་གོ་ཁྲིད་ཚར་བཞི་ལྔ། འདོད་འཇོའི་གོ་ཁྲིད་ཚར་གསུམ། ཤིང་གི་སྡེ་ཚན་སོགས་ཀྱི་སྐབས་སུ་རྣམ་བཤད་བདུད་རྩི་ལས་བྱིངས་སྒྲུབ་ཕལ་ཆེར་གསན། ཀ་ལཱ་པའི་བྱིངས་མདོའི་འགྲེལ་པ་བསྒྱུར་བར་བསྐུལ་ཞིང་དཀའ་གནས་རྣམས་དང་། པཱ་ཎི་པའི་རིག་བྱེད་སྒྲ་སྒྲུབ། འགྲེལ་མཁས། སྡེབ་སྦྱོར་ཐོས་ཆུབ་འགྲེལ་པ། འབྲས་རྩིས་མྱུར་རྟོགས་དང་རིན་ཆེན་ཕྲེང་བ་སོགས་བསྒྱུར་བར་ཞུས་ཤིང་གསན། སྡེབ་སྦྱོར་དམར་སེར་ཅན་གྱི་འགྲེལ་པ་རྒྱལ་བའི་ལྷས་མཛད་པ་ཕལ་ཆེར་རྒྱ་དཔེའི་སྟེང་ནས་གསུང་བཤད་ཞུས་ཤིང་དཀའ་གནས་རྣམས་ཟིན་བྲིས་སུ་མཛད། གསར་འགྱུར་རྒྱ་ནག་ལུགས་ཀྱི་རྩ་དཔྱད་དང་། སྨན་ཁ་ཤས་སོགས་གསན་ཅིང་། གསོ་རིག་ལ་དོགས་གཅོད་


JKT019_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་མཛད། རྣམ་སྲས་ཀྱི་དབང་། རིན་འབྱུང་ལས་རིག་གཏད་དུ་མ། དྭགས་པོའི་ཐར་རྒྱན་སོགས་ལུང་། རང་བྱུང་བའི་ནང་དོན། སྙིང་པོ་བསྟན་པ། རྣམ་ཤེས་ཡེ་ཤེས་འབྱེད་པ། དབུ་མ་རྒྱན། རྗེ་དགུ་པའི་འཇུག་ཊཱིཀ །མདོ་སྡེ་རྒྱན། པད་དཀར་སྡོམ་གསུམ། མངོན་པ་མཛོད་སོགས་ཀྱི་བཤད་པ། ཐལ་རང་དང་། གཞན་སྟོང་སོགས་ཀྱི་དབྱེ་བ་དང་སྙིང་པོའི་གནད། མར་ལུགས་འཇིགས་བྱེད་ལྷ་དགུ་དང་། ཇོ་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང་། ཡེ་ཤེས་རྒྱ་མཚོའི་ཟིན་བྲིས་སྟེང་ནས་འཇིགས་བྱེད་སྙན་བརྒྱུད་ཁྲིད་རགས་རིམ། དུས་འཁོར་ཇོ་ལུགས་དང་བུ་ལུགས་ཀྱི་དབང་། སྦྱོར་དྲུག་གི་ཁྲིད། རྫོགས་ཆེན་སྙིང་ཏིག་གི་ཁྲིད། བདེ་མཆོག་སྟོད་འགྲེལ། དྲིལ་བུ་ལུས་དཀྱིལ། མ་ཧཱ་མཱ་ཡ། དགྱེས་རྡོར་མན་ངག་ལུགས། གྲྭ་ལོ་ལུགས་དང་། མི་བསྐྱོད་པའི་མགོན་པོ་ཕྱག་བཞིའི་དབང་། ཞི་སྦས་ལུགས་ཀྱི་ཕྱག་བཞི་པ་དང་། དཔྱལ་ལུགས་ཕག་མོ། ཇོ་ནང་ཁྲིད་བརྒྱའི་ཟབ་ཁྲིད་སོགས་གསན། གཏེར་སྲས་ཆོས་སྐྱོང་དཔལ་ལྡན་ལས་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད། རྟ་ཕྱག་ཁྱུང་གསུམ་གཅིག་དྲིལ། བཀའ་བརྒྱད་ཀྱི་དབང་། བཀའ་འདུས་དང་། ཀློང་གསལ་སྐོར་གྱི་ལུང་སོགས་གསན། ཡང་སི་ཏུ་རིན་པོ་ཆེས་ཚོགས་ཆེན་ལ་གནང་བའི་ཞར་དུ་དཔལ་


JKT019_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་སྤུར་མའི་འདོན་ཆོག་ཚང་མ། སྒར་བསང་། ཟུར་གཅོད་རྣམས་ཀྱི་ལུང་། ཕྱག་ཆེན་ཞི་ལྷག་ཡན་གྱི་ཁྲིད། ཕག་མོའི་སྐུ་གསལ་བཏབ་པ་ཡན་གྱི་ལྷ་ཁྲིད། རྒྱལ་བ་རྒྱ་མཚོ་ལྷ་དགུའི་ལྷ་ཁྲིད། ཟུར་ལུགས་གཅོད་ཚོགས་ཀྱི་བསྐྱེད་རིམ་ཁྲིད། ཆབ་གཏོར་བརྒྱ་རྩ། གྲུལ་གཏོར། འབྱུང་བཞི། ཇི་སེར་ནག་དཀར་གསུམ། ཆུ་སྦྱིན་དང་བཅས་པའི་གསུང་ཁྲིད་རྣམས་གསན། རྒྱ་ཡེ་ཤེས་རྡོ་རྗེའི་སྤྲུལ་པའི་སྐུ་འབྲུག་པ་ཕྲིན་ལས་ཤིང་རྟ་ལས་གསན་པའི་ཇོ་ནང་པའི་བདེ་མཆོག་འཇམ་རྡོར། མེ་ཏྲི་བཅུ་གསུམ་མ། གསང་འདུས་འཇམ་རྡོར། གངས་དཀར་ལས་བརྒྱུད་པའི་མཁའ་འགྲོ་རྒྱ་མཚོའི་དབང་། གྲུབ་ཐོབ་བརྒྱད་ཅུའི་རྗེས་གནང་། འབྲུག་ལུགས་བླ་མ་མཆོད་པའི་དབང་སོགས་གསན། ཁོང་ལ་སྒྲ་སྙན་གྱི་དོགས་གཅོད་མཛད། བྲག་ཤི་བླ་མ་ལས་པཎ་ཆེན་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་རྡོར་ཕྲེང་གི་དབང་། ཕྲིན་ལས་པའི་རྡོར་ཕྲེང་དང་། རྡོ་རྗེ་ཉི་སྣང་གི་ལུང་། བྱ་བཏུས་ཀྱི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་དབང་། རྗེ་དབོན་ཀརྨ་ལས་ཆགས་མེད་ཆོག་བསྒྲིགས་སྦྱོང་དཀྱིལ་བཅུ་གཉིས་དབང་། ཉིད་ཀྱིས་མཛད་པའི་སྡོམ་གསུམ་གྱི་ལུང་སོགས་གསན། སླར་ཡང་རྒྱལ་རོང་དུ་ཇོ་ནང་བཀའ་འབུམ་གྱི་ལུང་སོགས་གསན་པར་སི་ཏུ་རིན་པོ་ཆེས་ཆེད་


JKT019_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མངགས་ལྟར་ཕེབས། ཀུན་བཟང་དབང་པོའི་དབོན་པོ་བླ་མ་ཀུན་དགའ་རྣམ་རྒྱལ་གྱི་དྲུང་དུ་ཇོ་ནང་སྒྲོལ་མགོན་གྱི་བཀའ་འབུམ་རྣམས་ཀྱི་ལུང་། སྒྲུབ་ཐབས་རིན་འབྱུང་ཕལ་མོ་ཆེ། རྒྱལ་ཐང་ལུགས་ཀྱི་གཅོད་ཁྲིད། བླ་མ་འཇམ་པའི་རྡོ་རྗེའི་དྲུང་དུ་དུས་འཁོར་གྱི་ཕྱག་ལེན། འཇིགས་མཛད་དྲུག་ཅུ་པ། མདེལ་ཐུང་བཞི་བཅས་ཀྱི་ཕྱག་ལེན། ལྷ་དབང་གྲགས་པ་དང་། ཡེ་ཤེས་རྒྱ་མཚོའི་རེག་ཟིག་གཉིས་ཀྱི་སྟེང་ནས་འཇིགས་མཛད་སྙན་བརྒྱུད་ཀྱི་ཁྲིད། སྒྲུབ་ཆེན་རྟ་ཁལ་མའི་ཕྱག་ཆེན་སོགས། རྒྱལ་སྲས་རིན་རྣམ་སློབ་མ་བླ་རྒན་འགྱུར་མེད་ཆོས་དབང་ལས་སྒྲུབ་ཐབས་འདོད་བུམ་ཕལ་ཆེར་དང་། གཤིན་རྗེ་དྲེགས་འཇོམས། ཡེ་ཤེས་རབ་འབར། རོང་པོ་ཀརྨ་རིག་འཛིན་ལས་ཕུར་པ་ཇོ་མོ་ལུགས་ཀྱི་དབང་སོགས་གསན། ཕུན་ཚོགས་རྫོང་དུ་རྣམ་རྒྱལ་སྟེང་གི་ཀར་དགོན་བཙུགས། བཙུན་ཁྲལ་བརྒྱ་བསྡུས་ནས་རབ་ཏུ་བྱུང་། བདེ་མཆོག་སོགས་ཉེར་མཁོའི་དབང་ལུང་སོགས་མཛད། ཡར་ཕེབས་ནས་ཁྲ་མགུར་རྡོ་རྗེ་གདན་བཞིའི་ཡབ་བཀའ་རྣལ་འབྱོར་ནམ་མཁའ་དང་། རྔོག་ལུགས་དགྱེས་རྡོར་ལྷ་དགུ། གཤེད་དམར་ལྷ་ལྔ་རྣམས་ཀྱི་དབང་བསྐུར་ཞིང་ཆོ་ག་བཙུགས། ཁྲ་ལེབ་སྤྲུལ་པའི་སྐུར་སྒྲུབ་ཐབས་རིན་འབྱུང་ཕལ་ཆེར། འཇིགས་བྱེད་རོ་ལངས་བརྒྱད་སྐོར་སོགས་


