Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར། next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JKT019_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མི་བརྒྱུད་ལ་སྨན་བླ་མགོན་ཞེས་གསོ་དཔྱད་མཁས་པ་ཞིག་བྱུང་། དེའི་བུ་ལ་སོག་ཕྲུག་ཐར་པ་དང་། གསེར་རྣ་གཉིས་བྱུང་བའི་ཕྱི་མའི་བརྒྱུད་ལས། ཡབ་དཔོན་ཚང་གནམ་ལྷ་ཡག་དང་། ཡུམ་རྒ་བཟའ་བདེ་འཛོམ་གཉིས་ཀྱི་སྲས་སུ་རྨ་ཆུ་བརྒྱུད་དང་ཉེ་བའི་དར་གྱི་ལྕགས་ཕྲེང་བྱ་བར། རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔར་འཁྲུངས། ལོ་འདིའི་ཟླ་བ་གཉིས་པའི་ཚེས་གསུམ་ལ་རིག་འཛིན་གཏེར་བདག་གླིང་པ་ཞིང་གཞན་དུ་གཤེགས་པ་དང་། རྫོགས་ཆེན་རིན་པོ་ཆེས་མཚན་པདྨ་འགྱུར་མེད་རྣམ་རོལ་དུ་བཏགས་པ་དང་། རྗེ་ཉིད་ཀྱི་མནལ་ལམ་སོགས་ལ་རྗེས་སུ་དཔག་པས་གཏེར་ཆེན་རིན་པོ་ཆེའི་སྐྱེ་ཕྲེང་དུ་གྲགས་པས། གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཀྱང་དེ་ལྟར་དུ་སྐྱེ་ཕྲེང་གསོལ་འདེབས་མཛད་པ་སོགས་ཡོད། དགུང་ལོ་བརྒྱད་པ་ནས་བརྩམས་ཏེ་ཡི་གེའི་གྲར་ཞུགས་པ་ཚེགས་མེད་དུ་མཁྱེན་ཅིང་འཛིན་བློ་ཡངས་པས་འདོན་ཚོགས་མང་པོ་ཐུགས་སུ་ཆུད། བཅུ་དགུ་པར་ལེགས་དགོན་བླ་མ་ཀརྨ་ཡེ་ཤེས་ལ་གཙུག་ཕུད་ཕུལ། མཚན་འགྱུར་མེད་བཀྲ་ཤིས་རྒྱ་མཚོར་བཏགས་པ་ཕྱིས་དེ་ལྟར་དུ་གྲགས། དེའི་ཕྱི་ལོར་རྫོགས་ཆེན་དུ་བྱོན། འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་


JKT019_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཁྲིད་གསན། སྦྱང་རྩོལ་སྤྱི་དང་ཁྱད་པར་སེམས་ཀྱི་རྩ་གདར་ཞིབ་ཏུ་བཅད། ལོ་དེར་ལྷོ་ཁམ་པ་རིན་ཆེན་ངག་དབང་ཀུན་དགའ་བསྟན་འཛིན་རྫ་རྒྱུད་དུ་ཕེབས་པ་མཇལ་ཞིང་མི་ཕྱེད་པའི་དད་པ་ཐོབ། གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔར་རབ་ཏུ་བྱུང་། མཚན་དགེ་ལེགས་ཚོགས་འཕེལ་བསྟན་པ་དར་རྒྱས་ཞེས་བཏགས། ཉེར་གཅིག་པར་རྐང་ཚ་བླ་མ་པདྨ་དར་རྒྱས་གདན་དྲངས་ནས། འདུས་པ་མདོ་དབང་ཆེན་མོ་གཏད་རྒྱ་བཅས་དང་། སྨིན་གླིང་གཏེར་གསར་ཡོངས་རྫོགས། ཞི་ཁྲོ་དགོངས་པ་རང་གྲོལ། མཁའ་འགྲོ་སྙིང་ཏིག་སོགས་གསན། ཕྱི་ལོའི་དབྱར་ཟླ་ཐ་ཆུང་ནང་བླ་མ་དབུས་སུ་ཕེབས་པ་དང་མཉམ་དུ་བྱོན། རྒྱལ་དབང་སྐལ་བཟང་རྒྱ་མཚོ་ལི་ཐང་ནས་སླར་བྱོན་པའི་དེ་མ་ཐག་པར་ལྷ་ལྡན་དུ་སླེབས་པས་རྒྱལ་དབང་རིན་པོ་ཆེ་མཇལ་ཕྱག་ལ་ཕེབས་པའི་བླ་ཆེན་མང་པོའང་མཇལ། བླ་སློབ་ཀྱི་ཐུགས་བཞེད་ལྟར་བླ་མ་མངའ་བདག་གྲགས་པས་ཞུ་ནན་མཛད་པའི་མཚམས་སྦྱོར་ལ་བརྟེན། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་ཞལ་སྔ་ནས་ཀྱང་བཀའ་འགྱུར་རིན་པོ་ཆེའི་ལུང་གསན་པར་ཞལ་གྱིས་བཞེས་པ་ལྟར་སྨིན་གྲོལ་གླིང་དུ་ཕེབས། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཞི་ནས་བཟུང་རྗེ་རིན་ཆེན་རྣམ་རྒྱལ་གཙོར་གྱུར་པའི་གཞི་བྱེས་ཀྱི་འདུས་པ་རགས་བསྡུས་ལ་འོག་


JKT019_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ། གྲྭ་ཐང་མཁན་ཆེན་སྒེར་པ་རྗེ་དྲུང་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་ནས་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཟླ་བ་ལྔའི་ཁོངས་སུ་རྫོགས་པར་སྩལ་བ་གསན། མཁན་ཆེན་ཉིད་ཀྱིས་རྗེ་རིན་ཆེན་རྣམ་རྒྱལ་ལས་དག་སྣང་རྒྱ་ཅན་གྱི་དབང་ལུང་རྫོགས་པར་གསན་པའང་ནོད། བར་སྐབས་སུ་དགེ་རྒན་མཁས་པ་ལས་སྙན་ངག་མེ་ལོང་། སྒྲ་དབྱངས་ཅན་མ་མཚམས་སྦྱོར་སོགས་རགས་རིམ། སྡེབ་སྦྱོར་རིན་འབྱུང་ལ་ཉ་ཝར་སོགས་གསན་སྦྱངས་མཛད། ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་སྨིན་གླིང་དོན་ཡོད་དཔལ་བཟང་ལས་བསྙེན་བར་རྫོགས་པའི་མཚན་འགྱུར་མེད་མཆོག་གྲུབ་དཔལ་འབར་དུ་གསོལ།། ༈ །།མདོ་ཁམས་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ལམ། འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཕྲིན་ལས་རྣམ་རྒྱལ་རྡོ་རྗེ་ནི། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་ལས། གནས་དང་འབྲེལ་ལ་གངས་ཀྱི་མཚམས། །ཤུལ་གསུམ་བགྲོད་ལ་བལྟ་རྟོགས་ཀྱིས། །ཨེ་ཀ་ཛ་ཊིའི་སྐོང་སྟོང་འབུངས། །ཞེས་དང་། ལྐོག་གྱུར་འདི་དོན་ལྐོག་ཏུ་མ་གྱུར་ཏེ། །རྡོ་རྗེ་གསུམ་སྤྲུལ་གཉིས་ནི་དབུས་མཐར་གབ། །འགྲོ་དོན་ཐུགས་བབས་དག་


JKT019_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐུགས་ཀྱི་སྤྲུལ། །གནས་དེའི་ནུབ་ཕྱོགས་གནས་དང་ཉེ་བའི་ཆར། །གངས་རིའི་མིང་མཚམས་གསེར་ལྡན་ཀླུང་ཆེན་འགྲམ། །ཆེ་བཙན་རིགས་བཙུན་གསུམ་ཤུལ་གཙང་མའི་བརྒྱུད། །བསོད་ནམས་ཕ་མ་ནོར་འཛིན་མིང་ཐོགས་པར། །ཡོད་ཅེས་ལུང་ཤེས་འདྲེས་པའི་ངང་ནས་གོ །ཞེས་ཤིན་ཏུ་གསལ་བར་ལུང་བསྟན་ཅིང་། སྐུ་གོང་མ་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་ནས། ཁོ་བོ་ཡུན་རིང་དུ་འཚོ་དཀའང་། སྤྲུལ་པ་གསུམ་འབྱུང་བའི་གཉིས་མངའ་རིས་དང་དབུས་ཕྱོགས། གཅིག་འདི་ཕྱོགས་དང་མི་རིང་བའི་ས། ཤིང་སྡོང་ཆེན་པོ་ཡོད་པ་ཞིག་གི་རྩར་འཁྲུངས། དེས་བསྟན་པ་ལ་ཕན་པར་འོང་ཞེས་ཞབས་གྲས་ནང་མ་རྣམས་ལ་གསུང་འཕྲོས་སུ་སྩལ་བ་དང་། གཞན་ཡང་གྲུབ་དབང་ཆོས་ཀྱི་རྡོ་རྗེས་གཡུ་སྒྲ་སྙིང་པོའི་སྐྱེ་མཐའ་ཡིན་ཚུལ་དང་བཅས་ཀུན་མཁྱེན་རིན་པོ་ཆེའི་གསུང་དང་མཚུངས་པའི་གསང་ལུང་གསལ་པོ་དང་། ཕྱིས་སུ་ཆོས་གླིང་བཅུ་གསུམ་པ་སྤུ་བོ་གཏེར་ཆེན་འཆི་མེད་རྡོ་རྗེའམ་ཀུན་བཟང་འོད་ཟེར་གྱིས་བཻ་རོའི་སྤྲུལ་པར་ལུང་བསྟན་པ་དང་། ས་སྐྱ་པ་འགྲོ་མགོན་དབང་སྡུད་སྙིང་པོའི་གཟིགས་སྣང་དང་། གླིང་གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་ལུང་བྱང་ལས་ཨོ་རྒྱན་ཉིད་ཀྱི་སྤྲུལ་པར་གསུངས་ཤིང་། ཟུར་མཁར་གཏེར་ཆེན་ཟླ་བའི་འོད་ཟེར་གྱི་གཏེར་