JKT019_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། སྐྱེ་རྒུ་སངས་རྒྱས་ཆོས་གྲགས་ལས་ཐེག་ཙེའི་རྗེས་གནང་གསན། དཔལ་སྤུངས་སུ་ཕེབས་ནས་སི་ཏུ་རིན་པོ་ཆེ་མཇལ། ཧྭ་ཤང་ཐར་མཆོག་ལས་གསན་ཏེ། རྒྱའི་འབྲས་རྩིས། ནག་རྩིས། ས་བདག་ཁྲམ། ཚེ་རྩིས། མཁས་པ་ཆེན་པོ་རོ་སྤུ་གསན་གསིན་གྱིས་བསྒྲིགས་པའི་ས་དཔྱད་སྐོར་རེའུ་མིག་བཅས་པུསྟི་ཀ་གཅིག་རྣམས་གསར་དུ་བསྒྱུར། ས་དམིགས་སྐོར་པུསྟི་གཅིག་གི་མཛུབ་ཁྲིད་ཀྱང་གསན། དེ་ནས་ཞྭ་དམར་བཅུ་པའི་ཡོངས་འཛིན་གྱི་ཚུལ་དུ་དབུས་སུ་བྱོན། ཡངས་པ་ཅན་གྱི་དཔེ་མཛོད་མཇལ། ཀརྨ་པ་བདུད་འདུལ་རྡོ་རྗེ་དང་། དཔའ་བོ་གཙུག་ལག་དགའ་བ་སོགས་མཇལ་ཞིང་ཆོས་འབྲེལ་གསན། ཞྭ་དམར་རིན་པོ་ཆེར་སྟག་ལོའི་གྲུབ་མཐའ་ཀུན་ཤེས་ཀྱི་ཕྱེད་ལྷག་ཙམ་མཛུབ་ཁྲིད་ཕུལ། གཙང་དུ་ཕེབས་པའི་ཞབས་ཕྱིར་བྱོན། པཎ་ཆེན་རིན་པོ་ཆེ་དང་། བླ་མ་བྱམས་པ་སོགས་མཇལ། ཞ་ལུ། གསེར་སྡིང་། ཇོ་ནང་སོགས་མཇལ་བར་ཕེབས། གཡུ་རྩེ་འབྲས་སྤངས་སུ་བླ་མ་བློ་བཟང་པ་ལས་ཇོ་ལུགས་ཀྱི་དབང་ལུང་འགའ་རེ་གསན་པར་བཞེད་ཀྱང་མཇལ་ཀ་མ་གྲུབ། ཇོ་ནང་དུ་རྟེན་གསུམ་སྤྱི་དང་། ཁྱད་པར་ཀུན་མཁྱེན་དོལ་པོ་པས་བཞེངས་པའི་ཆོས་རྒྱལ་རིགས་ལྡན་གྱི་ཐང་སྐུ་སོགས་མཇལ། རྗེ་རིག་འཛིན་ཆེན་པོ་དང་། བླ་མ་


JKT019_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལེགས་ཀྱི་གསན་ཡིག་བོར་ཤོར་བ་དང་། ཇོ་ནང་སྒྲོལ་མགོན་ཞབས་ཀྱི་གསུང་འབུམ་སྤར་དུ་མ་འཁོད་པའང་ཁ་ཤས་རྙེད། མར་ལམ་སྟག་རྩེ་ཞབས་དྲུང་གི་ཕྱག་དཔེ་རིགས་མཇལ། ཡངས་པ་ཅན་བརྒྱུད་ཇོ་བོ་རིན་པོ་ཆེ་མཇལ་ཞིང་། གྲྭ་ནང་བཀྲ་ཤིས་གླིང་སྟོད་གྲོང་དུ་གྲགས་པ་ཀུན་མཁྱེན་ཀློང་ཆེན་པ་སྐུ་འཁྲུངས་ས་དེར་རྗེ་དཔའ་བོའི་ཞབས་ལ་བཏུད་དེ་དགྱེས་རྡོར་ཞི་སྦས་ལུགས། བདེ་མཆོག་ནག་པོ་པ། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔ། སྒྲོལ་མ་རྣལ་འབྱོར་མ། གཤེད་ནག །འཇིགས་བྱེད་རོ་ལངས་བརྒྱད་སྐོར་སོགས་ཀྱི་དབང་། ཡེ་ཤེས་རྒྱ་མཚོའི་རེག་ཟིག་གི་སྟེང་ནས་བདེ་མཆོག་རྒྱུད་བཤད། སྒྲོལ་མ་རྣལ་འབྱོར་མའི་ཁྲིད། ཡེ་ཤེས་རྒྱ་མཚོའི་ཟིན་བྲིས་སྟེང་ནས་བཀའ་བབས་བདུན་ལྡན་གྱི་ཁྲིད། བྱང་པའི་ལུགས་ཀྱི་བྱང་སྡོམ། ཏཱ་ར་ནཱ་ཐས་མཛད་པའི་ཨོ་ལ་པ་ཏིའི་འགྲེལ་པ། བདེ་མཆོག་སྟོད་འགྲེལ་གྱི་སྨད་ཆ། ཚིགས་བཅད་བཅུ་པའི་འགྲེལ་པའི་ལུང་རྣམས་གསན། ཁམས་སྤྲུལ་རིན་པོ་ཆེ་དང་ལྷན་ཅིག་ཡར་ཀླུང་ཕྱོགས་ཀྱི་གནས་གཟིགས་ལ་ཕེབས། རྗེ་དཔའ་བོ་ལ་ཟུར་ལུགས་གཅོད་ཁྲིད་སོགས་ཕུལ། འཇམ་མགོན་སི་ཏུ་རིན་པོ་ཆེས་བྱིན་གྱིས་བརླབས་པར་འདུག་ཅེས་བསྔགས་བརྗོད་རྒྱ་ཆེར་མཛད། འབྲུག་བདེ་ཆེན་ཆོས་འཁོར་དུ་ཕེབས། ཡོངས་


JKT019_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རིན་པོ་ཆེ་མཇལ། སྔ་ཕྱིར་ནགས་རིན་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བའི་དབང་། གསང་འདུས་མི་བསྐྱོད་པའི་དབང་། གཤེད་དམར་སྐུ་མཆོག་གྱད་ཆེན་གྱི་དབང་སོགས་གསན་ཅིང་། ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་བསྔགས་བརྗོད་ཆེ། ཡར་གྲུབ་མཐའ་བཞི་ལས་བརྩམས་ཏེ་གཞན་སྟོང་དབུ་མའི་བཤད་པ་རྒྱས་པ་དང་། ཙནྡྲ་པའི་དཀའ་གནས། ཁྲོ་ཆུ་དུག་སྡོང་གི་སྲོག་དབང་། དེའི་བསྙེན་སྒྲུབ་ཀྱི་གནད་འདོམས། ཀིང་ཀང་དུག་རི་དང་། སྲུང་ཟློག་གི་ཟིན་ཐོ། ཚེ་བདག་གི་ལུང་སོགས་ཕུལ། ཁམས་སྤྲུལ་རིན་པོ་ཆེ་ལས་དུས་འཁོར་སྡོམ་ཆེན་གྱི་དབང་། འབྲུག་ལུགས་བླ་མཆོད་དབང་སོགས་གསན། གངས་དཀར་རྣམ་གྲོང་པ་ཆོས་དབང་རྒྱ་མཚོ་ལས་བདེ་མཆོག །དྲིལ་བུ་ལྷ་ལྔ། འཇིགས་བྱེད་ཞེ་དགུ་མ། གདུགས་དཀར་བཅུ་བདུན་མ། གྲྭ་ལྔ་ལྷ་མང་། ས་ཕུར་སྟོད་ལས་རྣམས་དང་། ཀུན་དགའ་ཆོས་འཕེལ་ལས། བདེ་མཆོག་སངས་རྒྱས་མཉམ་སྦྱོར། གཤེད་དམར་བཅུ་གསུམ་མ། གདོང་དྲུག །གཟའ་ཡུམ་ལྷ་མང་། འཆི་མེད་རྔ་སྒྲ་རྣམས་ཀྱི་དབང་རྣམས་གསན། ཡངས་པ་ཅན་དུ་གཙང་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཕེབས་པར་ཆོས་ཀྱི་འབེལ་གཏམ་གནང་། མཚུར་ཕུར་ཀརྨ་པ་བདུད་འདུལ་རྡོ་རྗེར་གྲུབ་མཐའ་བཞི་དང་གཞན་


JKT019_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབུ་མའི་བཤད་པ། རྒྱ་རྩིས་གསར་འགྱུར་རགས་རིམ། ཕྱག་ཆེན་དང་ཆོས་དྲུག་གི་གནད་འདོམས་སོགས་ཕུལ་ཞིང་དགྱེས་པའི་རྩེར་སོན་པར་མཛད། དེ་ནས་ཁམས་སུ་ཕེབས། ལམ་བར་ཕ་བོང་གཡང་འཛོམས་སུ་སི་ཏུ་རིན་པོ་ཆེ་ཡར་ཕེབས་པ་དང་མཇལ། རྩི་གད་དམར་དུ་ཨ་གྲོ་བླ་རྒན་ཁུ་དབོན་རྣམས་ལ་སངས་རྒྱས་ཐོད་པའི་དབང་དང་འདོན་འགྲིགས་སྩལ། ཟུར་མང་དུ་གར་དབང་རིན་པོ་ཆེ་ལེགས་བཤད་སྒྲ་དབྱངས་འགྲེལ་པའི་སྟེང་ནས་སྙིང་པོ་བསྟན་པའི་བཤད་པ་སོགས་ཞུས། དགེ་ལྡན་ངེས་གླིང་གི་ཁྲི་སྤྲུལ་ལ་གྲུབ་མཐའ་བཞིའི་བཤད་པ་དང་། རྗེ་རིན་པོ་ཆེའི་ལྟ་བའི་སྐོར་གྱི་བཤད་པ་སོགས་གནང་། དགུང་ལོ་ཞེ་དྲུག་པར་དཔལ་སྤུངས་སུ་ཕེབས། རྗེ་དབོན་བསམ་གཏན་མཇལ། སྡེ་དགེ་ལྷུན་གྲུབ་སྟེང་དུ་ཞུ་ཆེན་རིན་པོ་ཆེ་ཚུལ་ཁྲིམས་རིན་ཆེན་ལས། བདེ་མཆོག་བོང་ཞལ་ཅན། གསང་འདུས་སྤྱན་རས་གཟིགས། རིགས་གསུམ་སྤྱིའི་དབང་རྣམས་གསན། འཆི་མེད་མཛོད་ཀྱི་རགས་བསྡུའི་བཤད་པ་ཕུལ། ཕུར་པ་བླ་མ་སངས་རྒྱས་བཟང་པོ་ལས་ས་ཕུར་སྟོད་ལས། སྨད་ལས་ཀྱི་དབང་གསན། ལོ་དེའི་སྔོན་འཇམ་མགོན་སི་ཏུ་རིན་པོ་ཆེ་ཕེབས་པ་དང་མཇལ། ལྕི་སྟོད་སྟོང་ནག་སྤྲུལ་སྐུར་སྒྲ་ཀ་ལཱ་པ་དང་། སྡེབ་སྦྱོར། གྲུབ་མཐའ་སོགས་བསླབ། ཚབ་