JKT019_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལས་རྡོ་རྗེ་བདུད་འཇོམས། ནགས་ཤོད་གཏེར་ཆེན་ཀློང་ཆེན་རོལ་པ་རྩལ་དང་། སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལུང་ལས་བི་མ་ལ་མི་ཏྲ། དྭགས་གཏེར་བདེ་ཆེན་རྡོ་རྗེའི་གཏེར་ལུང་ལས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་བསྔགས་པ་སོགས་དངོས་གཅིག་དུ་མའི་ཚུལ་དུ་རྣམ་པར་འཕྲུལ་པ་འཕགས་པའི་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱི་ཆོས་ཉིད་ལྟར་འགལ་བར་མི་འདུ་ལ། དེ་ལྟ་བུའི་རིག་འཛིན་རྒྱལ་བའི་སྤྱི་གཟུགས་དམ་པ་གང་ཉིད་སྐུ་འཁྲུངས་པའི་ཡུལ་ནི། གདན་ས་ཆེན་པོ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ནུབ་ཕྱོགས་ཉིན་ཞག་གསུམ་ཙམ་གྱི་སའི་ཆ། སྔོན་གྱི་ཚེ་ལོ་ཆེན་ལྡན་མ་རྩེ་མང་དང་། པཎ་ཆེན་སྨྲི་ཏི་ཛྙཱ་ན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་འཕགས་བོད་ཀྱི་སྐྱེས་བུ་དུ་མས་ཞབས་ཀྱིས་བཅགས་པའི་ལྡན་ཡུལ་ཞེས་ཡུལ་གྱི་དགེ་བཅུའི་དཔྱད་པ་ཡོངས་སུ་རྫོགས་པའི་ནོར་འཛིན་གྱི་ཐིག་ལེ། གཞིའི་བདག་པོ་གངས་མཆེད་བརྒྱད་ཀྱིས་སྐྱོང་བ་གངས་རི་ཞེས་པའི་སའི་མཚམས། གནས་ཆེན་སེང་གེ་གནམ་རྫོང་དང་མཐའ་འདུལ་གྱི་གཙུག་ལག་ཁང་གླང་བན་སྒྲོན་མེ་ལྟ་བུ་ཞེས་གྲགས་པའི་ཕྱོགས། རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པ་ཐུབ་བསྟན་ཆོས་འཁོར་གླིང་གི་ཉེ་


JKT019_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ། གསེར་ལྡན་འབྲི་ཆུའི་ཀླུང་ཆེན་དལ་གྱིས་འབབ་པའི་གཡས་ཟུར། ར་ཁོ་དཔོན་ཚང་ཞེས་ཆེ་བཙན་གྱི་རིགས་བརྒྱུད་མ་ཉམས་ཤིང་། དམ་པའི་སྐྱེས་བུ་གསུམ་བརྒྱུད་མར་བྱོན་པའི་བསྟི་གནས། ལྕང་མའི་སྡོང་བོ་ཆེན་པོས་མནན་པའི་དཔལ་གྱི་ཁང་ཁྱིམ་དེ་ཉིད་དུ། ཡབ་བསོད་ནམས་རབ་བརྟན་དང་། ཡུམ་ནམ་མཁའ་འཛིན་དབང་མོའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ནང་ཚན་ཆུ་མོ་གླང་གི་ལོར་ཡབ་ཡུམ་ལ་མནལ་ལྟས་ངོ་མཚར་ཅན་དུ་མ་བཅས་བདེ་བར་སྐུ་བལྟམས། འཁྲུངས་ནས་རིང་པོར་མ་ལོན་པར་རྫོགས་ཆེན་རྫོགས་ཆེན་ཅེས་ཡང་ཡང་གསུངས། འབྱོག་རུ་ཚལ་ནས་རྔ་བོ་ཆེ་ཞིག་ཡོད་པ་བརྡུང་ཞིང་བཛྲ་གུ་རུའི་ཛཔ་སྒྲ་སྒྲོགས་པ་སོགས་ཀྱིས་མཚོན་དབང་བསྐུར་ཆོས་བཤད་དམ་པའི་བག་ཆགས་གསལ་བར་སད། དགུང་ལོ་ལྔ་པའི་སྐབས་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ལྡན་ལོ་ཆུང་ནང་དུ་སྡེ་དགེའི་གཉེར་ཆེན་གཤེན་རབ་སྟག་རྒྱལ་གྱིས་གདན་དྲངས། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གྱི་སྒྲུབ་ཆེན་མཛད་སྐབས། རིག་འཛིན་བླ་མའི་ཞལ་ནས་ར་ཁོ་དཔོན་ཚང་གི་བུ་ཆུང་བ་དེ་འདིར་མ་བྱོན་ཀ་མེད་ཡོད་ཅེས་གསུང་ནན་གནང་། སྒྲུབ་དབང་རྒྱས་པ་སྐུ་རྐྱང་ལ་སྩལ། ཚེ་སྒྲུབ་ཀྱི་ཕྱག་དཔེ་ཞིག་ཀྱང་གནང་ནས་ལྗགས་ཀློག་ནམ་མཁྱེན་པ་ན་དཔེ་འདི་ཐུགས་


JKT019_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱིས་ཆད་མེད་མཛད་དགོས་ཚུལ་དང་། དབུ་བྱུག་སོགས་སྩལ་ནས་ཤིན་ཏུ་དགྱེས་པས་དོན་གྱི་ངོས་འཛིན་གསལ་བར་མཛད། དགུང་ལོ་བདུན་བཞེས་པ་ས་མོ་ལུག་ལོར་རྫོགས་ཆེན་གདན་ཚབ་རྒྱལ་རོང་སྐུ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། ཆོས་རྒྱལ་ཆེན་པོ་སོགས་མཆོད་ཡོན་རྣམས་ཀྱིས་ཐུགས་རྩ་ཆེ་བར་མཛད་དེ། རྒྱལ་རོང་དབོན་སྤྲུལ་བསྟན་པའི་ཉི་མ། དཔོན་ཨོ་རྒྱན་བསམ་འགྲུབ། བླ་མ་རིག་འཛིན་བཟང་པོ་སོགས་དབུ་ཆེ་རགས་རིམ་དཔོན་སློབ་སུམ་ཅུ་སྐོར་ཡབ་གཞིས་སུ་བྱོན་པ་ན། སྤྲུལ་པའི་སྐུས་སྔོན་གནས་རྗེས་དྲན་དང་དགྱེས་པའི་རྣམ་འགྱུར་དུ་མ་མཛད་པས་ཡིད་ཆེས་ཀྱི་ངེས་ཤེས་ལྷག་པར་འཁྲུངས། ཡབ་ཡུམ་སོགས་སྐུ་རྒྱབ་པ་དང་ས་དབང་སྡེ་དགེའི་ཆིབས་ཁ་པ་སོགས་དཔོན་འཁོར་སུམ་ཅུ་སྐོར་དང་བཅས་པ་གསེར་ལྡན་གྱི་ཆུ་བོ་ལས་བརྒལ་ཏེ་རིམ་པར་དལ་འགྲོས་ཀྱིས་ཆུ་སྟོད་ཟླ་བའི་ཚེས་བཅུའི་སྔ་ཆར་ཆིབས་བསུ་རིང་ཐུང་དགོན་སྡེའི་སེར་ཕྲེང་གི་བཀོད་བཤམ་སོགས་ཕལ་པའི་བློའི་ར་བ་ལས་འདས་བའི་དཔལ་གྱི་འབྱོར་པ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ངོ་མཚར་འབྱམས་ཀླས་པས་གོང་མའི་གདན་ས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཆེན་པོར་འཇིགས་མེད་སེང་གེའི་ཁྲི་ལ་ཞབས་པད་བཀོད་རྗེས། གཙང་


JKT019_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཐུབ་ཆེན་གྱི་སྤྱན་སྔར་མཁས་གྲུབ་ཆེན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་གཙུག་ཕུད་བཞེས་ཏེ། མཚན་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་གམ་རྣམ་རྒྱལ་རྡོ་རྗེ་ཞེས་གསོལ། སླར་གསེར་ཁྲིར་ཞབས་པད་བཀོད་པ་དང་ཆབ་གཅིག་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་བརྟན་བཞུགས་དང་འབྲེལ་བར་རྫོགས་ཆེན་གཞུང་གི་ཁྲི་འབུལ་དང་། ཆོས་རྒྱལ་ཆེན་པོས་ཤུག་ཙ་གཉེར་ཆེན་དངོས་གྲུབ་གཉིས་ཆེད་མངགས་ལྟར་ཁྲི་འབུལ་ཕུལ། རྒྱལ་རོང་དཔོན་བསམ་འགྲུབ་ནས་གསུང་བཤད་ཞོམ་ཐོག་ཆོད་པར་མཛད། ཕྱིར་ཉིན་ཟེ་ཆེན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་དབུ་བཞུགས་ཀྱིས་ཚེ་ཆོག་དང་འབྲེལ་བར་ཞབས་བརྟན་ལེགས་འབུལ་རྒྱ་ཆེར་སྤྲོས་པ་དང་ཆབ་གཅིག །དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དགུང་ལོ་བཅུ་གསུམ་དུ་སོན་པས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ལྗགས་བཤད་རྒྱ་ཆེར་སྤྲོས་ཤིང་། རྒྱལ་ཚབ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་གྱིས་སྔ་འགྱུར་བསྟན་པའི་བབས་ལུགས་སོགས་ཀྱིས་བྱང་དྲངས་ཏེ་སྐབས་སུ་བབས་པའི་འབེལ་བའི་གཏམ་འབྱམས་ཀླས་པ་གནང་། །དེ་འབྲེལ་སྟག་སྒང་གདན་ས་ནས་དབོན་སྤྲུལ་ཨོ་རྒྱན་ཉི་མ་སོགས་རྫོགས་ཆེན་ཕྱོགས་གཏོགས་དང་། གཞན་ཡང་གྲུབ་མཐའ་རིས་མེད་འབྲེལ་ཅན། གླིང་རྒྱལ་པོ་སོགས་ལྷ་སྡེ་མི་སྡེ་ཀུན་གྱིས་ཁྲི་


JKT019_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་དཔང་བསྟོད་དེ་ཕུལ། ཉིན་གསུམ་པར་སུ་ར་ཏོ་བཅུ་དྲུག་གིས་མཆོད་གར་སོགས་དགའ་སྟོན་མཐའ་རྒྱས་སུ་མཛད། ཡབ་ཚང་ལ་བསླུ་ཡོན་དངུལ་སྲང་ཉིས་བརྒྱས་གཙོས་རྣམ་གྲངས་སུམ་བརྒྱ་ལྷག་པ་དང་། སྟོན་ཆེན་ཀྱིས་གཙོས་ལྷ་སྡེ་མི་སྡེ་ཀུན་ལ་གསོལ་སྟོན་འབུལ་གནང་རིགས་རྒྱ་ཆེར་སྩལ། དེ་ནས་བཟུང་སྟེ་ཉེ་བར་གནས་པའི་སློབ་དཔོན་དབོན་པོ་ཆོས་གྲགས་བཟང་པོས་མཛད་དེ་བགྲང་བྱ་བཞིའི་བར་དུ་ཡི་གེའི་ཕྱི་མོ་ནས་བཟུང་བསླབ་སྦྱང་ནན་ཏན་དུ་མཛད་པས་མཁས་པར་མཁྱེན། དབང་ལུང་གསན་བཞེས་དང་བསྙེན་སྒྲུབ་སོགས་ཀྱང་ཅི་རིགས་མཛད། དགུང་ལོ་བཅུ་གཅིག་པར་སློབ་དཔོན་ཞི་བར་གཤེགས་པའི་ཚབ་མཁས་དབང་ཐུགས་རྗེ་བཀྲ་ཤིས་བརྐོས། འདི་ལོར་རྒྱལ་རོང་དུ་ཆིབས་བསྐྱོད་ནས་ཉི་སྤྲུལ་གསུམ་པ་རིན་པོ་ཆེ་མི་འགྱུར་ཕན་བདེ་རྒྱ་མཚོ་ལས་ལྷ་བཙུན་རྡོ་རྗེའི་རིག་འཛིན་སྲོག་སྒྲུབ། ལྔ་པའི་རྒྱ་ཅན། རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་ཡོངས་རྫོགས། ཐུགས་མཆོག་རྡོ་རྗེའི་ནཱ་ག་རཀཱ། ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་སྐོར་སོགས་དབང་ལུང་བཀའ་རྫོགས་སུ་གསན། སོག་རུ་ཀུན་བཟང་ལས་ཕྱག་བྲིས་བསླབ། དགུང་ལོ་བཅུ་གཉིས་ལོ་གསར་ཚེས་བཅུའི་བུམ་སྒྲུབ་ཀྱི་ཚོགས་དབུར་ཕེབས་


JKT019_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་བཟུང་སྐུ་ཚེའི་རིང་བཅད་རྒྱ་སོགས་དམིགས་བསལ་རེ་གཉིས་སྐབས་མ་གཏོགས་པར་དུས་མཆོད་ཐམས་ཅད་ལ་བྱོན་ནས་བསྒྲིགས་ཀུན་སྤྱོད་ཕྱག་བཞེས་འཁྲུལ་མེད་ཡིད་ཆེས་ཁུངས་བཙུན་ངོ་མཚར་བྱིན་རླབས་ཀྱི་དཔལ་དུ་འབར་བས་བློ་ལྡན་ཐམས་ཅད་དད་པའི་པདྨོ་སླར་ཡང་རྒྱས། གདོད་མའི་མགོན་པོ་རྩ་བའི་ཡོངས་འཛིན་ནམ་མཁའ་ཚེ་དབང་མཆོག་གྲུབ་ལས་མཁའ་འགྲོའི་སྙིང་ཏིག །གསང་བ་སྙིང་ཏིག །རྡོར་སེམས་སྙིང་ཏིག་རྣམས་ཀྱི་ཉམས་ཁྲིད་གསན་ནས་སྔོན་འགྲོའི་ཐུགས་སྦྱང་མཛད་པས། དད་པ་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམས་ལ་ཉམས་མྱོང་བཅོས་མིན་རང་ཤར་ཐུགས་ལ་འཁྲུངས་ཤིང་། ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་དང་། ལུས་ངག་ཡིད་གསུམ་སྦྱོང་བ་རྡོ་རུས་འཕྲོད་པ་སྔོན་དུ་འགྲོ་བས་སེམས་རིག་ཤན་དབྱེ་བས་རིག་པ་རྗེན་པར་ངོ་འཕྲོད་པར་དྲན་པ་བསྟེན་ཚུལ་སོགས་ཞལ་ཁྲིད་གནད་སྨིན་མཛད་པས་ཀུན་བཟང་གདོད་མའི་རྒྱལ་ཐབས་ལ་དབང་བསྒྱུར་ནས་མདོ་ཁམས་རྫོགས་ཆེན་པ་ཞེས་མཚན་དོན་དང་ལྡན་པར་མཛད། གཞན་ཡང་གོང་གསལ་སྙིང་ཏིག་གསུམ་གྱི་དབང་ལུང་ཡོངས་རྫོགས། ཉང་གཏེར་རྟ་ནག །མགོན་པོ་ཕྱག་བཞི་སོགས་ཉང་ཆོས་ཀྱི་ཟབ་གཏེར། རྒྱལ་སྲས་རྡོ་རྗེ་གླིང་པའི་རྫོགས་ཆེན་ལྟ་བ་ཀློང་


JKT019_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས། ཀར་གླིང་ཞི་ཁྲོ། ཞང་ཁྲོམ་གྱི་གཤིན་རྗེ་ཁྲོ་ཆུ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས། རཏྣའི་ཕུར་པ། རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་ཟབ་གཏེར་ཕལ་ཆེར། རིག་འཛིན་དཔའ་བོ་ལས་རབ་ཀྱི་ཐུགས་གཏེར། གར་དབང་འཆི་མེད་གླིང་པའི་འཆི་མེད་ཐུགས་ཏིག །ཐེག་གླིང་དང་། གླིང་གཏེར་ཆེན་པདྨ་འགྲོ་འདུལ་རྩལ་གྱི་ཟབ་གཏེར་ཕལ་ཆེར་སོགས་ཆོས་བཀའ་དབང་ལུང་དཀོན་རིགས་རྒྱ་ཆེར་གསན། མཁན་ཆེན་རིག་འཛིན་བཟང་པོའི་མདུན་ནས་ཉང་གཏེར་བཀའ་བརྒྱད་དབང་ལུང་། དགེ་རྩེ་བླ་མ་བསོད་བསྟན་ལས་འདུས་མདོ་དང་། སྙིང་ཏིག་བཀའ་གཏེར་སྐོར། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ་མཁན་སློབ་ལས་བཀའ་གཏེར་གྱི་དབང་ལུང་རྒྱ་ཆེར་གསན་བཞེས་དང་། ཤིང་བྱི་ནས་བཟུང་ལྕགས་རྟའི་བར་ལོ་བདུན་དུ་གདུལ་བྱ་གྲོང་ཆོག་སོགས་རྣམ་གཡེངས་རྒྱ་ཆེ་རིགས་ཀྱིས་མ་གོས་པར། ལོ་རེ་རེ་བཞིན་ཟླ་བ་དྲུག་ལས་མི་ཐུང་བར་བཅད་རྒྱ་གང་དམ་གྱིས་བླ་མ་གོང་མའི་ཐུགས་དམ་ལྷ་ཡི་གཙོས་བཀའ་གཏེར་གྱི་རྩ་གསུམ་རབ་འབྱམས་ཀྱི་བསྙེན་སྒྲུབ་ཤིན་ཏུ་གནད་སྨིན། བར་སྐབས་ཐམས་ཅད་དུ་ཕྱོགས་སོ་སོ་ནས་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཆེད་དུ་གདན་དྲངས་ནས་དབང་ལུང་སྨིན་ཁྲིད་རྒྱ་ཆེར་གསན་པ་ནི་


JKT019_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཙམ་ཡང་བརྗོད་པར་དཀའ་བས་མང་དུ་གསན་པའི་མཆོག་ཏུ་གྱུར་པ་སོགས་གསན་ཡིག་པོད་ཆེན་ལས་ཤེས། འདི་དག་གི་ཞབས་བསྐུལ་དང་དོ་དམ་རྗེ་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནས་མཛད་ཅིང་བླ་མའི་བཀའ་བཞིན་མཐར་ཕྱིན་པར་མཛད། བྱ་བ་ལས་ཀྱི་འཁོར་ལོའང་རྗེ་བླ་མ་ནམ་མཁའ་དང་དབོན་སྤྲུལ་སྐུ་མཆེད་ནས་ཐུགས་གཉེར་མཛད་དེ་དགུང་གྲངས་བཅུ་གསུམ་པར་ཚེས་བཅུའི་མཆོད་པས་འཁོར་ལོ་གཉིས་མཉམ་རྫོགས་སུ་མཛད་ཅིང་། གར་རྒྱས་སྤྲོས་ཅན་བཙུགས། འདུ་ཁང་མ་གཏོགས་པའི་བླ་བྲང་ཉམས་གསོ་གསར་བསྐྲུན་ཡིད་ཅན་མིག་གི་བདུད་རྩིར་སྤེལ། །དགུང་གྲངས་བཅོ་ལྔ་པར་མཁས་གྲུབ་མཚུངས་མེད་དཔོན་གུར་བླ་མ་ངག་དབང་བློ་གྲོས་གདན་དྲངས་ནས་བཀའ་བརྒྱད་གསང་རྫོགས། ཚེ་བདག་ལྕགས་འདྲ་སྡིག །རྫོགས་ཆེན་སྙན་བརྒྱུད། པད་གླིང་བླ་མ་ནོར་བུ་རྒྱ་མཚོ། དྲི་མེད་ལྷུན་པོའི་དོན་ཏིག་སོགས་དབང་ལུང་རྒྱུན་དཀོན་ཤིན་ཏུ་མང་བར་གསན། ལོ་དེར་ཞེ་ཆེན་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། རིག་འཛིན་འགྱུར་མེད་ཀུན་བཟང་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོར་གསོལ་ནས་སྟོན་མཆོག་ཤཱཀྱ་སེང་གེའི་རྒྱལ་ཚབ་ཏུ་མངའ་གསོལ། གུང་ཚིགས་དགོངས་བཅད་


JKT019_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འདུལ་པའི་ཕྱག་བཞེས་སོར་བཞག་གནང་། མེ་ཡོས་ལོར་བྱང་འབྲོག་རྫ་ཆུ་རྒྱུད་དུ་གདུལ་བྱ་ལ་ཕེབས་པ་ནས་བཟུང་བསྙེན་བཀུན་རྒྱ་ཆེར་བྱུང་བ་དག་རྟེན་བཞེངས་སྒྲུབ་མཆོད་སོགས་ཀྱི་རྩ་བར་ཆུད་མི་ཟ་བར་མཛད། དགུང་གྲངས་ཉི་ཤུ་པ་ཆུ་བྱ་ལོར་སྔར་ནས་ཀྱང་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན་པ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་སྤྱན་སྔར་ཆེད་ཀྱིས་ཕེབས་ནས། ཀློང་ཆེན་གོང་འོག་གི་བཀའ་གཏེར་བསྟན་བཅོས་སྐོར། བི་མ་སྙིང་ཏིག །སྙན་བརྒྱུད་རྡོ་རྗེ་ཟམ་པ་སོགས་ཀྱི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན་ཅིང་། ཁྱད་པར་རྫོགས་པ་ཆེན་པོ་སྙིང་ཏིག་གི་དགོངས་པ་ཐུན་མོང་མ་ཡིན་པ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་མངོན་དུ་མཛད་པས། རྗེ་ནམ་མཁའ་དང་། གྲུབ་དབང་འདི་གཉིས་ཁྱད་མེད་ཀྱི་རྩ་བའི་བླ་མ་དམ་པར་མཛད། ཤིང་ཁྱི་དགུང་གྲངས་ཉེར་གཉིས་པར་ལྷ་ལྡན་སྤྲུལ་པའི་ཞིང་ཁམས་ཆེན་པོར་ཆིབས་བསྒྱུར་གནང་། རྩེ་ཤོད་ཆོས་འཁོར་རྣམ་གཉིས་རྡོར་སྨིན་སོགས་སུ་མཆོད་སྤྲིན་ཤིན་ཏུ་རྒྱས་པར་སྤྲོས། རྒྱལ་དབང་དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ་ལྡན་ཆོས་འཁོར་དུ་འཁྲུངས་པར་ར་ཁོ་དང་སྐུ་རིགས་གཅིག་པའི་དཔོན་དུ་སོང་བས་ནང་བརྩེའི་གཟིགས་གསོལ་ཚད་མེད་པ་དང་བོད་སྐྱོང་རྒྱལ་ཚབ་དེ་མོ་རིན་པོ་