JKT019_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་དགོན་དུ་ཕེབས་ནས་སྤྲུལ་སྐུར་ཕག་མོ་དང་། ཀུན་རིག་གི་ལྷ་ཁྲིད། ཉེར་མཁོའི་དབང་ལུང་ཅི་རིགས་སྩལ། སྨིན་གླིང་ཐུགས་སྲས་དམར་ལོག་བླ་མ་སྐལ་བཟང་དང་། རྟ་མགྲིན་གྱི་མཆོད་དཔོན་འགྱུར་མེད་བློ་ལྡན་ལས། སྒྱུ་འཕྲུལ་ཞི་ཁྲོའི་དབང་། གསང་སྙིང་གི་རྒྱུད་བཤད། དོང་སྤྲུགས་པདྨ་བརྒྱ་ལྡན། བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་སོགས་གསན། ཟུར་མང་གཅོད་ཀྱི་དབང་ཁྲིད་མཛད། རྣམ་རྒྱལ་གླིང་གི་ཆོས་རྗེ་ལ་འདོད་བུམ་དབང་སྩལ། དཔལ་སྤུངས་སུ་ཕེབས་ནས་འཇང་གྲ་འགའ་ལ་དུས་འཁོར་གྱི་དབང་དང་། ལྕགས་མདུད་ནོར་བུ་སོགས་ལ་ཞི་ཕྲེང་དྲག་ཕྲེང་རྗེས་གནང་སོགས་དབང་ཆོས་མང་དུ་མཛད། ཡོངས་འཛིན་རིན་པོ་ཆེར་བདེ་མཆོག་རྒྱད་བཤད་དང་། ཏ་ར་ན་ཐའི་རིམ་ལྔའི་འགྲེལ་ཆེན་གྱི་ལུང་སོགས་ཕུལ། ཟུར་མང་གར་དབང་རིན་པོ་ཆེ་ཞིང་གཤེགས་པར་འཇམ་མགོན་སི་ཏུ་རིན་པོ་ཆེ་ཕེབས་པའི་འཁྲིས་སུ་ཆིབས་བསྐྱོད། ཁྲོམ་ཚོགས་ལ་འབེལ་གཏམ་སོགས་མཛད། ཁམས་སྤྲུལ་རིན་པོ་ཆེར་དབུ་མ་རྒྱན་གྱི་བཤད་པ་དང་། བདེ་མཆོག་ནག་པོ་པའི་ཕྱག་ལེན་སོགས་ཕུལ། གནས་མདོ་ཆོས་གྲུབ་སྤྲུལ་སྐུ། སྐྱོ་བྲག་སྤྲུལ་སྐུ་སོགས་ལ་དབང་ཆོས་སྩལ། རི་བོ་ཆེར་གདན་དྲངས་པ་བཞིན་ཕེབས། ཡང་དགོན་རྗེ་དྲུང་སྤྲུལ་སྐུར་ཀ་ལྔ་པའི་


JKT019_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ས་རིས་སྩལ། སྡེབ་སྦྱོར་དང་སྙན་ངག་ལེའུ་བར་པ་བཤད། དེས་བསྐུལ་ནས་ཀ་ལཱ་པའི་འགྲེལ་ཆེན་བརྩམས། རྗེ་དྲུང་ལས་དགྱེས་རྡོར་ཛྙཱ་ན་ལུགས་དང་། གསར་མ་སློབ་དཔོན་ལས་མགོན་པོ་བཀའ་རྒྱས་ཀྱི་དབང་། ཟུར་པ་བླ་མ་ལས་སྟག་ཤམ་ཡི་དམ་དགོངས་འདུས་སོགས་གསན། རི་བོ་ཆེའི་དཔེ་མཛད་གཟིགས། གནས་མདོ་དཔལ་རི་རྩེ་མཇལ། དགེ་ལྡན་ངེས་གླིང་གི་སྤྲུལ་སྐུ་གཉིས་ལ། སྒྲུབ་ཐབས་འདོད་བུམ། རྭ་ལུགས་འཇིགས་བྱེད་རོ་ལངས་བརྒྱད་སྐོར། སྐྱོ་ལུགས་ཞེས་དབུ་མ། གཤེད་དམར་ལྷ་ལྔ། བཅུ་གསུམ་མ་གདོང་དྲུག །བདེ་མཆོག་དྲིལ་བུ་ལྷ་ལྔ། འཇམ་པའི་རྡོ་རྗེ། དུས་འཁོར་བུ་ལུགས་རྣམས་ཀྱི་དབང་། གཡུ་ཐོག་སྙིང་ཏིག་གི་དབང་ལུང་། རྒྱུད་བཞིའི་ལུང་སོགས་གནང་། དེ་ནས་དཔལ་སྤུངས་སུ་ཕེབས། ཧཱ་ཤང་ཐར་མཆོག་ལས་རྒྱའི་ཚེ་རྩིས་དང་། གཟའ་བདུན་གྱི་ཡང་ཟབ་སོགས་འགའ་རེའི་འགྱུར་ཞུས། སླར་ཡབ་ཡུལ་དུ་རིབ་ཙམ་ཕེབས། ཟུར་མང་སོགས་བརྒྱུད་དེ་དཔལ་སྤུངས་སུ་ཕེབས། འཇམ་མགོན་སི་ཏུ་རིན་པོ་ཆེ་དང་། འབྲུག་ཡོངས་འཛིན་ཡབ་སྲས་མཇལ། འདི་ཡན་རྗེ་ཉིད་ཀྱི་གསུང་རྣམ་ཐར་རྟོགས་བརྗོད་རིན་ཆེན་ནོར་བུའི་ཕྲེང་བ་ལས་མདོ་ཙམ་བཏུས་པ་སྟེ། དེ་མན་ཆད་རྣམ་ཐར་གྱི་དཔེ་མ་རྙེད། གང་ལྟར་ཡང་ཀློག་པ་


JKT019_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་གྱི་འཁོར་ལོའི་དབང་དུ་བྱས་ན། འཇམ་མགོན་སི་ཏུ་རིན་པོ་ཆེར་མངའ་བའི་མདོ་སྔགས་རིག་གནས་དང་བཅས་པ་ཕལ་ཆེར་གསན་ཅིང་བྱང་ཆུབ་པར་མཛད། གཞན་ཡང་ཡོངས་འཛིན་དུ་མ་ལས་རྒྱུད་སྡེ་བཞིའི་དབང་བསྐུར་གྱིས་མཚོན་པའི་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། སྤོང་བ་བསམ་གཏན་གྱི་འཁོར་ལོའི་དབང་དུ་བྱས་ཏེ། སྔ་ཕྱིར་འཇིགས་བྱེད། ཕུར་པ། གུར་དྲག །སྒྲོལ་དཀར་སོགས་གཙོ་བོར་གྱུར་པའི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང་། རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག་པ་ཉམས་བཞེས་གནད་དུ་སྨིན་པར་གནང་། ནུས་བྱིན་ཁྱད་པར་ཅན་མངའ་བས་སྔ་ཕྱིར་གྲུབ་པའི་འབྲས་བུའང་ཅི་རིགས་པ་མངོན་དུ་སྣང་བར་མཛད། བྱ་བ་ལས་ཀྱི་འཁོར་ལོའི་དབང་དུ་བྱས་ཏེ། རྒྱུད་སྡེ་མང་པོའི་བྲིས་ཐང་གི་དཀྱིལ་འཁོར་བཞེངས་པ་དང་། ཁྱད་པར་འཇམ་མགོན་སི་ཏུ་རིན་པོ་ཆེའི་དགོངས་རྫོགས་ཕྱི་རྟེན་ཆེན་པོ་གཉིས་བཞེངས་པའི་འགན་བཞེས་མཐར་ཕྱིན་པར་གནང་ཞིང་། གསུང་རྩོམ་འཕྲོ་ཅན་གྱི་རིགས་ཞལ་སྐོང་དང་། རྗེ་ཉིད་ཀྱི་ཕྱག་རྫས་ཁོ་ནའི་སྟེང་ནས་འཇམ་མགོན་བླ་མའི་གསུང་རབ་སྔར་སྤར་དུ་མ་འཁོད་པ་ཡོངས་སུ་རྫོགས་པར་བཀོད། གདན་ས་ཆེན་པོ་དཔལ་སྤུངས་སུ་གསེར་གྱི་རྒྱ་ཕིབས་ཆེ་ལེགས་བཞེངས། གཞན་ཡང་དཔལ་


JKT019_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་སུ་དུས་འཁོར་ཇོ་ལུགས་དང་། བདེ་མཆོག་སྟོད་འགྲེལ་གྱི་སྒྲུབ་མཆོད་གསར་དུ་བཙུགས་པས་མཚོན། དགོན་སྡེ་རྣམས་སུ་མར་རྔོག་གི་ལུགས་སྲོལ་གཙོ་བོར་གྱུར་པའི་རྒྱུད་སྡེ་ཆེན་པོའི་སྒྲུབ་མཆོད་མང་དུ་འཛུགས་པར་མཛད་པ་དང་། རིག་གནས་ཀྱི་བཤད་པ་དང་། རྒྱུད་སྡེ་མང་པོའི་དབང་ལུང་ཕྱག་བཞེས་སོགས་སྐུ་ཚེ་དེ་སྲིད་དུ་བར་མ་ཆད་པར་སྩལ་བ་ལ་བརྟེན་ནས། གསུང་ལས་སྐྱེས་པའི་སློབ་མའི་ཚོགས་ཀྱང་མང་དུ་འཕེལ། ཁྱད་པར་རྗེ་དབོན་མཆོག་གི་སྤྲུལ་པའི་སྐུ་ངེས་དོན་བསྟན་འཛིན་དང་། དབང་གི་རྡོ་རྗེ་སོགས་ལ། རྒྱུད་སྡེ་བཞིའི་དབང་བསྐུར་རབ་འབྱམས་དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་སོགས་སྩལ་བས་ད་ལྟའི་བར་རྒྱུན་མ་ཆད་པར་བྱུང་བའི་བཀའ་དྲིན་ཁོ་ནའང་དཔྱོད་ལྡན་དག་གིས་བསམ་ན་བསྟན་འཛིན་གྱི་སྐྱེས་བུར་གྲགས་པ་གཞན་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་རྣམ་པར་ཐར་པ་ཟླ་མེད་པར་གྲུབ་བོ། །ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་ཐར་རྗེ་ཉིད་ཀྱི་ཞལ་གསུང་མ་ལས་ས་བོན་ཙམ་ཞིག་བཀོད་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཡོངས་འཛིན་འཇམ་པའི་དབྱངས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་མདོར་བསྡུས་པ་དད་པའི་ས་བོན་ཨུཏྤལ་རྒྱས་པའི་སྙེ་མ་ཞེས་བྱ་