JKT019_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཀྱང་མཐོང་བཀུར་ཚད་མེད་སྩལ། སྤྲུལ་པའི་གཏེར་ཆེན་ཀློང་ཆེན་རོལ་པ་རྩལ་གྱིས་རང་གཏེར་གཙོར་གྱུར་སྨིན་གྲོལ་གདམས་པ་སྩལ་ཞིང་ལྷག་པར་རྫོགས་པ་ཆེན་པོ་སྙིང་ཏིག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོད་རྒལ་གྱི་ཉམས་ཁྲིད་སྩལ་བ་ཐུགས་ཉམས་སུ་བཞེས་པ་རིག་པ་ཚད་ཕེབས་ཀྱི་རྟགས་སྣང་མངོན་དུ་གྱུར། ཟུར་ཕུ་ལྷ་ལྡིང་གཏེར་ཆེན་ཟླ་བའི་འོད་ཟེར་ལས་རང་གཏེར་རིག་འཛིན་བདེ་འདུས་ཀྱི་སྨིན་གྲོལ་རྫོགས་པར་གསན་ཅིང་ཆོས་ཀྱི་བདག་པོར་དབུགས་དབྱུང་། དེ་མཚུངས་མཁར་རྡོ་གྲུབ་དབང་ཆོས་ཀྱི་རྡོ་རྗེར་ཡང་ཆོས་འབྲེལ་གསན་ཅིང་ཆོས་བདག་ཏུ་དབུགས་དབྱུང་། ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕེབས་སྐབས་རིག་འཛིན་ཀུན་བཟང་ཞིང་གཤེགས་པས་མི་བཞུགས་ཀྱང་། རྒྱལ་ཚབ་ལྕགས་ལའི་ཐུགས་སྲས་རིན་པོ་ཆེ་མཇལ་ཞིང་ཚེ་དབང་གསན། འབུལ་ནོད་རྒྱ་ཆེར་ཕུལ། སྨིན་གླིང་དུ་ཟླ་འཁོར་ལྷག་ཙམ་བཞུགས་ནས། ཁྲི་ཆེན་པདྨ་དབང་རྒྱལ་ལས་བཀའ་མའི་དབང་ལུང་རྒྱ་ཆེ་དང་། གཏེར་བདག་གླིང་པའི་ཟབ་གཏེར་གྱི་སྨིན་གྲོལ་རྫོགས་པ་རྒྱ་ཆེར་གསན་བཞེས་དང་། ཐུགས་ཡིད་གཅིག་འདྲེས་ཀྱིས་མཐོང་བཀུར་ཚད་མེད་པ་གནང་། འབུལ་ནོད་དང་འདུས་སྡེར་བསྙེན་བཀུར་སོགས་ཤིན་ཏུ་རྒྱས་པར་སྤྲོས། ལྕགས་ཟམ་མཆོག་སྤྲུལ་རིན་པོ་ཆེ་ལའང་བཀའ་འབྲེལ་


JKT019_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གསན། སླར་ལྷ་ལྡན་དུ་ཕེབས་བསྟུན་མཁན་ཆེན་ཞི་བ་འཚོའི་རྣམ་འཕྲུལ་རྒྱལ་ཚབ་དེ་མོ་ཧུ་ཐོག་ཐུ་བློ་བཟང་ཐུབ་བསྟན་རྒྱལ་མཚན་སོགས་དད་པའི་དགེ་འདུན་གྲངས་ཚང་ལས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་ནས་མཁན་ཆེན་དམ་པས་ཀྱང་མངའ་གསོལ་གཟེངས་བསྟོད་མཐོང་བཀུར་དཔེ་བྲལ་དུ་གནང་། སྨོན་ལམ་ཆེན་མོའི་ཚོགས་དབུར་རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ་ཡབ་སྲས་ལྷན་རྒྱས་སྤྱན་དྲངས་པའི་སྤྱན་སྔར་མཆོད་སྤྲིན་ཤིན་ཏུ་རྒྱས་པར་སྤྲོས་ནས། མཎྜལ་རྒྱས་བཤད་རྗེ་ཉིད་ཀྱིས་མཛད་པས་ཐམས་ཅད་ཡིད་འཕྲོག །སྨོན་ལམ་ཆེན་མོའི་དགེ་འདུན་ལ་ཚོགས་འགྱེད་སོགས་ཁྱད་འཕགས་གནང་བས་གྲགས་པའི་རྔ་ཆེན་ཕྱོགས་ཀུན་ཁྱབ། དེ་ནས་རིམ་པར་ཁམས་སུ་ཆིབས་ཁ་བསྒྱུར་ནས་རང་གནས་སུ་གེགས་མེད་པར་ཕེབས་བསུའི་བཀོད་བཤམས་རྒྱ་ཆེན་དང་བཅས་ཕེབས་ནས་ལུགས་གཉིས་དགའ་སྟོན་ཕུན་སུམ་ཚོགས་པ་ཀུན་ཀྱང་རྗེས་སུ་ཡི་རངས། གླིང་གཏེར་ཆེན་པདྨ་འགྲོ་འདུལ་རྩལ་ཡང་ཕེབས་ནས་ཐུགས་ཡིད་གཅིག་འདྲེས་རྟེན་འབྲེལ་ལེགས་ཚོགས་རྒྱས། མེ་གླང་ལོར་སྡེ་དགེར་ལྕང་རའི་བུམ་སྒྲུབ་ཆེན་མོར་སྔར་སྲོལ་གདན་དྲངས་ཤིང་འགྲོ་ཕན་རྒྱ་ཆེར་སྤེལ། དེ་ནས་བཟུང་ལོ་གསུམ་རེ་ཙམ་གྱི་མཚམས་བུམ་སྒྲུབ་ལ་བསྟར་


JKT019_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སུ་ཕེབས་པས་མཚོན་ཆོས་རྒྱལ་ཆེན་པོས་དད་གུས་ཚད་མེད་པས་མཆོད་ཅིང་དབུའི་ཅོད་པན་གཅིག་པུར་གྱུར། དེ་ལྟ་བུའི་མཛད་པས་མཚོན་ལོ་བསྟར་རྫ་རྒྱུད་སོགས་ལ་རེས་མོས་ཀྱིས་འགྲོ་དོན་དང་། བར་སྐབས་ཐམས་ཅད་དུ་ཐུགས་དམ་གྱི་གཙོ་བོ་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པ། རྗེ་དྲུང་རིན་པོ་ཆེའི་དགོངས་གཏེར་པདྨ་རྒྱལ་པོ། ཟུར་ཕུ་གཏེར་ཆེན་ཟླ་འོད་དང་། ཀློང་ཆེན་རོལ་པ་རྩལ་གྱི་གཏེར་གསར་རྣམས་ཀྱིས་གཙོས་བཀའ་གཏེར་ཚད་ལྡན་བླ་མ་ཡི་དམ་གྱི་བསྙེན་སྒྲུབ་དཔག་ཏུ་མེད་པ་མཛད། སྐུ་གེགས་འཚུབས་འགྱུར་རིགས་ཀྱང་དགོངས་པའི་རྩལ་དང་། ཞབས་བརྟན་རྒྱ་ཆེར་བསྒྲུབས་པས་ཅུང་ཟད་ཀྱང་མ་གོས་པ་སྐུ་ཚེ་ཕྲིན་ལས་མཐར་ཕྱིན་པ་སྙིགས་དུས་ཀྱི་བསྟན་འཛིན་ཆེན་པོ་ཞིག་ལ་འགྲན་ཟླ་དང་བྲལ་ཞིང་། སྐུ་ཚེ་རིལ་པོར་ཐུགས་ནམ་སྐབས་སུ་ཞུ་མཁན་སུ་ཡོད་ལ་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་ཆད་མེད་དུ་གནང་བས་བསྟན་པའི་སྲོག་མཐུད། བྱ་བ་ལས་ཀྱི་འཁོར་ལོ་སྐུ་ན་ཕྲ་མོའི་སྐབས་སློབ་དཔོན་རིན་པོ་ཆེ། མཁན་ཆེན། ཆོས་རྒྱལ་བཅས་ཀྱི་སྣང་བརྙན་གསེར་ཟངས་ལས་ཐོག་ཚད་བཞེངས་པ་ནས་བཟུང་རྟེན་བཞེངས་དང་སྒྲུབ་ཁག་རྣམས་ཀྱི་ཞལ་ཐང་དང་ཡོ་བྱད་སོགས་བར་མ་ཆད་པར་བཞེངས་ཤིང་། ལྷག་པར་དགུང་