JKT019_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞུགས་སོ། །བྱམས་པ་ཆེན་པོའི་བདུད་རྩི་ཡིས། །ཀུན་དགའི་ཕན་བདེ་མཆོག་སྩོལ་བ། །བཀྲ་ཤིས་གྲགས་པའི་རྒྱལ་མཚན་ཅན། །ཁྱབ་བདག་བླ་མས་རྟག་ཏུ་སྐྱོངས།༡ །གང་དེའི་ངོ་མཚར་རྣམ་པར་ཐར། །འཁོར་ལོ་གསུམ་གྱི་མཛད་པའི་ཚུལ། །འཆི་མེད་ལམ་ལྟར་རྒྱ་ཆེ་བ། །བྱིས་བློའི་སྤྱོད་ཡུལ་མ་ཡིན་ཀྱང་། ༢ །དམ་པའི་གསུང་གིས་བསྐུལ་བའི་མོད། །མདོར་བསྡུས་ཚིག་གི་དཔྱིད་དཔལཾ་ལས། །དད་པའི་ས་བོན་སྤེལ་བའི་སླད། །ཨུཏྤལ་སྙེ་མ་འཁྲུངས་འདིའོ། ༣ །དེ་ལ་འདིར་འཛམ་གླིང་བསྟན་འགྲོའི་མངའ་བདག་དཔལ་ས་སྐྱ་པ་ཆེན་པོའི་ཡོངས་སུ་འཛིན་པ་འཇམ་པའི་དབྱངས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྟོགས་པ་བརྗོད་པ་མདོར་བསྡུས་པའི་ཚུལ་གྱིས་འཆད་པ་ལ་དོན་གསུམ། སྐུ་སྐྱེ་བ་སྔ་མའི་རྣམ་ཐར་བསྡུས་ཏེ་སྨོས། སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ཅུང་ཟད་རྒྱས་པར་བཤད། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི། བྱམས་པའི་ཐུགས་མངའ་བྱང་ཆུབ་སེམས་གཉིས་འབྱོངས། རྣམ་ཀུན་དགའ་བཞིའི་ཡེ་ཤེས་མཐར་སོན་པས། །བཀྲ་ཤིས་གྲགས་པའི་རྒྱལ་མཚན་འཛིན་མཁས་པ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་གསོལ་བ་འདེབས། །ཞེས་སྨོས་ཏེ། དེ་ཡང་ངེས་པར་འབྱུང་བའི་ཡིད་ཀྱིས་བྱམས་པ་དང་སྙིང་རྗེའི་


JKT019_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ཕུན་སུམ་ཚོགས་པ་མངའ་བའི་ཉེར་ལེན་ལས། སྨོན་པ་དང་འཇུག་པས་རབ་ཏུ་ཕྱེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་འབྱོངས་ཤིང་། ཚུལ་དེས་དྲངས་པའི་སྦྱོར་བས་ཐབས་ཀྱིས་ཁྱད་པར་དུ་འཕགས་པའི་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་ན། རྣམ་པ་ཀུན་ཏུ་ཅིར་སྣང་ཐམས་ཅད་ལྷ་དང་བདེ་ཆེན་དགའ་བ་བཞིའི་ཡེ་ཤེས་སུ་ཤར་བའི་རིམ་གཉིས་ཀྱི་རྣལ་འབྱོར་མཐར་སོན་པས། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སོགས་རིགས་བརྒྱ་ཕྲག་དུ་མའི་སྤྲོ་བ་དང་བསྡུ་བའི་ཁྱབ་བདག་ཆེན་པོ་རྡོ་རྗེ་སེམས་དཔའི་གོ་འཕང་བརྙེས་སུ་ཟིན་ནའང་། དམིགས་པ་མེད་པའི་སྙིང་རྗེ་དང་། སྨོན་ལམ་ཚད་མེད་པས་གདུལ་བྱའི་སྐལ་བ་དང་རྗེས་སུ་མཐུན་པར་གཟུགས་སྐུའི་སྒྱུ་འཕྲུལ་ཅིར་ཡང་འཆར་བ་ལས། མཐའ་ཡས་པའི་བསྟན་འགྲོའི་དོན་རླབས་པོ་ཆེ་ལ་དབང་འབྱོར་བར་མ་ཟད། གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་ཉིད་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱང་། སྐུ་སྐྱེ་བ་སྔ་མ་ཞིག་ཏུ་དབུ་རྩེའི་དཀོན་གཉེར་དུ་སྐྱེ་བ་བཞེས་ཚུལ་གསུངས་པ་དང་། སྔོན་བྱུང་གི་ལོ་རྒྱུས་གཞན་ལས། འཇམ་དབྱངས་གཟི་འོད་འབར་བའི་སྣང་བརྙན་འདིས་དབུ་རྩེའི་དཀོར་གཉེར་ལས་དག་པ་ཞིག་མངོན་སུམ་རྗེས་སུ་བཟུང་ཚུལ་འབྱུང་བ་གཉིས་སྒྲ་


JKT019_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པས་རྗེ་བཙུན་བླ་མ་དམ་པ་ཉིད་ཡིན་པར་གདོན་མི་ཟ་བ་དང་། འོད་གསལ་གྱི་སྣང་བར་འཇམ་སྒེག་པར་གྱུར་པའི་མཚན་མ་གཟིགས་པ་སོགས་ཀྱིས་མཚོན་ངོ་མཚར་གྱི་སྐྱེས་རབས་བགྲང་ལས་འདས་པར་འཆར་བ་གང་ཞིག །ཕྱག་བྱ་བ་དང་། མཆོད་པར་བྱ་བ་དང་། གསོལ་བ་འདེབས་པའི་འོས་ཆེས་མཆོག་ཏུ་གྱུར་པ་སྟེ། བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མོས་ཕྱག་འཚལ། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ཅུང་ཟད་རྒྱས་པར་བཤད་པ་ལ་གསུམ། ཐོག་མར་དགེ་བ་སྐུ་སྐྱེ་བ་བཞེས་པའི་ཚུལ། བར་དུ་དགེ་བ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ། ཐ་མར་དགེ་བ་ཡོངས་སུ་མྱ་ངན་ལས་འདས་ཀྱང་མཛད་པ་རྒྱུན་མི་འཆད་པའི་ཚུལ་ལོ། །དང་པོ་ནི། མགོན་ཁྱོད་བསམས་བཞིན་ཐུབ་བསྟན་འཛིན་པའི་སླད། །རྡོ་རྗེ་གདན་མཚུངས་དཔལ་ལྡན་ས་སྐྱ་ཡི། །བྱང་ཕྱོགས་གྲུབ་པའི་སྨན་ལྗོངས་ཉམས་དགའ་བར། །མཚན་དཔེའི་དཔག་བསམ་འཁྲུངས་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། དེའང་གོང་དུ་ཇི་སྐད་སྨོས་པ་བཞིན། ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་དང་


JKT019_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱལ་ཐབས་ལས་མ་གཡོས་བཞིན། དྲང་དོན་འགྲོ་བ་རྣམས་སྒྲོལ་བའི་སླད་དུ། མདོ་སྡེ་རྒྱན་ལས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ཏེ། །ཞེས་གསུངས་པ་ལྟར། བསམས་བཞིན་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་དཔལ་ས་སྐྱ་པའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་སླད་དུ་སྐུ་སྐྱེ་བ་བཞེས་པའི་ཡུལ་ནི། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་བགྲོད་པའི་གནས། བོད་ཡུལ་གཡས་རུ་གཙང་ལ་སྟོད་ཀྱི་སའི་ཆ། མཁས་པ་དང་གྲུབ་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་པའི་རྡོ་རྗེའི་གྲོང་ཁྱེར། ངེས་པ་ལྔ་ལྡན་འོག་མིན་ཆེན་པོའི་ཞིང་ཁམས་དང་ཚུལ་མཚུངས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོའི་བྱང་ཕྱོགས། གར་བཀྲ་ཤིས་དར་རྒྱས་ཞེས་གྲགས་པའི་འདབས་འབྱོར། ལྷ་དང་དྲང་སྲོང་གྲུབ་པས་བསྟེན་པའི་སྨན་ལྗོངས་ཉམས་དགའ་བ། བལ་སྤེལ་ཁང་གསར་ཞེས་པའི་ཁྱིམ་དུ། རབ་བྱུང་བཅུ་གསུམ་པའི་ནང་གསེས་ཤིང་ཕོ་ཁྱིའི་ལོར་ཧ་ཅང་འབྱོར་པ་དང་། རྒུད་པའི་མཐའ་གཉིས་སུ་མ་ལྷུང་བར་ཆོས་སྒྲུབ་པ་ལ་འགལ་རྐྱེན་དང་བྲལ་བའི་པད་མའི་རིགས་སུ་མཚན་དཔེའི་དཔག་བསམ་ལྗོན་པ་འཁྲུངས་སོ་ཞེས་གྲགས་པའི་ཡི་གེས་མཛེས་པར་གྱུར་ཏོ། །གཉིས་པ་བར་


JKT019_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དགེ་བ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ་ལ་གསུམ། རང་དོན་ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་པ་དང་། གཞན་དོན་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་མཛད་པ་དང་། གཉིས་ཀའི་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བའི་ཚུལ་ལོ། །དང་པོ་ལའང་། དཔལ་མགོན་འཕགས་པ་དབྱིག་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར་རིམ་པར་ཕྱེ་ན། དང་པོ་གཞི་ཚུལ་ཁྲིམས་དག་པ་ལ་གནས་པའི་ཚུལ་ནི། གཞོན་ནུའི་དུས་ནས་ཐུབ་བསྟན་ལྷ་ཁང་ཆེར། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་མངྒ་ལར། །སོ་ཐར་སྡོམ་པའི་བདུད་རྩི་བཞེས་པ་ལས། །ཚུལ་ཁྲིམས་པད་དཀར་བཞད་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། དེ་ལྟར་སྐུ་འཁྲུངས་ནས་རིམ་གྱིས་ནར་སོན་པ་ན། དད་པ་དང་། ངེས་འབྱུང་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་དམ་པའི་རིགས་ཀྱི་ཡོན་ཏན་རྣམས་གསལ་བར་སད་པའི་རྒྱུ་དང་། སྐྱེས་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་འབྲལ་མེད་རིགས་ཀྱི་བདག་པོར་གྱུར་པ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་གསུང་བསྐུལ་གནང་བའི་རྐྱེན་ལ་བརྟེན་ནས། ཆུང་ངུའི་དུས་ནས་དཔལ་ས་སྐྱའི་


JKT019_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་ལྷ་ཁང་ཆེན་མོའི་ཆོས་གྲར་ཞུགས་ཏེ། བརྟན་མཁས་ཕན་འདོགས་པའི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པ་མཐའ་དག་གི་ཁྱུ་མཆོག །མཁན་རབས་ཉེར་ལྔ་པ་མེ་ཏྲི་དྷརྨ་མངྒ་ལ་སྟེ་བྱམས་པ་ཆོས་ཀྱི་བཀྲ་ཤིས་ཞེས་ཡོངས་སུ་གྲགས་པའི་སྤྱན་སྔར་སོ་སོར་ཐར་པའི་སྡོམ་པའི་བདུད་རྩི་དད་བརྩོན་གྱིས་གཞིར་བཞེས་པ་ལས། ཉམས་པ་དང་། བཅོམ་པ་དང་། ཕལ་པ་དང་། ལྟུང་བར་གྱུར་པའི་རྡུལ་དང་དྲི་མ་ཐམས་ཅད་ལས་འདས་པ། ཚུལ་གནས་ཁྲིམས་ཀྱི་པདྨ་དཀར་པོ་ཆེས་ཆེར་བཞད་པས་བསྔགས་འོས་ཀྱི་དྲི་བསུང་དངར་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །གཉིས་པ་ཐོས་པ་རྒྱ་མཚོའི་མཐར་སོན་པའི་ཚུལ་ནི། འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་དང་། །རྡོ་རྗེ་འཛིན་པ་རིན་ཆེན་རྒྱལ་མཚན་སོགས། །རིས་མེད་དམ་པ་དུ་མའི་ཞབས་བསྟེན་ནས། །ཐོས་པའི་ཕ་རོལ་སོན་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། དེའང་འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས། རིས་སུ་མ་ཆད་པའི་ཐུབ་བསྟན་རྒྱ་མཚོ་གསལ་བའི་ཉི་མ། སྲས་བཅས་རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་སྒྱུ་མའི་སྐུ་ཅན་རྗེ་བཙུན་འཇམ་པའི་དབྱངས་དངོས་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་


JKT019_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས། མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་རིན་ཆེན་རྒྱལ་མཚན་དང་། མུས་ཆེན་ཆོས་ཉིད་ཡེ་ཤེས་སོགས་རིས་མེད་དམ་པ་དུ་མའི་ཞབས་ཀྱི་པདྨོར་མཉེས་པ་གསུམ་གྱིས་བསྟེན་ནས། མང་དུ་ཐོས་པའི་ཚུལ་མཐའ་དག་གི་ཕ་རོལ་ཏུ་སོན་པ་ཡིན་ཏེ། ཐོག་མར་ཐུབ་བསྟན་ལྷ་ཁང་ཆེན་མོར་མཁན་ཆེན་བྱམས་པ་ཆོས་ཀྱི་བཀྲ་ཤིས་སོགས་རིག་པ་སྨྲ་བའི་དབང་ཕྱུག་དུ་མ་ལས་ཚད་མ་རིག་པའི་སྒོ་འབྱེད་བསྡུས་གཞུང་བརྩི་བ་ནས་བརྩམས་ཏེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་རིམ་གྱིས་ཞུགས་པ་ན། གཞན་གྱིས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པའི་གྲགས་དཀར་ཟླ་ཤེལ་གྱི་སྣང་བས་ཡོངས་སུ་ཁྱབ་ཅིང་། དཔལ་ས་སྐྱ་པའི་མཁས་པ་གཡག་གཞོན་རྣམ་གཉིས་ཀྱི་སྐབས། གདན་ས་ཆེན་པོ་དང་། བྱང་ཕྱོགས་ངམ་རིང་གི་ཆོས་སྡེ་སོགས་སུ་སྨྲ་བའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ་རྣམས་ཀྱིས་བཤད་པའི་སྲོལ་གཏོད་པ། པུསྟི་གྲགས་ཆེན་བཅོ་བརྒྱད་ཅེས། ཚད་མ་མདོ། རྣམ་འགྲེལ། རྣམ་ངེས། འདུལ་བ་སོ་ཐར་གྱི་མདོ། མདོ་རྩ། མངོན་པ་ཀུན་བཏུས་དང་མཛོད། ཕར་ཕྱིན་བྱམས་ཆོས་སྡེ་ལྔ་དང་། སྤྱོད་འཇུག །དབུ་མ་རྩ་འཇུག་བཞི་གསུམ། མདོ་སྔགས་ཐམས་ཅད་ཀྱི་སྤྱི་


JKT019_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། གསུང་རབ་ཀུན་ལ་ལྟ་བའི་མིག་གཅིག་པུ་ཚད་མ་རིག་པའི་གཏེར་རྣམས་ཐུགས་ལ་བཟུང་བ་ཡིན་ཏེ། རྗེ་རང་ཉིད་ཀྱི་གསུང་ལས། ཐུབ་བསྟན་གྱི་མཁན་རབས་ཉེར་ལྔ་པར། །ཤཱཀ་ཐུབ་ཀྱི་བརྟུལ་ཞུགས་བཟུང་ནས་སུ། །བཅོ་བརྒྱད་ཀྱི་གཞུང་ལུགས་བློ་ནས་བཏོན། །བསྡུས་གྲྭ་དང་བཅས་ལ་དཔེ་བྲལ་བྱས། །ཞེས་སོ། །དེ་ལྟར་ཚད་མ་རིག་པ་སོགས་ལ་མཁྱེན་དཔྱོད་ཀྱི་པདྨོ་མཆོག་ཏུ་རྒྱས་པའི་སྐབས་ཤིག །མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ནས། ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་ཞལ་སློབ། མཁས་པའི་དབང་པོ་ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་ཞེས་རིག་པ་སྨྲ་བའི་རྒྱན་གཅིག་པུ་དེ་ཉིད། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་གསུང་གིས་བསྐུལ་བ་བཞིན་དཔལ་ས་སྐྱར་རིག་གནས་ཀྱི་ལེགས་བཤད་རྩོལ་བར་ཆེད་ཀྱིས་བྱོན་པའི་སྐབས། ས་ཆེན་འཇམ་པའི་དབྱངས་དེ་ཉིད་ཀྱིས་རྗེ་འདི་པ་རྣམ་དཔྱོད་ཀྱི་རྩལ་གཞན་དང་མ་འདྲ་བས་གནས་སྐབས་སུ་ཐུན་མོང་གི་རིག་ལམ་རྒྱ་མཚོའི་སློབ་དཔོན་དུ་འོས་པ་དང་། མཐར་ཐུག་རྗེ་ཉིད་ཀྱི་ཞབས་པད་དུ་འཁོད་ནས་ཟབ་རྒྱས་གདམས་པའི་བདུད་རྩི་མཐའ་དག་རྫོགས་པར་བཞེས་ཏེ། སླར་གདུང་བརྒྱུད་རིན་པོ་ཆེ་རྣམས་ལ་ལྷག་མེད་དུ་འབུལ་ཐུབ་པས་བསྟན་འགྲོའི་དོན་བསམ་གྱིས་


JKT019_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པར་འབྱུང་བ་རྗེས་སུ་དགོངས་ཏེ་རིག་གནས་འཕེལ་རྒྱས་གླིང་དུ་མཁས་པའི་དབང་པོ་གང་དེར་སྦྱོར་གཏོད་མཛད་པ་ན། རྗེ་དེ་ཉིད་སྐྱེས་སྦྱངས་ཤེས་རབ་ཀྱི་མཐུ་ཕུན་སུམ་ཚོགས་པས། ལེགས་པར་སྦྱར་བའི་བརྡ་སྤྲོད་པའི་བསྟན་བཅོས་ཀ་ལཱ་པ་གཙོ་བོར་གྱུར་པའི་རྩ་བའི་མདོ་རྣམས་དང་། དེའི་ཡན་ལག་མིང་ལས་ཚིག་ཏུ་སྒྲུབ་པ་སི་སོགས་ཀྱི་རབ་ཏུ་བྱེད་པ་དང་། བྱིངས་ལས་ཚིག་ཏུ་སྒྲུབ་པ་ཏི་སོགས་ཀྱི་རབ་ཏུ་བྱེད་པ་དང་། བྱིངས་ལས་མིང་གི་བྱེ་བྲག་སྣ་ཚོགས་སྒྲུབ་པ་ཨ་ཎ་སོགས་ཀྱི་རབ་ཏུ་བྱེད་པ་དང་། པྲྀཏྟ་དང་། ཛཱ་ཏི། ངོ་མཚར་བའི་སྦྱོར་བས་རབ་ཏུ་དབྱེ་བའི་སྡེབ་སྦྱོར་གྱི་གཞུང་དང་། དོན་གཅིག་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་བསྙད་པ་དང་། མིང་གཅིག་དོན་དུ་མ་ལས་འཇུག་པའི་མངོན་བརྗོད་ཀྱི་བསྟན་བཅོས་དང་། ལམ་རྣམ་པར་དབྱེ་བ་དང་། དོན་དང་། སྒྲ་དང་། གབ་ཚིག་གི་རྒྱན་དང་། དེ་དག་གི་སྐྱོན་སྤངས་ཚུལ་དང་བཅས་པ་རྗེས་སུ་སྟོན་པའི་ཚིག་རྒྱན་གྱི་གཞུང་དང་ཕྱི་དུས་ཀྱི་འཁོར་ལོའི་ངེས་གསང་རྒྱ་ཆེར་སྟོན་པ་སྐར་རྩིས་ཀྱི་གཞུང་དང་། དེའི་ཡན་ལག་ཏུ་གཏོགས་པ་བཅས་བསླབ་པར་བརྩམ་པ་ན། རིང་པོར་མ་ཐོགས་པར་གཞན་གྱིས་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོའི་གོ་འཕང་བདེ་བླག་ཏུ་བརྙེས་ནས་ཡབ་རྗེ་ཀུན་


JKT019_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བློའང་ཤིན་ཏུ་དགྱེས་པའི་འཛུམ་ཞལ་ལྷུག་པར་སྟོན་པ་དང་། འཕེལ་རྒྱས་སློབ་དཔོན་གྱི་གོ་སར་དབང་བསྐུར་བ་ཡིན་ཏེ། རྗེ་ཉིད་ཀྱི་གསུང་ལས། དེ་མཚམས་ནས་སྒྲ་སྙན་སྡེབ་སྦྱོར་སོགས། །འཕེལ་རྒྱས་སུ་འོངས་ནས་བརྡར་ཤ་བཅད། །ཅེས་གསུངས། དེ་ནས་ཡབ་རྗེ་འཇམ་པའི་དབྱངས་ཆེན་པོས་ཟབ་རྒྱས་གདམས་པའི་མཛོད་གཏད་པར་དགོངས་ནས། གནས་སྐབས་སུ་གསོལ་དཔོན་གྱི་རྣམ་པར་བཞུགས་སུ་བཅུག །རྗེ་འདི་པས་ཀྱང་བདག་ཉིད་ཆེན་པོ་ལ་ཐེ་ཚོམ་དང་མཉམ་འགྲོགས་ཀྱིས་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ། སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཐུན་མོང་མ་ཡིན་པས་ཅི་གསུང་དང་ལེན་གྱིས་མཉེས་པར་བྱས་པས་འཕྲལ་དང་ཡུན་གྱི་རྟེན་འབྲེལ་གྱི་སྒོ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འགྲིགས་ཏེ། སྤྱིར་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་མཐའ་དག་དང་། ཁྱད་པར་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནས་མཆོག་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པར་བྱོན་པའི་རྒྱལ་གསུང་མདོ་སྔགས་ཀུན་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པ་སྟེ་ཚད་མ་བཞི་དང་སྙན་