JKT019_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ལྔ་བཅུར་ཕེབས་པ་ཆུ་སྟག་དབྱུག་པ་ཟླ་བའི་ཚེས་དྲུག་གི་ནམ་ལངས་བསྟན་པའི་གེགས་ཆགས་སྟོབས་སུ་བདོ་བས་ཧོར་ཁོག་ནས་བརྩམས་ས་གཡོས་ཀྱི་འཇིགས་པ་ཆེན་པོས་དགོན་གནས་ཀྱང་རྨིས་མེད་དུ་གྱུར་བ། རྗེ་ཉིད་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་སྐབས་ཇི་བཞིན་དུ་གཟིགས། སྔོན་ནས་ལུང་བསྟན་པ་མངོན་དུ་གྱུར་པས་ཐུགས་དབྱུང་སྟེ་བྱ་བཏང་སྤོང་བ་པའི་བརྟུལ་ཞུགས་ལ་ཐུགས་གཏད་སྐབས། སྡེ་དགེ་ཆོས་རྒྱལ་དམ་ཚིག་རྡོ་རྗེས་ཐུགས་གསོས་རྒྱ་ཆེར་སྤྲོ་བ་དང་། དེ་ལྟ་བུའི་དགོངས་པ་མི་བཞེས་པར་ཉམས་གསོ་གསར་བཞེངས་སྔར་ལྟར་སོར་ཆུད་མ་མཛད་ཀ་མེད་དང་། དེའི་ཞབས་འདེགས་གང་དགོས་རྩེ་གཅིག་ཏུ་བསྒྲུབ་པར་ཞལ་གྱིས་བཞེས་ཤིང་། བདག་པོ་ནས་ཀྱང་ཞལ་ཡོད་དོན་མེད་ལྟ་བུ་མ་ཡིན་པར་ལས་མགོ་བརྩམས་ནས་མཐར་མ་ཕྱིན་པར། སྐུ་ཚབ་དང་དམ་མཁྱེན་ཡངས་བར་ཤར་སྐལ་བཟང་རྣམ་རྒྱལ་རིང་བསྐོས་དང་། ཤིང་བཟོ་དང་། རུ་གར་སྡེ་ཤོག་རེས་མོས་དང་། ཤིང་ཆ་སོགས་དགོས་འདོད་ལྷུག་པར་སྩལ་ཞིང་གཙོ་ཆེར་རྗེ་ཉིད་ཀྱི་ཐུགས་བཞེད་ཕྲིན་ལས་རྨད་དུ་བྱུང་བ་དང་། གཞན་དགོན་སྡེ་དང་འབྱོར་ལྡན་རྣམས་ཀྱིས་ཞལ་འདེབས་ཀྱི་གཏོང་སྒོ་རྒྱ་ཆེས་མཚམས་སྦྱར། བསྟན་པ་རིན་པོ་ཆེ་གསར་དུ་འཆར་བའི་ཐུགས་བསྐྱེད་དང་


JKT019_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྱི་མཐུ་གྲུབ་པ་རྗེ་རྒྱལ་བའི་སྲས་པོ་ཀུན་མཁྱེན་གཞན་ཕན་མཐའ་ཡས་ཀྱིས་ཞིབ་གཟིགས་དང་། རྗེས་སུ་ལྷོ་རི་བླ་མ་འགྱུར་མེད་བསྟན་འཕེལ་གྱིས་ཞབས་འདེགས་འཕྲོ་མཐུད་བཅས་རྟེན་དང་བརྟེན་པར་བཅས་པའི་གཙུག་ལག་ཁང་ཆེན་བླ་བྲང་དང་བཅས་སྔར་ལས་ཆེས་ཆེར་ལྷག་པའི་བཞེངས་བཀོད་དང་། ཉམས་གསོ་འགྲན་བྲལ་དུ་བཀའ་དྲིན་བསྐྱངས་པས་མཚོན་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་རྒྱས། ལྷག་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་དང་བཀའ་འགྲོས་ཏེ། དམ་པའི་ཆོས་འདུལ་བའི་ཕྱག་བཞེས་ཕྲ་ཞིབ་ཏུ་གཏན་ལ་ཕབ་ནས་གཞི་གསུམ་སོགས་ཀྱི་ཕྱག་བཞེས་མིང་ཙམ་དུ་མ་སོང་བའི་གཞན་འགྲན་བྲལ་བ་གསར་འཛུགས་དང་འབྲེལ་བར། ཀུན་མཁྱེན་པྲཛྙཱ་རསྨིའི་གསུང་རབ་མདོ་སྔགས་སྨོན་ལམ་དང་། སུམ་རྟགས་སོགས་རྒྱ་ཆེར་བཤད་པས་བློ་གྲོས་ཀྱི་སྒོ་བྱེ་ནས། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་གོང་འོག་གི་གསུང་རབ་རིན་པོ་ཆེའི་མཛོད། ཡོན་ཏན་རིན་པོ་ཆེའི་མཛོད། པཎ་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ་སོགས་ཉེར་མཁོའི་གཞུང་སྙིང་པོར་དྲིལ་བ་དང་། དབུ་ཕར་འདུལ་མཛོད་ཀྱི་གཞུང་ཆེན། དཔལ་གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་བཤད་ཉན་ཤིན་ཏུ་དར་ཞིང་། དེ་དག་གི་རྒྱུན་དཔལ་སྤྲུལ་འཇིགས་


JKT019_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་སོགས་ལ་གཉེར་དུ་སྩལ་ནས་མཁན་རབས་རྣམས་ཀྱིས་བཟུང་སྟེ་ད་ལྟའི་བར་ཤིན་ཏུ་དར་ཞིང་རྒྱས་པར་མཛད་པའི་ཕྲིན་ལས་འདི་ཁོ་ནའང་སྙིགས་དུས་བསྟན་པའི་ཉི་མ་གཅིག་པུར་བསྔགས་པའི་མེ་ཏོག་མཁས་དང་འཕགས་པའི་ཚོགས་ཀྱིས་ཉིན་བཞིན་དུ་འགྲེམ། དེ་ལྟ་བུའི་གསན་བསམ་སྒོམ་པ་གཙོ་གྱུར་འཁོར་ལོ་གསུམ་གྱི་མཛད་པ་མཐའ་ཡས་པའི། ཐོག་མར་ཟབ་ཆོས་རྒྱ་ཆེར་གསན་པའི་ཡོངས་འཛིན་གྱི་གཙོ་བོ་ནི། གོང་དུ་སྨོས་པ་ལྟར་མཁས་ཤིང་གྲུབ་པའི་དབང་ཕྱུག་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། ལྷ་སྲས་རྒྱལ་པོའི་རྣམ་འཕྲུལ་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ཏེ་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་རྩ་བའི་བླ་མ་རྣམ་པ་གཉིས་ཀྱིས་གཙོས། རྗེ་རྒྱལ་བའི་སྲས་པོ་ཀུན་མཁྱེན་བླ་མ་གཞན་ཕན་མཐའ་ཡས་ལས་བཀའ་བསྟན་ལུང་རྒྱུན་གང་ཡོད་དང་། གཞུང་བཤད་སོགས་དབང་ལུང་རྒྱ་ཆེར་གསན་པ་དང་། གྲུབ་དབང་དཔོན་སློབ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་ཞལ་མཇལ་ཞིང་བྱིན་གྱིས་བརླབས། བླ་མ་ཚེ་དབང་ལས་བཀའ་བརྒྱད་དབང་ཆེན། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་ལས་འདུས་པ་མདོ་དབང་ཆེན་མོ། ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་ལས་


JKT019_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་གྱི་དབང་ལུང་། གོང་སྨོས་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་དབང་ཆོས་ཆེ་རིགས། གཞན་ཡང་ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་། གླིང་གཏེར་ཆེན་པདྨ་འགྲོ་འདུལ་རྩལ། བདུད་འདུལ་གདུང་བརྒྱུད་རྒྱལ་སྲས་པདྨ་རྣམ་རྒྱལ། འཕགས་མཆོག་ཕྱག་ན་པདྨོ་འཇིགས་མེད་རྒྱ་བའི་མྱུ་གུ །འབར་ཆུང་བཀྲ་ཤིས་རྒྱ་མཚོའི་དབོན་བསྟན་འཛིན་ནོར་བུ། གྲུབ་མཆོག་འཇིགས་མེད་གོ་ཆའི་དབོན་མཁས་གྲུབ་ཕྲིན་ལས་དར་རྒྱས་སོགས་ལས་གསར་རྙིང་བཀའ་གཏེར་དག་སྣང་གི་སྨིན་གྲོལ་ལུང་བཅས་རྒྱ་མཚོ་ལྟ་བུ་གསན། གཞན་ཡང་ཀཿཐོག་ཞིང་སྐྱོང་མཆོག་སྤྲུལ་རིག་འཛིན་འཇིགས་མེད་མགོན་པོ། རྨོག་སྟོན་མཆོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། རྒྱལ་རོང་དབོན་སྤྲུལ་བསྟན་པའི་ཉི་མ་གོང་འོག །ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཟེ་ཆེན་རབ་འབྱམས་མི་མཇེད་ཞིང་གི་མགོན་པོ་དང་། རྒྱལ་ཚབ་ཨོ་རྒྱན་རང་བྱུང་རྡོ་རྗེ། གྲུབ་ཆེན་མཆོག་སྤྲུལ་སོགས་རང་ལུགས་དང་། གངས་ཅན་གྱི་མགོན་པོ་རྒྱལ་དབང་ལུང་རྟོགས་རྒྱ་མཚོ། དེ་མོ་ཧུ་ཐོག་ཐུ་ཡབ་སྲས། མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མ། ངོར་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་དང་། བྱམས་པ་ཀུན་དགའ་བསྟན་འཛིན།


JKT019_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་འཇམ་དཔལ་བཟང་པོ། ཕན་ཁང་མཁན་ཀུན་དགའ་བསྟན་པའི་བློ་གྲོས། ཞབས་དྲུང་ཁག །ནཱ་ལེནྡྲ་གཟིམས་འོག་མཆོག་སྤྲུལ་བྱམས་པ་བསྟན་འཛིན་སྙན་གྲགས་སོགས་ས་དགེའི་ཕྱོགས་དང་། ལྷ་འབྲང་རིག་འཛིན་དཔལ་ལྡན་ཆོས་རྒྱལ། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་འཕྲུལ་འཇིགས་མེད་ཡེ་ཤེས་རྡོ་རྗེ། མཁས་གྲུབ་འཇིགས་མེད་སྐལ་བཟང་། ཕྱིས་སུ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་བར་རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལས་ཆོས་འབྲེལ་ཅི་རིགས་པ་གསན་པས་གསན་རྒྱ་ཤིན་ཏུ་ཆེ་བ་གསན་ཡིག་པོད་ཆེན་ལས་གསལ་བ་དང་། དེ་ལྟར་གསན་པ་རྣམས་ཀྱང་བཀའ་གཏེར་གལ་ཆེ་བ་རྣམས་ལན་མང་འཆད་སྤེལ་དང་། ཚར་རེ་མ་འཆད་པ་མེད་པ་ལྟ་བུས་སྐུ་ཚེ་རིལ་པོར་འཆད་ཉན་རླབས་པོ་ཆེ་གནང་བའི་གྲུབ་འབྲས་བརྒྱུད་འཛིན་ཞལ་སློབ་ནམ་མཁའི་སྐར་ཚོགས་ལྟར་ཚད་བཟུང་མེད་པར་འཕེལ་བ་སྟེ། རགས་རིམ་ཙམ་བརྗོད་ན། དཔོན་སློབ་རིན་པོ་ཆེ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ། ཤིང་རྟ་ཆེན་པོ་ཀུན་མཁྱེན་གཞན་ཕན་མཐའ་ཡས་འོད་ཟེར་ཏེ་རྒྱལ་ཚབ་ཆེན་པོའི་ས་བརྙེས་པ་གསུམ། ཉི་གྲགས་མཆོག་སྤྲུལ་བཞི་པ་དཀོན་མཆོག་འཇིགས་


JKT019_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་མཚན། རབ་འབྱམས་བཞི་པ་མི་མཇེད་ཞིང་མགོན། རྒྱལ་ཚབ་མི་བསྐྱོད་མཁས་གྲུབ། རྗེ་དཔོན་གསུམ་པ་གར་དབང་ཐུགས་མཆོག་རྡོ་རྗེ། ནམ་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེ་སྟེ་བརྒྱུད་འཛིན་གདམས་པའི་གཏེར་འཛིན་ལྔ། མཁྱེན་སྤྲུལ་ཡེ་ཤེས་རྡོ་རྗེ། གླིང་གཏེར་ཆེན་པདྨ་འགྲོ་འདུལ། མཆོག་གྱུར་བདེ་ཆེན་གླིང་པ་སྟེ་སྤྲུལ་པའི་གཏེར་ཆེན་རྣམ་གསུམ། འཕགས་མཆོག་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་འགྲོ་དོན་མཐའ་ཡས་པའི་སེམས་དཔའ་གཅིག །གྲུབ་ཆེན་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་པའི་རྣམ་སྤྲུལ་ཨོ་རྒྱན་འཇིགས་མེད་ཕྲིན་ལས་འགྲོ་འདུལ། མཆོག་སྤྲུལ་པདྨ་བདེ་ཆེན་ཏེ་མཁྱེན་བརྩེ་ནུས་ལྡན་གྱི་བརྒྱུད་འཛིན་གསུམ། མཁས་གྲུབ་འཇིགས་མེད་སྐལ་བཟང་དང་། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སྟེ་མཁྱེན་རབ་ཟླ་མེད་པའི་མཁས་པ་གཉིས། མཁན་ཆེན་པདྨ་བཀྲ་ཤིས། པདྨ་དམ་ཆོས། པདྨ་འོད་ཟེར་དཔལ་བཟང་པོ་སོགས་རང་དགོན་གྱི་མཁན་རབས་མཁས་གྲུབ་བཅུ། དེའི་ནང་ནས་པདྨ་འོད་ཟེར་དང་། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་གཉིས་ནང་ཐུགས་ཀྱི་སྲས་ཟུང་སྟེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ། ཀཿཐོག་ཞིང་སྐྱོང་དང་། རྨོག་གྲུབ་རིན་པོ་ཆེ་གོང་འོག་སྟེ་བཀའ་


JKT019_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་བསྟན་འཛིན་ཆེན་པོ་བཞི། རིགས་དཔོན་འཇིགས་མེད་སོགས་ཕྱག་བཞེས་ཕྲིན་སྒྲུབ་ཀྱི་རྒྱལ་ཚབ་དགུ །མཁས་སྤྲུལ་སྒྲུབ་བརྒྱུད་ཉི་མ་གོང་འོག་སྟེ་སྒྲུབ་བརྒྱུད་བསྟན་འཛིན་མཆོག་ཟུང་། ཟེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་བཤེས་གཉེན་ཆེན་པོ་བཅུ། སེང་གེ་བླ་མ་ཀུན་བཟང་བསྟན་དར་སོགས་མདོ་སྔགས་འཆད་པའི་བཀའ་བབས་ཉེར་བདུན། མང་ཟ་བླ་མ་དཔལ་གྱི་སེང་གེ་སོགས་སྒྲུབ་པའི་བསྟན་འཛིན་སྤོང་བ་པ་ཆེན་པོ་ཉེར་བདུན། མ་གཅིག་མཁའ་འགྲོས་བྱིན་བརླབས་གཅོད་པ་པདྨ་སོགས་གཅོད་ཡུལ་བཀའ་བབས་ལུང་ཟིན་བཞི། དགེ་རྒྱལ་གཅོད་པ་སོགས་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་བརྒྱད། རས་སྤྲུལ་འཁྲུལ་སྣང་རང་གྲོལ་སོགས་ཕྱོགས་མེད་འགྲོ་དོན་མཛད་པའི་རྣལ་འབྱོར་པ་ཆེན་པོ་དགུ། དཔལ་ནཱ་ལེནྡྲའི་གཟིམས་འོག་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་སྙན་གྲགས་དང་། འཇམ་དབྱངས་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེས་མཛད་པའི་རྗེ་འདིའི་རྣམ་ཐར་སྒྲ་དབྱངས་རྒྱ་མཚོ་ནས་བཏུས་མཛད་པར་འདུག་མཆན། མཁྱེན་བརྩེའི་དབང་པོ་གཉིས་ལ་དགོངས་པས་བྱིན་རླབས་ཐུགས་སྲས་ཟླ་མེད་ཉི་ཟླ་ཟུང་གཅིག་ཏུ་གྲགས། འཛམ་གླིང་ཆོས་ཀྱི་ཤིང་རྟ་ཀོང་སྤྲུལ་ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། ཤིང་རྟ་ཆེན་པོ་ལི་


JKT019_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་མཁན་ཆེན་མཁས་མཆོག་བྱམས་པ་ཕུན་ཚོགས། མཁས་ཤིང་གྲུབ་པའི་དབང་ཕྱུག་གྱི་ལིང་སྤྲུལ་པའི་སྐུ་ཐུགས་མཆོག་སོགས་ཕྱོགས་ཀྱི་བསྟན་འཛིན་ཆེན་པོ་བཅུ། ཉི་གྲགས་དབོན་སྤྲུལ་དམ་པ་སོགས་སེམས་དཔའ་ཆེན་པོ་བཅུ། བདུད་འདུལ་གདུང་འཛིན་རྒྱལ་སྲས་སྙན་གྲགས་སོགས་གྲུབ་མཆོག་རྣམ་བཞི། ཁྲོ་ཟུར་གཏེར་སྟོན། ཟེ་ཆེན་རང་གྲོལ། རིག་འཛིན་ནོར་བུ། མ་ཧཱ་གཏེར་སྟོན། འོད་ལུས་པ་པདྨ་བདུད་འདུལ་ཏེ་ཟབ་གཏེར་བཀའ་བབས་ལྔ། གྲུབ་ཆེན་རྣམ་འཕྲུལ་དྲི་མེད་གྲགས་པ་དང་། ཀློང་ཆེན་རོལ་པ་རྩལ་གྱི་རྣམ་འཕྲུལ་ཏེ་སྙིང་པོའི་བསྟན་འཛིན་ཟུང་གཅིག །རྒྱལ་སྲས་གཞན་ཕན་སྤྲུལ་སྐུ། རབ་འབྱམས་ལྔ་པ། རྒྱལ་རོང་དབོན་སྤྲུལ་ལྔ་པ་སྟེ་འཁྲུལ་མེད་རྡོ་རྗེའི་ལུང་གིས་དབུགས་འབྱིན་ཐོབ་པའི་རྣམ་འདྲེན་གསུམ། རིག་འཛིན་ཉི་མ་གྲགས་པའི་ཡང་སྲིད་དྲུག་པ་ལྷ་རིགས་དམ་པ་དང་། གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཡང་སྲིད་གསུམ། ནོར་གླིང་མཆོག་སྤྲུལ། གླིང་གཏེར་ཆེན་གསུམ་པ་སྟེ་རྡོ་རྗེའི་ལུང་གིས་བསྟན་པའི་བསྟན་འཛིན་བཞི། རང་དགོན་འབྲུག་སྤྲུལ་རྣམ་གཉིས་དང་། ཀུན་བཟང་སྤྲུལ་པའི་སྐུ་སྟེ་རྒྱལ་བསྟན་འཛིན་སྤེལ་ལ་བསྔགས་པ་གསུམ། གྲུབ་མཆོག་སྟོབས་ལྡན་རྡོ་རྗེ་གོང་འོག །ནམ་མཁའ་རྒྱ་མཚོ་སྟེ་རེ་སྐོང་


JKT019_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་པ་དྲག་སྔགས་ནུས་མཐུའི་བཀའ་བབས་གསུམ། རིག་འཛིན་ཉི་མ་གྲགས་པའི་སྤྲུལ་པའི་བྱེ་བྲག་ཏུ་བསྔགས་པ་ས་སྐྱོང་སྡེ་དགེའི་རྒྱལ་སྲས་བླ་མ། འཇུ་སྤྲུལ་པདྨ་བསྟན་འཛིན། ལེགས་དགོན་སྤྲུལ་པའི་སྐུ་སོགས་སྨིན་གྲོལ་ཕྱོགས་བརྒྱར་སྤེལ་བའི་སྤྲུལ་དབོན་ཆེན་པོ་ལྔ་བཅུ། དཔལ་ཡུལ་དབོན་སྤྲུལ། གཞི་ཆེན་སྤྲུལ་སྐུ། ཛར་ཀ་དཔོན་པོ་སོགས་ཕྱོགས་མཐའི་གསར་རྙིང་གི་བཤེས་གཉེན་ཆེན་པོ་བཅུ་དྲུག །གསེར་ཏོག་དཔོན་པོ་ཁུ་དབོན། སྟོང་དཔོན་རྡོར་ལྷུན། ཆོས་སྐོར་ཀློང་གསལ་སོགས་རང་དགོན་མ་ལག་དང་། ཕྱོགས་བྲལ་དུ་བཞུགས་པའི་བླ་མ་བསྟན་འགྲོའི་དགེ་ལེགས་སྤེལ་བ་རྣམ་ཐར་ཆེན་མོར་མཚན་གསོལ་བ་བརྒྱ་རྩ་ལྷག་པ་སོགས་བགྲངས་ཀྱིས་མི་ལང་པ། མདོར་ན་དུས་དེར་བོད་ཆེན་སྡེ་དགེའི་ཕྱོགས་གཙོར་གྱུར་མདོ་སྨད་ཀྱི་སྔ་འགྱུར་རིང་ལུགས་འཛིན་པ་དང་། གྲུབ་མཐའ་རིས་བྲལ་གྱི་སྐྱེས་ཆེན་མཆོག་ཕལ་རྣམས་ཀྱིས་རྗེ་འདིའི་ཞལ་མཇལ་ཆོས་འབྲེལ་མ་ནོས་པ་འགའ་ཡང་མེད་པ་ལྟ་བུར་གྱུར་པས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་དགོན་ཡུལ་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པས་བརྗོད་པའི་ཡུལ་ལས་འདས་པ་དང་། བསྟན་པ་སྟོབས་ཀྱིས་འདེགས་པའི་སྦྱིན་བདག་ཀྱང་། དཔལ་མིའི་ཚངས་པ་སྡེ་དགེ་ཆོས་རྒྱལ་ཡབ་སྲས་དབོན་བཅས།