JKT019_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བཞིས་གདམས་པས་ཐུགས་བཅུད་ཡོངས་སུ་སྨིན་པར་མཛད་པ་ཡིན་ལ། དེ་བཞིན་དུ་རྡོ་རྗེ་འཛིན་པ་རིན་ཆེན་རྒྱལ་མཚན་ལས་ཀྱང་གསུང་ངག་རིན་པོ་ཆེ་ཚོགས་བཤད་དང་། མགོན་པོའི་སྐོར་སོགས་ཟབ་ཆོས་རྒྱ་མཚོ་ལྟ་བུ་དང་། རྗེ་བཙུན་རིན་པོ་ཆེ་འཆི་མེད་བསྟན་པའི་ཉི་མ་ལས་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྨིན་གྲོལ་ཆ་ལག་དང་བཅས་པ། མུས་ཆེན་གྲུབ་པའི་དབང་ཕྱུག་ཆོས་ཉིད་ཡེ་ཤེས་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཆོས་སྐོར་ཡོངས་རྫོགས། མཆོག་སྤྲུལ་མཁས་པའི་དབང་པོ་བྱམས་པ་ངག་དབང་བསྟན་འཛིན་ཕྲིན་ལས་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐོར་སོགས་ཏེ། མདོར་ན་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་སེམས་བསྐྱེད། གསང་སྔགས་རྒྱུད་སྡེ་བཞིའི་དབང་། བྱིན་རླབས། རྗེས་གནང་། རིག་གཏད། ཟབ་ཁྲིད། རྒྱབ་བརྟེན་ལུང་གི་སྐོར་སོགས་དུས་དེར་རྒྱུན་བཞུགས་པ་ཕལ་ཆེར་གསན་པ་ཡིན་ཏེ། རྒྱས་པར་རྗེ་ཉིད་ཀྱི་གསན་ཡིག་ཐོར་བུར་འཁོད་པས་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ་བསམ་བྱུང་གི་རིགས་པས་སྒྲོ་འདོགས་བཅད་པའི་ཚུལ་ནི། ཕྱི་ནང་གཙུག་ལག་རྒྱ་མཚོའི་གནས་རྣམས་ལ། །འཁྲུལ་མེད་ཚད་མ་གསུམ་གྱིས་གཞལ་བ་ན། །འགལ་འབྲེལ་དཔྱོད་པའི་བློ་གྲོས་ཡོངས་རྫོགས་པས། །བསམ་


JKT019_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རྣམ་པར་དག་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། དེ་ཡང་སྔར་ཇི་སྐད་བཀོད་པ་བཞིན། ཕྱི་ཐུན་མོང་གི་རིག་གནས་སྒྲ་ཚད་སྙན་ངག་སྡེབ་སྦྱོར་མངོན་བརྗོད་སྐར་རྩིས་སོགས་དང་། ཁྱད་པར་ནང་རིག་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡན་ལག་བཅས་པའི་གཞུང་དེ་རྣམས་ཀྱི་ཚིག་གསན་པ་ཙམ་དུ་མ་ཟད། དོན་གྱི་གནས་མངོན་སུམ་དང་། ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གྱི་གཞལ་བྱ་རྣམས་ལ། འཇལ་བྱེད་མངོན་སུམ་དང་། རིགས་པ་དང་། ལུང་ཚད་མ་རྣམས་ཀྱིས་སོ་སོར་གཞལ་བས། འགལ་བ་དང་འབྲེལ་བའི་ཚུལ་དཔྱོད་པ་ལ་བློ་གྲོས་ཀྱི་མཐུ་ཡོངས་སུ་རྫོགས་ཏེ། བསམ་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པ་བརྙེས་པ་ནི་རྗེ་རང་ཉིད་ཀྱི་གསུང་རབ་རྣམས་མཇལ་བས་ཤེས་པར་འགྱུར་རོ། །བཞི་པ་མཐར་ཐུག་སྒོམ་པ་ལས་བྱུང་བའི་ཡེ་ཤེས་བརྙེས་པའི་ཚུལ་ནི། མཐར་ཐུག་གོ་འཕང་རྟོགས་པའི་ཡོན་ཏན་ལས། །བྱུང་ཞིང་དེ་ཡང་བསྒྲུབ་ལ་རགས་ལས་ཕྱིར། །མདོ་སྔགས་ཟབ་དོན་རྩེ་གཅིག་ཉམས་བཞེས་མཐུས། །སྒོམ་བྱུང་ཤེས་རབ་བརྙེས་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། དེ་ཡང་མཐར་ཐུག་མཆོག་གི་དངོས་གྲུབ་ནི་རྟོགས་བྱ་རྣམས་རིམ་གྱིས་མངོན་སུམ་དུ་བྱས་པའི་མཐུ་ལས་འབྱུང་ལ། རྟོགས་པ་དེ་རང་གི་མེད་ན་མི་འབྱུང་བའི་ཐབས་


JKT019_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པའང་རྩེ་གཅིག་སྒྲུབ་པ་ལ་གཞོལ་བ་ཁོ་ན་ལ་རགས་ལས་པའི་ཕྱིར། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ཟབ་མོ་སྤྲོས་བྲལ་གྱི་ལྟ་བ་རྣམས་སྣང་བ་གསུམ་གྱིས་གཏན་ལ་འབེབས་པ་ཕ་རོལ་ཏུ་ཕྱིན་པའི་གཞུང་དང་ཅིར་སྣང་ལྷར་ཤར་བའི་བསྐྱེད་རིམ་དང་། ལྷར་སྣང་བདེ་ཆེན་གྱི་ཡེ་ཤེས་སུ་འཆར་བའི་རྫོགས་པའི་རིམ་པ་སྟེ་སྔགས་ཀྱི་ལམ་ཟབ་མོ་དག་ལ་རྩེ་གཅིག་ཏུ་གཞོལ་བ་དང་། དེ་བཞིན་དུ། ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད། བཅོམ་ལྡན་འདས་དཔལ་དགེས་པ་རྡོ་རྗེ། སྒྲོལ་དཀར། འཇམ་དབྱངས་དཀར་པོ། འཇམ་དཔལ་ནག་པོ། ཀུ་རུ་ཀུལླེ། རྣལ་འབྱོར་མ། གུར་ཞལ་སོགས་ཡི་དམ་དང་ཆོས་སྐྱོང་དུ་མའི་གཞིའི་བསྙེན་པ་མཐར་ཕྱིན། དུས་རྒྱུན་དུའང་། དཔལ་དགེས་པ་རྡོ་རྗེ་དང་། རྡོ་རྗེ་རྣལ་འབྱོར་མ་གཙོ་བོར་གྱུར་པའི་ལྷག་པའི་ལྷའི་རྣལ་འབྱོར་ཡན་ལག་དང་བཅས་པ་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་གནང་བས་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་པདྨོ་ཅིར་ཡང་རྒྱས་པར་མ་ཟད། ཨའི་བསྙེན་ཆེན་སྐབས་འོད་གསལ་གྱི་སྣང་བར་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་དང་། དཔལ་ས་སྐྱ་པ་ཀུན་དགའ་བློ་གྲོས། མུས་ཆེན་གྲུབ་དབང་ཆོས་ཉིད་ཡེ་ཤེས་སོགས་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་བཟུང་བའི་ཚུལ་ཟིན་བྲིས་ཐོར་བུ་གནང་བ་


JKT019_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་ཞིང་། སྒྲོལ་དཀར་གྱི་བྲིས་ཐང་ཁྱད་པར་ཅན་ཞིག་བཞེངས་པར་མཛད་པ་དང་རྗེས་སུ་མཐུན་པར་རྗེ་ཉིད་ལ་གཟིགས་སྣང་བྱུང་བ་ཡིན་པར་རྟོགས་ཤེས་མཁས་པ་དག་གིས་གསུངས་པས་མཚོན་ཡི་དམ་ལྷས་རྗེས་སུ་བཟུང་བ་སོགས་གྲུབ་པའི་དགེ་མཚན་གྱི་འབྲས་བུ་གཡུར་དུ་ཟ་བས་གསོལ་བ་བཏབ་པ་ཙམ་གྱིས་འདོད་རྒུའི་ཆར་ཆེན་པོ་འབེབས་པ་གདོན་མི་ཟ་བ་ཉིད་དོ། །གཉིས་པ་གཞན་དོན་འཆད་རྩོད་རྩོམ་པའི་ཕྲིན་ལས་ལ་མངའ་བརྙེས་པའི་ཚུལ་ལ་གསུམ་ལས། དང་པོ་འཆད་པ་ཉི་མའི་འོད་ཀྱིས་བློ་ལྡན་གྱི་ཡིད་ཀྱི་པད་ཚལ་རྒྱས་པར་མཛད་པའི་ཚུལ་ནི། སྒྲ་སྙན་སྡེབ་སྦྱོར་ལ་སོགས་ཐུན་མོང་དང་། །ཕ་རོལ་ཕྱིན་དང་རྡོ་རྗེ་ཐེག་པ་ཡི། །གཞུང་ལུགས་རྒྱ་མཚོ་འཆད་ལ་ཐོགས་མེད་པས། །མཁས་རྣམས་དགྱེས་པ་བསྐྱེད་དེར་གསོལ་བ་འདེབས། །ཞེས་སྨོས་ཏེ། ལེགས་པར་སྦྱར་བ་སྒྲ་ཡི་བསྟན་བཅོས་ཡན་ལག་དང་བཅས་པ་དང་། སྙན་ངག་མེ་ལོང་ལ་སོགས་པ་ཚིག་རྒྱན་གྱི་བསྟན་བཅོས་དང་། སྡེབ་སྦྱོར་གྱི་བསྟན་བཅོས་དང་། སྐར་རྩིས་ཀྱི་བསྟན་བཅོས་སོགས་ཐུན་མོང་གི་རིག་གནས་འཆད་སྤེལ་དང་། སེམས་བསྐྱེད་སྲོལ་གཉིས་སོགས་ཕར་ཕྱིན་གྱི་ཟབ་དོན། རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་རྡོ་རྗེ་ཐེག་པའི་སྨིན་གྲོལ་རབ་འབྱམས་ཀྱི་འཆད་སྤེལ་མཐའ་


JKT019_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པ་ཞིག་གནང་བ་སྟེ། དེ་ཡང་གསུང་ངག་ལམ་འབྲས་ཁོ་ནའི་དབང་དུ་བྱས་ནའང་ཚོགས་བཤད་ཚར་བདུན་དང་། སློབ་བཤད་ཚར་གཅིག་གིས་མཚོན་ལེགས་བཤད་ཀྱི་བདུད་རྩི་རྒྱས་པར་སྩལ་བས་གསུང་ལས་སྐྱེས་པའི་སློབ་མའང་མཁས་པའི་རྣམ་དཔྱོད་ལྡན་པ། གྲུབ་པའི་དགེ་མཚན་བརྙེས་པ། བསྟན་པའི་བྱ་བ་རླབས་པོ་ཆེ་ལ་དབང་འབྱོར་བ་མང་དུ་བྱོན་པ་ཡིན་ནོ། །གཉིས་པ་རྩོད་པ་རྡོ་རྗེའི་ཟེགས་མས་ཕས་རྒོལ་གྱི་བྲག་རི་བསྙིལ་བའི་ཚུལ་ནི། ཡིད་ཆེས་ལུང་གི་བ་དན་རབ་འཕྱར་ཞིང་། །དངོས་སྟོབས་རིག་པའི་མཚོན་རྣོན་ལྷུང་བ་ལས། །ཕས་རྒོལ་སྤོབས་པ་འཕྲོག་བྱེད་རྩོད་ངག་གི །འབྱོར་པས་མངོན་པར་མཐོ་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། རྣམ་པ་ཀུན་ཏུ་མི་བསླུ་བ་ཡིད་ཆེས་པའི་ལུང་དང་། ལུང་དོན་འཁྲུལ་མེད་དུ་འདྲེན་ནུས་པའི་དངོས་སྟོབས་ཀྱི་རིགས་པ་ཚད་མའི་སྐྱེ་བར་བཏོན་ཏེ་འཆད་རྩོམ་གང་ལ་ཞུགས་ཀྱང་། ཕས་རྒོལ་གྱི་སྤོབས་པ་མཐའ་དག་འཕྲོག་ཅིང་། རང་ལུགས་ཚད་མའི་གནས་སུ་བསྒྲུབ་ནུས་པར་མ་ཟད། གནས་སྐབས་སུའང་ཆོས་གྲྭ་ཆེན་པོ་ཆོས་འཁོར་ལྷུན་པོའི་དྲུང་རམ་པ་མཁས་པའི་དབང་པོ་སངས་རྒྱས་ཆོས་དར་སོགས་དང་དུས་རྒྱུན་དུ་འབྲེལ་བའི་གཏམ་གྱི་སྐབས་དབྱེ་བས་བློ་གྲོས་དང་ལྡན་པ་དག་གི་ཡིད་རང་དབང་མེད་