JKT019_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལ་མི་ཆེན་རྒྱལ་པོ། གླིང་རྒྱལ་པོ་ཡབ་སྲས་གཙོར་གྱུར་ཐུ་སི་ཁག་སོ་གཉིས། དེ་མ་འཕྱི་ཉེར་ལྔར་གྲགས་པ་ཕལ་ཆེར་དང་། གཞུངས་དགའ་ལྡན་ཕོ་བྲང་པའི་བཀའི་བློན་ཞབས་པད་ས་དབང་ཕུ་ལུང་པ་སོགས་མི་ཆེན་ཐམས་ཅད་ཀྱིས་ཀྱང་གུས་པས་བཏུད་ཅིང་མི་ཕྱེད་པའི་དད་པས་མཆོད་པ་སོགས་མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཕྱི་མའི་དུས་འདིར་རྗེ་འདི་ཁོ་ན་ཕྲིན་ལས་རླབས་ཆེ། དེ་ལྟ་བུའི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་གོང་འཕེལ་དུ་གྱུར་ཏོ།། ༈ །།རྗེ་བཙུན་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་མཐའ་དག་གི་སྙིང་རྗེའི་རང་གཟུགས་གཅིག་ཏུ་འདྲིལ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་པདྨའི་ཞབས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ལས། རྒྱ་གར་འཕགས་པའི་ཡུལ་དུ་མ་ཧཱ་པཎྜི་ཏ་དྲི་མེད་བཤེས་གཉེན་དང་། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། བོད་འདིར་བསྟན་པ་སྔ་དར་གྱི་དུས་སུ་མཐུ་སྟོབས་ནུས་པའི་དབང་ཕྱུག་ལྷ་ལུང་དཔལ་གྱི་རྡོ་རྗེ་དང་། ཕྱི་དར་གྱི་ཚེ་བླ་མ་དྷ་བྱང་ཆུབ་སེམས་དཔའ། ཁྱད་པར་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་བརྩེ་ཆེན་ཀུན་དགའ་སྙིང་པོ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། གྲུབ་པའི་དབང་ཕྱུག་ཐང་སྟོང་


JKT019_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ། རྗེ་བཙུན་གྲོ་ལུང་པ་ཆེན་པོ་མང་ཐོས་བསོད་ནམས་ཆོས་འཕེལ་སོགས་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་བཟུང་བའི་མཐར། ཁ་བ་ཅན་ཙམ་ན་རིགས་རུས་ཕུན་སུམ་ཚོགས་པ་ཀུན་གྱི་རྩེ་མོར་སོན་པ་འོད་གསལ་འཁོན་གྱི་གདུང་ལས། ཡབ་རྗེ་འཇམ་དབྱངས་བསོད་ནམས་རིན་ཆེན་དང་། ཡུམ་གྲུབ་པའི་དབང་ཕྱུག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་བརྒྱུད་ལས་སོན་པ། ཀོ་ཅག་སྔགས་པའམ་འགྲོ་མགོན་པར་གྲགས་པའི་སྲས་མོ་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་དང་ལྡན་པ་བསོད་ནམས་དཔལ་གྱི་དབང་མོའི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཚན་ཞི་བ་སྟེ་ས་བྱར་འབོད་པའི་དཔྱིད་ཐ་ནག་པ་ཟླ་བའི་ཡར་ཚེས་བཅུ་གཅིག་གི་ཉི་ཤར་ལ་ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་། མེ་ཏོག་གི་ཆར་བསྙིལ་བ་སོགས་བཀྲ་ཤིས་པའི་དགེ་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་འཁྲུངས། དེ་མ་ཐག་ནས་ཐུགས་དྲན་གྱི་རྣམ་པ་གསལ་ཞིང་། ཡབ་རྗེ་མཆོག་ནས་མཚན་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་བློ་གྲོས་ཞེས་གསོལ་ཞིང་། འདུས་པ་འཕགས་ལུགས་ཀྱི་དཀྱིལ་འཁོར་དུ་ཐོག་མར་སྨིན་པར་མཛད། གསུང་དང་པོ་བྱེ་བའི་ཚེ་ཨ་ར་པ་ཙ་ན་དྷིཞེས་གསུངས་པ་སོགས་ངོ་མཚར་གྱི་མཛད་སྤྱོད་མཐའ་ཀླས། དགུང་ལོ་བདུན་པ་ལྗགས་ཀློག་


JKT019_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་ཙམ་གྱིས་ཚེགས་མེད་པར་མཁྱེན་པ་ནས་བཟུང་རིམ་གྱིས་ཐོས་བསམ་གྱི་ཚུལ་འཇུག་པར་མཛད་དེ། ཡབ་རྗེ་མཆོག་ལས་ལམ་འབྲས་ཚོགས་བཤད་ཀྱིས་མཚོན་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ཆ་ལྟ་བུ་བཞེས། དགུང་གྲངས་བཅུ་གཉིས་པར་གསེར་ཁྲིར་རིན་པོ་ཆེ་མངའ་གསོལ་ཞིང་། དགུང་གྲངས་བཅུ་གསུམ་པའི་ཚེ་ཡབ་རྗེ་ཞི་བར་གཤེགས་པའི་དགོངས་རྫོགས་ཕོགས་མཛད། བཅུ་བཞི་པ་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་ངག་གི་དབང་ཕྱུག་ཀུན་དགའ་བློ་གྲོས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་དུ་གསོལ། དེ་ནས་མི་རིང་བར་ལྷ་ཁང་མཁན་པོ་དབང་ཕྱུག་ཕུན་ཚོགས་པའི་དྲུང་དུ་རབ་ཏུ་བྱུང་བར་མཛད་དེ། སྔར་གྱི་མཚན་གྱི་སྟེང་དུ་སངས་རྒྱས་བསྣན་པས། དེ་ཕྱིན་ཆད་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་དོན་ལྡན་གྱི་སྙན་པས་སྲིད་པའི་རྩེ་མོར་བརྒལ་བར་གྱུར་ཅིང་། ཐར་རྩེ་རྡོ་རྗེ་འཆང་ཆེན་པོ་ལས་ལུགས་གཉིས་ཀྱི་བཀའ་དྲིན་མཆོག་ཏུ་ནོས། དགུང་གྲངས་བཅོ་ལྔ་པར་དབུས་ཕེབས་སྐབས་ཡར་ཀ་པོ་རུ་ཀླུང་ཁྲ་འབྲུག་ཏུ་གནས་གསར་རྡོ་རྗེ་འཆང་ཐོག་མར་མཇལ་བའི་ཚེ་མི་ཕྱེད་པའི་ཐུགས་དད་འཁྲུངས། བཀའ་ཆོས་ཀྱི་སྒོ་དབྱེ་བའི་དང་པོར་སྒྲོལ་དཀར་ཡིད་


JKT019_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་རྗེས་གནང་ཞིག་སྩལ་བས་གསང་ཆེན་སློབ་བཤད་ཀྱི་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས། བཅུ་དྲུག་པར་གདན་ས་ཆེན་པོར་རྗེ་དེ་ཉིད་སྤྱན་དྲངས་ཏེ་ལམ་འབྲས་བུ་དང་བཅས་པ་གསང་ཆེན་སློབ་བཤད་ཀྱིས་མཚོན་པའི་སྔ་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་བགྲང་ཡས་ཤིག་བཞེས་པར་མཛད། གཞན་ཡང་རྗེ་ཉིད་ཀྱི་གསུང་ལས། ཡབ་རྗེ་རྡོ་རྗེ་འཆང་དང་ཐར་རྩེ་རྗེས། །གནས་གསར་རྗེ་དང་བྲག་རྩ་རྗེ་བཙུན་དྲུང་། །གཞི་དགོན་རབ་བརྟན་བཟང་དང་རྟ་ནག་མཁན། །ཚུལ་ཁྲིམས་བཟང་དང་ངོར་ཆེན་བསོད་ནམས་མཚན། །སངས་རྒྱས་ཡེ་ཤེས་དཔལ་ལྡན་ཆོས་སྐྱོང་ཞབས། །གོང་དཀར་བསོད་ནམས་བློ་གྲོས་རྣམ་མཁྱེན་གྲོལ། །ཆོས་དབང་རྒྱ་མཚོ་ཆུ་རི་བཀྲ་ཤིས་དོན། །ཀུན་དགའ་ཆོས་འཕེལ་རིན་ཆེན་བཟང་པོ་སྟེ། །གོང་དཀར་རྣམ་ལྔ་རིན་ཆེན་མི་འགྱུར་ཞབས། །འགྲོ་མགོན་མཐུ་དབང་དེ་སྲས་རིག་འཛིན་མཚན། །མཁན་ཆེན་དབང་ཕུན་མཁན་ཆེན་ཀུན་དགའ་ཟླ། །སེང་གེ་རྒྱལ་མཚན་ཤར་རི་མངའ་བདག་རྗེ། །རྒྱལ་དབང་སྐལ་བཟང་རྗེ་དང་མཆོག་སྤྲུལ་ཞབས། །དཔལ་ལྡན་ནོ་མི་ཧན་དང་འོན་རྒྱལ་སྲས། ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སྲས་མཆོག་བཅས། །འབྲི་གུང་རྗེ་


JKT019_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསམ་སྡིང་ཡང་ཟབ་རྗེ། །ཀུན་དགའ་སངས་རྒྱས་ཞྭ་ལུ་ཡེ་ཤེས་གྲགས། །དངོས་གྲུབ་སྡིང་དང་ཀུན་དགའ་དོན་གསལ་སོགས། །གུས་པས་བསྟེན་ནས་རིས་མེད་ཆོས་རྒྱུད་ཞུས། །ཞེས་གསུངས་པ་ལྟར་ཡོངས་འཛིན་དམ་པ་དེ་དག་རྣམས་ལས་དམ་པའི་ཆོས་ཀྱི་བདུད་རྩི་བླངས་ཏེ་མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་པར་མཛད་པའི་ཚུལ་གསན་ཐོ་རིན་པོ་ཆེ་པོད་ཆེན་གཉིས་སུ་གསལ་བ་ལྟར་དང་། དེ་དག་གི་བསམ་པས་སྒྲོ་འདོགས་བཅད་པས་རང་གཞན་གྱི་གཞུང་ལུགས་མ་འདྲེས་པར་རྟོགས་ཏེ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། དཔལ་ཀྱེ་རྡོ་རྗེའི་གཞི་ཡི་བསྙེན་༡༣པ་ལན་གསུམ་གྱིས་མཚོན་ལྷག་པའི་ལྷ་དང་ཆོས་སྲུང་རྒྱ་མཚོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་མཚམས་སུ་བཅད་པ་དུ་མ་དང་། རྒྱུན་བར་ཀྱང་ཉིན་ཞག་ཕྲུག་རེར་ལྷག་པའི་ལྷ་མི་འདྲ་བ་སུམ་༢༧ཅུར་ཉེ་བའི་སྒོམ་བཟླས་སོགས་ཀྱིས་མཚོན་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་། ཐུབ་བསྟན་ལྷ་ཁང་ཆེན་མོ་ཞིག་གསོས་གསར་བཞེངས་ལྟ་བུ་དང་། མཆོད་སྡོང་འཛམ་གླིང་འོད་གསལ་གྱིས་མཚོན་སྐུ་གསུང་ཐུགས་རྟེན་གསར་བཞེངས་གྲངས་མང་། དབུས་ཕེབས་ལན་གསུམ་དང་། གདན་ས་ཆེན་པོར་སྔ་ཕྱི་དུ་མར་གསུང་ངག་ལམ་འབྲས་ཚོགས་བཤད་ཚར་ལྔ། སློབ་བཤད་ཚར་གཅིག་གིས་ཐོག་དྲངས་