JKT019_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕྲོག་ཅེས་གཏམ་དུ་གྲགས་སོ། །གསུམ་པ་རྩོམ་པ་རིན་པོ་ཆེའི་ཕྲེང་བས་ཐུབ་བསྟན་ཁང་བཟང་མཛེས་པར་བྱས་པའི་ཚུལ་ནི། འཇམ་དཔལ་གཞོན་ནུ་ཀུན་དགའི་མཚན་ཅན་གྱི། །རྟོགས་བརྗོད་རིན་ཆེན་ཕྲེང་བར་སྤེལ་བས་མཚོན། །ཡོན་ཏན་གསུམ་ལྡན་ལེགས་བཤད་རྩོམ་པ་ལ། །ངག་གི་དབང་ཕྱུག་བརྙེས་དེར་གསོལ་བ་འདེབས། །ཞེས་སྨོས་ཏེ། །དེ་ལ་ལེགས་བཤད་ཀྱི་ཕྲེང་བ་ཚར་དུ་དངར་བས་བློ་ལྡན་མགྲིན་པའི་མཛེས་རྒྱན་དུ་གྱུར་པའང་། འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་རྣམ་རོལ་ངག་གི་དབང་པོ་ཀུན་དགའ་བློ་གྲོས་ཀྱི་རྟོགས་བརྗོད་རིན་པོ་ཆེས་མཚོན་གསུང་རྩོམ་ལེགས་བཤད་ཕུལ་དུ་ཕྱིན་པ་ཇི་སྙེད་ཅིག་མཛད་པ་ཡིན་ཏེ། འདིར་མདོ་ཙམ་སྨོས་ན། རྗེ་རང་ཉིད་ཀྱི་ལྷག་པའི་ལྷ་སྒྲོལ་མ་དཀར་མོ། འཇམ་དབྱངས་དཀར་པོ། འཇམ་དཔལ་ནག་པོ། དཔལ་དགེས་པ་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། ཀུ་རུ་ཀུལླེ། འདོད་རྒྱལ། གུར་ཞལ་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྟོད་པ། རྣལ་འབྱོར་དབང་ཕྱུག་སོགས་རྩ་བརྒྱུད་བླ་མའི་སྐུ་བསྟོད། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་རྟོགས་བརྗོད་རིན་པོ་ཆེ་པོད་ཆེན་གཅིག་དང་། དེའི་དོན་བསྡུ། གྲུབ་དབང་རིན་པོ་ཆེ་རྒྱལ་མཚན་རྣམ་ཐར་གསོལ་འདེབས། དེ་དང་མཐུན་པའི་རྣམ་ཐར་མདོར་བསྡུས།


JKT019_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱ་པའི་གནས་རྟེན་ངོ་མཚར་བ་རྣམས་ཀྱི་བཤད་པ་སོགས་པོད་གསུམ་ཙམ་བཞུགས་ཤིང་། དེ་ཐམས་ཅད་ཀྱང་དོན་མེད་པ་ལ་སོགས་ཕྱི་རོལ་པའི་བསྟན་བཅོས་ངན་པའི་མཚན་ཉིད་དྲུག་དང་བྲལ་ཞིང་། ངོ་བོ་དོན་དང་ལྡན་པ། བྱེད་ལས་སྒྲུབ་པ་ལྷུར་ལེན་པ། འབྲས་བུ་སྡུག་བསྔལ་སྤོང་བ་སྟེ་ཡོན་ཏན་གསུམ་གྱིས་ཁྱད་པར་དུ་བྱས་པ་འབའ་ཞིག་གོ །གསུམ་པ་གཉིས་ཀའི་དོན་དུ་མཁས་བཙུན་བཟང་པོའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཚུལ་ལ་གསུམ་སྟེ། དང་པོ་མཁས་པའི་རྣམ་དཔྱོད་ཟླ་མེད་པའི་ཚུལ་ནི། མདོར་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །ཚིག་དང་དོན་ལ་མཁྱེན་པའི་ཕུལ་ཕྱིན་པས། །རང་བཞིན་ཕན་བདེའི་གོ་འཕང་ལ་སྦྱོར་བའི། །མཚུངས་མེད་མཁས་པའི་དབང་པོར་གསོལ་བ་འདེབས། །ཞེས་སྨོས་ཏེ། མདོར་བསྡུ་ན་འདུལ་བ་མདོ་སྡེ་མངོན་པ་སྡེ་ཝ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་། བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིའི་ཚིག་གི་གནས་ཐམས་ཅད་སྒྲ་དང་། དོན་གྱི་གནས་ཐམས་ཅད་ཚད་མ་རིག་པའི་ལམ་གྱིས་གསལ་བས་མཁྱེན་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བས་རང་གཞན་ཕན་བདེའི་གོ་འཕང་ལ་སྦྱོར་ནུས་པའི་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་བརྙེས་པས་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པའོ། །གཉིས་པ་


JKT019_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པའི་ངང་ཚུགས་གཞན་དང་དཔེ་ཟླ་བྲལ་བ་ནི། སོ་སོར་ཐར་དང་བྱང་སེམས་རིག་འཛིན་གྱི། །སྡོམ་པ་གསུམ་གྱི་བཅས་པའི་ར་བ་ལས། །ནམ་ཡང་མི་འདའ་བསླབ་ལ་རབ་གུས་པ། །བཙུན་པའི་ཁྱུ་མཆོག་ཆེན་པོར་གསོལ་བ་འདེབས། །ཞེས་སྨོས་ཏེ། སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་། གསང་སྔགས་སྤྱིའི་དམ་ཚིག་གི་ཁས་བླང་པ་རགས་པ་ལྟ་ཅི་སྨོས། ཕྲ་བ་ཙམ་ཡང་འདའ་བའི་སྐབས་མི་སྲིད་ཅིང་། ངོས་ལྐོག་གི་རྣམ་ཐར་བྱི་ལའི་ངང་ཚུལ་ཅན་མ་ཡིན་པར་རྣམ་པ་ཀུན་ཏུ་ཆོས་དང་མཐུན་ངེས་པའི་སྤྱོད་པ་དྲང་པོར་སྲོང་བ་རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་ལ་གནས་པས་ན་བཙུན་པའི་མཆོག་ཏུ་གྱུར་པའོ། །གསུམ་པ་བཟང་པོའི་ཕྲིན་ལས་མཐའ་ཡས་པའི་ཚུལ་ནི། ཁྱད་པར་གངས་ཅན་བསྟན་པའི་མངའ་བདག་ཆེ། །དཔལ་ལྡན་ས་སྐྱའི་འཇམ་མགོན་མཆོག་རྣམས་ལ། །ཟབ་རྒྱས་གདམས་པ་རྒྱ་མཚོ་ཡོངས་བསྩལ་བས། །བཟང་པོའི་ཕྲིན་ལས་རྒྱས་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། ཁྱད་པར་གྲུབ་དབང་རིན་ཆེན་རྒྱལ་མཚན་གྱིས་ལུང་བསྟན་པ་བཞིན། བསྟན་པ་རིན་པོ་ཆེར་སྨན་པའི་འཆད་ཉན་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་ཏུ་གངས་ཅན་བསྟན་པའི་མངའ་བདག་འཇམ་མགོན་ས་སྐྱ་པ་ཁྲི་ཆེན་རྡོ་རྗེ་འཆང་མཆེད་ཞལ་


JKT019_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་ལ། རང་གི་རིགས་ལས་བྱུང་བའི་ཟབ་ཆོས་གཙོ་བོར་གྱུར་པའི་དམ་ཆོས་མཐའ་དག་ལྷག་མ་མེད་པར་ཕུལ་བས་དེང་ནས་སྲིད་མཐའི་བར་དུ་བསྟན་པ་རིན་པོ་ཆེའི་སྲོག་ཤིང་གཅིག་པུར་གྱུར་པ་ནི་ངོ་མཚར་གྱི་མཛད་བཟང་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། དེ་ཡང་རྗེ་བཙུན་ས་སྐྱ་པ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། མཐུ་སྟོབས་ཀྱི་དབང་ཕྱུག་ངག་གི་དབང་པོ་ཀུན་དགའ་རིན་ཆེན། འཇམ་པའི་དབྱངས་བྱམས་པ་མགོན་པོ་དངོས་གྲུབ་དཔལ་འབར། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་འཇམ་མགོན་ཀུན་དགའ་རྒྱལ་མཚན། རྗེ་བཙུན་རིན་པོ་ཆེ་བསྟན་པའི་སྒྲོན་མེ། སྐལ་བཟང་ཚུལ་ཁྲིམས་པདྨ་ཕྲིན་ལས། ཀླུ་སྡིང་ཞབས་དྲུང་རིན་པོ་ཆེ། ནཱ་ལེནྡྲ་གཟིམ་འོག་མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས། ལྷ་ཁང་མཁན་རིན་པོ་ཆེ་རིན་ཆེན་ཆོས་འཕེལ། དགའ་ལྡན་པ་བསྟན་པའི་རྒྱལ་མཚན། བླ་མ་བྱམས་པ་བསྟན་འཛིན། མདོ་སྔགས་སྨྲ་བའི་ཉི་མ་དགའ་ལྡན་དཔོན་སློབ་བྱམས་པ་སྨོན་ལམ་གྲགས་པ། འདར་གྲོང་ཆེན་མཁན་པོ་ཀུན་དགའ་དཔལ་བཟང་སོགས་ཡོངས་སུ་གྲགས་པ་དང་། མ་གྲགས་པ་མཐའ་ཀླས་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱས་པར་མཛད་པ་ཡིན་ནོ། །སྤྱི་དོན་གསུམ་པ་ཐ་མར་དགེ་བ་


JKT019_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མྱ་ངན་ལས་འདས་ཀྱང་མཛད་པ་རྒྱུན་མི་འཆད་པའི་ཚུལ་ནི། དེ་ལྟར་ཞིང་འདིར་མཛད་པ་རྫོགས་པའི་མཐར། །འོད་གསལ་ཆེན་པོའི་དབྱིངས་སུ་སྙོམས་ཞུགས་ཀྱང་། །སླར་ཡང་ཟུང་འཇུག་སྤྲུལ་པའི་རྣམ་རོལ་གྱི། །མཛད་པ་རྒྱུན་མི་འཆད་ལ་གསོལ་བ་འདེབས། །ཞེས་སྨོས་ཏེ། དེ་ལྟར་ཞིང་འདིར་ཐུབ་བསྟན་རིན་པོ་ཆེ་སྲིད་མཐར་གསལ་བའི་བྱ་བ་ཡོངས་སུ་རྫོགས་པ་ན། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང་། ཞིང་ཁམས་གཞན་གྱི་གདུལ་བྱ་རྒྱ་ཆེ་བར་དགོངས་ནས། མུས་ཆེན་གྲུབ་པའི་དབང་པོ་ཆོས་ཉིད་ཡེ་ཤེས་ཀྱི་ལུང་བསྟན་ཇི་ལྟ་བ་བཞིན་དགུང་གྲངས་དྲུག་ཅུ་རྩ་བཞིར་ཕེབས་པ་མེ་མོ་གླང་གི་ལོའི་ས་ག་ཟླ་བའི་ནང་དུ། མགུལ་ཆམ་ལྟ་བུའི་བསྙུན་རྐྱེན་ཕྲ་མོ་ཞིག་གིས་གཞན་དོན་དུ་གཤེགས་པ་ན། འོད་གསལ་ཆེན་པོར་ཞུགས་པའི་རྟགས་རྣམས་གསལ་བར་བསྟན་ཅིང་། ཐུགས་དམ་གསལ་འདེབས་རྒྱ་ཚོ་སློབ་དཔོན་རྡོ་རྗེ་འཛིན་པ་ཤེས་རབ་འོད་ཟེར་གྱིས་མཛད། འཇམ་མགོན་སྐུ་མཆེད་ནས་ཀྱང་མཆོད་སྤྲིན་རྒྱ་ཆེར་སྤྲོས། གོང་དུ་སྨོས་པའི་རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱི་བླ་བྲང་རིན་ཆེན་སྒང་དུ་སྐུ་གདུང་ཞུགས་འབུལ་སོགས་དང་། ཕྱི་རྟེན་དངུལ་གྱི་གདུང་རྟེན་བུམ་སྒོར་རྗེ་ཉིད་ཀྱི་སྐུ་འདྲ་དང་བཅས་དེང་སང་མཆོད་སྡོང་འཛམ་གླིང་འོད་


JKT019_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་མདུན་དུ་བཞུགས་པ་འདི་དང་། དུས་ཐང་སོགས་གཤེགས་རྗེས་ཀྱི་བྱ་བ་མཐར་ཕྱིན་པ་དང་། ཡབ་རྗེ་གདོད་མའི་མགོན་པོ་དཔལ་ལྡན་ཆོས་སྐྱོང་གི་དགོངས་རྫོགས་དང་ཆབ་གཅིག་ཏུ་ས་ག་ཟླ་བར་དཔལ་དགེས་པ་རྡོ་རྗེའི་སྒྲུབ་མཆོད་བཅས་རྣམ་དཀར་གྱི་རྒྱུན་དེང་སང་བར་དུ་གོང་འཕེལ་དུ་གནས་ཤིང་། སླར་ཡང་ཟུང་འཇུག་སྤྲུལ་པའི་ཟློས་གར་བྱང་ཤར་མཚམས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་གཙོ་བོར་སྤྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཞིག་ཏུ་སྐུའི་སྐྱེ་བ་བཞེས་ཏེ། རྟེན་དེ་ལ་མཆོག་གི་དངོས་གྲུབ་མངོན་དུ་མཛད་ཚུལ་གྲུབ་དབང་ཆོས་ཉིད་ཡེ་ཤེས་ཀྱིས་ལུང་བསྟན་པས་མཚོན། རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྒྱ་མཚོ་ལ་དབང་འབྱོར་བས་འགྲོ་ལ་ཕན་བདེ་སྩོལ་བའི་མཛད་པ་རྒྱུན་མི་འཆད་པ་འབྱུང་བ་ཉིད་དོ། །གསུམ་པ་སྨོན་ལམ་དང་ཤིས་བརྗོད་ཀྱི་ཕྲེང་བ་སྦྱར་བྱང་དང་བཅས་པས་མཇུག་བསྡུ་བ་ནི། རྩེ་གཅིག་གུས་པས་ཁྱོད་ཀྱི་རྣམ་པར་ཐར། །ཞེས་སོགས་སྨོས་ཏེ་གོ་སླ་བས་མ་སྤྲོས་སོ། །འདིར་སྨྲས་པ། གནས་ལྔ་རིག་པའི་པཎྜི་ཏ། །མཚུངས་མེད་རྡོ་རྗེ་སློབ་དཔོན་ཆེ། །བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི། །རྟོགས་བརྗོད་མཁའ་ལྟར་རྒྱ་ཆེ་ཡང་། །རང་གཞན་དད་པའི་ས་བོན་ལས། །ཕན་བདེའི་མྱུ་གུ་


JKT019_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་ཆེད། །ཚིག་སྦྱོར་ཡིད་འོང་ཨུཏྤལ། །རབ་ཏུ་རྒྱས་པའི་སྙེ་མ་འདི། །བརྩོན་པས་བསྒྲུབས་པའི་ལེགས་བྱས་ཀྱིས། །ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀུན། །བླ་མ་མཆོག་གིས་རྗེས་བཟུང་ནས། །བྱང་ཆུབ་སྙིང་པོར་རོ་གཅིག་ཤོག །ཅེས་དཔལ་ས་སྐྱ་པའི་ཡོངས་འཛིན་འཇམ་པའི་དབྱངས་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་མདོར་བསྡུས་པ་དད་པའི་ས་བོན་ཨུཏྤལ་རབ་ཏུ་རྒྱས་པའི་སྙེ་མ་ཞེས་བྱ་བ་འདིའང་། རྗེ་དེ་ཉིད་གྱི་ཐུགས་སྲས་མདོ་སྔགས་རབ་འབྱམས་སྨྲ་བའི་སེང་གེ །དཔལ་ལྡན་བླ་མ་དམ་པ་བྱམས་པ་སྨོན་ལམ་གྲགས་པས་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དུ་མདོར་བསྡུས་འདི་ལྟ་བུ་ཞིག་སྦྱོར་བར་འོས་སོ་ཞེས་ཟིན་ཐོའི་ས་བོན་དང་བཅས་ཏེ་སྩལ་བ་བཞིན། ཤར་མདོ་ཁམས་ཀྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ས་སྐྱའི་བླ་བྲང་དུ་རབ་བྱུང་བཅུ་གཉིས་འགལ་བྱེད་ཅེས་པ་ལྕགས་མོ་ཕག་གི་ལོའི་སྣོན་ཟླའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་དུས་ཚེས་དགེ་བའི་སྔ་དྲོའི་ཆ་ཁོ་ནར་གང་ཤར་ཡུད་ཙམ་ལ་བྲིས་པ་དགེ་ལེགས་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། ༈ །།སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་བྱུང་བ་བརྗོད་པའི་གཏམ། ལེགས་བཤད་བསྐལ་པ་བཟང་པོའི་


JKT019_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རྒྱན་ཅེས་བྱ་བ་ལེའུ་བཀྲ་ཤིས་པའི་གྲངས་ལྡན་གྱི། དང་པོ་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང་། གཉིས་པ་ནང་བཅུད་སེམས་ཅན་འགྲེལ་ཚུལ་ཤེས་བྱ་རབ་གསལ་ལྟ་བུ་དང་བསྟུན་ནས་ཤེས་བྱའི་མཛོད་ཕུགས་ཀྱི་རྩ་ཚིག་དྲངས་ཤིང་དེ་ལྟར་སྦྱར། གསུམ་པ་སྟོན་པ་སངས་རྒྱས་བྱོན་ཚུལ་ཞང་ཞུང་མ་རྩ་ཚིག་ཏུ་བྱས་པའི་མཛད་པ་མདོ་ཚང་། བཞི་པ་བསྟན་པ་བོན་འཁོར་བསྐོར་ཚུལ། སྤྱིར་བོན་གྱི་འཁོར་ལོ་བསྐོར་ཚུལ། བྱེ་བྲག་སྒོ་བཞི་མཛོད་ལྔ་ཐེག་པ་བཞི་བཅུ་རྩ་ལྔ་སོགས་ཀྱི་དབྱེ་བསྡུ། ཁྱད་པར་ཐེག་དགུའི་རྣམ་གཞག་ལྷོ་གཏེར་ལྔར་རྩ་ཚིག་བཞག་པའི་འགྲེལ་བཤད། ལྔ་པ་བསྟན་འཛིན་དགེ་འདུན་བྱོན་ཚུལ་ལ་ཞང་ཞུང་ཕུག་པ། དྲུག་པ་བར་པ། བདུན་པ་སྒོ་བ་རྣམས་སུ་རིམ་པར་དར་ཚུལ། ཕྱི་མ་ལ་སྔ་དར། ཕྱི་དར་གཉིས། ཕྱི་དར་ལ་སྤྱིར་བཀའ་གཏེར་སྙན་གསུམ་བྱོན་ཚུལ། དེ་དག་གི་བརྒྱུད་འཛིན་གཡུང་དྲུང་བོན་གྱི་སྡེ་སྔར་དར་ཚུལ་གཉིས། འདི་རྣམས་དངོས་རྣམས་མ་ལྟ་བུའི་རྩ་ཚིག་དང་སྦྱར་ཞིང་། གཏེར་སྟོན་བརྒྱ་རྩར་ཀུན་འགྲེལ་གྱི་གསོལ་འདེབས་དེ་འདྲ་རྩ་ཚིག་ཏུ་བཀོད་ནའང་ལེགས། བརྒྱད་པ་ཞར་བྱུང་ལ། ཆོས་ཀྱི་ལོ་རྒྱུས་མདོ་ཙམ། རྒྱལ་རབས། ཆོས་འབྱུང་། རིགས་གནས་ཚུལ། བོན་ཆོས་ཀྱི་རྩོད་སྤངས། བསྟན་པ་གནས་པའི་ཚུལ་


JKT019_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་བསྟན་བཅོས་དང་ངེས་དོན། སྟོན་པ་མྱ་ངན་ཡོངས་མི་འདའ། །བོན་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །མྱ་ངན་འདས་དང་ནུབ་པར་སྟོན། །གཡུང་དྲུང་སྐུ་ནི་རྒྱུན་གྱིས་རྟག །འདུལ་ཐབས་བོན་སྒོ་ནུབ་མེད་འཕེལ། །ཞེས་པ་ལྟ་བུའི་ཤིས་པའི་ཚིག་གིས་མཐའ་བརྒྱན་ཏོ། །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།། །།


previousཤོག་ལྷེབ་ ༤༠༡ ནས་ ༥༠༤ བར། next