JKT019_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གང་གསན་པ་ཐམས་ཅད་ལན་གྲངས་དུ་མར་ཆོས་ཀྱི་སྦྱིན་པ་རྒྱ་ཆེ་ལ་རྒྱུན་མི་འཆད་པར་སྩལ་བས་བསྟན་པའི་སྲོག་མཐུད་པ་ལྟ་བུའི་སྐུ་དྲིན་གཞལ་བར་དཀའ་བ་སོགས་བྱ་བ་ལས་ཀྱི་འཁོར་ལོ་དང་། གཞན་ཡང་ཆོས་ཉིད་ཇི་ལྟ་བའི་གནས་ལུགས་མངོན་དུ་གཟིགས་ཤིང་། ཆོས་ཅན་ཤེས་བྱའི་ཡུལ་ལ་མངོན་གྱུར་དང་ལྐོག་གྱུར་མཐའ་དག་རྗེན་པར་གཟིགས་པའི་མཁྱེན་པ། སེམས་ཅན་དབུལ་ཕོངས་སོགས་སྡུག་བསྔལ་བ་དག་གཟིགས་པ་ན། ང་ཁྲི་མཐོན་པོར་ཟས་གོས་གྱ་ནོམ་པ་ལ་ལོངས་སྤྱོད་པ་འདི་ལྟར་ན། ཁོང་སྙིང་རྗེ་གསུངས་ནས་ཟས་གོས་སོགས་ཀྱིས་ཚིམ་པར་མཛད་པ་དང་། ཁྲོམ་གྱི་འདུ་ཚོགས་ཆེན་པོ་གཟིགས་པ་ན་སྤྱན་ཆབ་ཤར་གྱིས་འབྱུང་བ་སོགས་བྱང་ཆུབ་ཀྱི་སེམས་བཅོས་མིན་རྒྱུད་ལ་འཁྲུངས་པའི་བརྩེ་བ། ཕྱི་ནང་གསང་བའི་ཆོས་སྲུང་ཐམས་ཅད་བྲན་དུ་ཁོལ་བས་བསྟན་དགྲར་གྱུར་པ་སོགས་ལའང་ཐུགས་དམིགས་གཏད་པ་ཙམ་གྱིས་ཚར་བཅད་པ་གྲུབ་པ་སོགས་ནུས་པའི་ཕུལ་དུ་ཕྱིན་ཅིང་། རྒྱུན་དུ་དག་པའི་འོད་གསལ་གྱི་གཟིགས་ངོར་བླ་མ་ཡི་དམ་མཁའ་འགྲོའི་གཟིགས་སྣང་རྒྱུན་མི་འཆད་ཅིང་། ཁྱད་པར་ཡབ་རྗེ་དམ་པ་དང་། གནས་གསར་རྡོ་རྗེ་འཆང་ཆེན་པོ་ནས་ཡེ་ཤེས་ཀྱི་སྐུས་ཡང་ཡང་དུ་རྗེས་སུ་བཟུང་ཞིང་ཆོས་སྟོན་པར་མཛད། གུར་


JKT019_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སོགས་ཆོས་སྲུང་རྒྱ་མཚོས་དངོས་ཉམས་མནལ་ལམ་དུ་ཞལ་བསྟན་ཅིང་ཕྲིན་ལས་སྒྲུབ་པར་ཁས་བླངས། ཁྱད་པར་དམ་ཅན་པུ་ཏྲ་ལྕམ་དྲལ་དང་། ཕུར་སྲུང་དཀར་བདུད་ལ་སོགས་པས་བྲན་བཞིན་དུ་བཀུར་ནས་སྐུ་མཚམས་སོགས་ཀྱི་ཚེ་མཆོད་མེ་སྦར་བ་དང་། བཞེངས་པར་བསྐུལ་བ་ཚུན་ཆད་མངོན་སུམ་དུ་མཛད་པར་གྲགས། གཞན་ཡང་གྲུབ་པའི་རྟགས་མཚན་བསམ་ལས་འདས་ཤིང་། ལྷག་པར་ཕྱིས་སུ་ལམ་འབྲས་སློབ་བཤད་གནང་བའི་ཚེ། འོད་གསལ་གྱི་ངང་ལ་ངོར་ཆེན་རྡོ་རྗེ་འཆང་གིས་ཞལ་གཟིགས་ཏེ་སློབ་མ་ཀ་བཞི་གདུང་བརྒྱད་སོགས་འབྱུང་བ་ལུང་བསྟན་པ་དང་། རྗེ་ཉིད་ཀྱི་གསུང་ལས་ཀྱང་། ཚར་ཆེན་ཡབ་སྲས་ད་ལྟའི་དཔོན་སློབ་འདིའི་ཁྲོད་ན་ཡོད། ཅེས་དང་། བདག་མེད་ལྷ་མོ་བཅོ་ལྔ་སྩལ་བའི་ཚེ་ནང་མཆོད་ལག་པས་རེག་མི་བཟོད་པ་ཙམ་དུ་ཁོལ་ཞིང་ལུད་པ་དང་། བིར་སྲུང་ཕྱི་མའི་ཚེ་ཉི་འཛིན་ཡོང་བར་བྱེད་གྲུབ་དགོངས་མཐུན་དུ་རི་མོས་གཏན་ལ་ཕེབས་ཀྱང་། རྗེ་ཉིད་ཀྱི་གྲུབ་མཚན་མངོན་དུ་འཇོག་བྱེད་ཀྱིས། དེ་རིང་ཉི་འཛིན་ཡོང་བར་ཐག་ཆོད་དེ་བཞིན་ལ། རྒན་བུ་རྣལ་འབྱོར་དབང་ཕྱུག་ཏུ་ལངས་རྒྱུ་ཡིན་པས་ཁྱེད་རང་ཀུན་ཉི་འཛིན་རྩིས་པའི་སྒོ་ཡིག་དང་བཅས་པ་ལ་ལྟད་མོ་ལྟོས་ཤིག་གསུངས་ནས་རོ་མའི་རླུང་དྷུ་ཏིར་ཞུགས་སུ་མ་སྟེར་


JKT019_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཉི་འཛིན་མི་མངོན་པའི་དབྱིངས་སུ་བྱིན་གྱིས་བརླབས་པ་སོགས་ས་ལམ་མཐོན་པོར་གཤེགས་པའི་རྟགས་མཚན་ངོ་མཚར་བ་མཐའ་ཀླས་པའང་བསྟན་པར་མཛད། དགུང་གྲངས་ཉེར་བརྒྱད་པ་ཡན་རྟེན་རབ་བྱུང་དུ་བཞུགས་ཀྱང་། ཉེར་དགུའི་ཚེ་གཅུང་རིན་པོ་ཆེ་མཐུ་སྟོབས་དབང་ཕྱུག་དགོངས་པ་ཆོས་དབྱིངས་སུ་ཐིམ་པས་གདུང་འཛིན་གྱི་གོ་སར་ཕེབས་པར་མཛད་ཅིང་། རིགས་སྲས་མཆེད་ཞལ་སོགས་ཀྱང་འཁྲུངས། དེ་ལྟ་བུའི་ཞལ་སློབ་སྤྱིར་བསམ་གྱིས་མི་ཁྱབ་ཀྱང་། གཙོ་བོར་ཐར་རྩེ་རྡོ་རྗེ་འཆང་དང་། གནས་གསར་རྗེ་སོགས་ཉིད་ཀྱི་དབུ་བླ་རྣམས་ཀྱིས་ཀྱང་བཀའ་ཆོས་ཀྱི་འབྲེལ་བ་ཅི་རིགས་པར་གསན་ཅིང་། ཁྱད་པར་གསན་གསར་མཆོག་སྤྲུལ་རིན་པོ་ཆེ་ནམ་མཁའ་ལེགས་པ་ལྷུན་གྲུབ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་འཆི་མེད། འཕན་ཡུལ་བཅོ་བརྒྱད་པ་སྐུ་མཆེད། གཟིམས་འོག་སྤྲུལ་པའི་སྐུ། ངོར་ཕན་བདེ་ཞབས་དྲུང་དཔལ་ལྡན་རིན་ཆེན་ཆོས་མཛད། སློབ་དཔོན་པ་ཀུན་དགའ་བཀྲ་ཤིས། གྲུབ་དབང་རིན་ཆེན་རྒྱལ་མཚན་སོགས་མཐའ་ཀླས་སོ། །མཐར་དགུང་གྲངས་ལྔ་བཅུ་རྩ་ལྔ་པ་ཆུ་ཡོས་སྤྲེལ་ཟླ་ཕྱི་མའི་ཡར་ངོའི་གྲལ་ཚེས་གཉིས་པའི་ཉི་དྲོས་ཙམ་ལ་གྲུབ་མཐའ་སྙོགས་ཏེ་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ཁམས་སུ་ནམ་མཁའ་གཡའ་དག་པའི་


JKT019_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དུ་འཇའ་དཀར་པོ་མེ་ཏོག་རྒྱས་པའི་དབྱིབས་ཅན་དང་། མེ་ཏོག་གི་ཆར་རྒྱུན་རིང་པོར་སིལ་སིལ་དུ་འབེབས་བཞིན་པར་དཔའ་བོ་ཌཱ་ཀིའི་ཚོགས་ཀྱིས་མདུན་བདར་ཏེ་གཤེགས་པར་གྱུར་ཏོ།། ༈ །།གནས་གསར་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ནི། ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ། གཟུགས་སྐུ་རྣམ་པ་གཉིས་ཀྱི་སྒྱུ་འཕྲུལ་ཅིར་ཡང་འཆར་བ་ལས། རྩོད་དུས་ཚེ་ལོ་བརྒྱ་པའི་དུས་འདིར་བདག་ཅག་གི་སྟོན་མཆོག་ཉི་མའི་གཉེན་དུ་གྱུར་ཏེ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཡིད་ཅན་མཐའ་ཀླས་པ་ལམ་དང་འབྲས་བུའི་གོ་འཕང་ལ་སྦྱར་བའི་མཐར། སླར་ཡང་ཚར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་དུ་གསལ་བ་ལྟར་ངོ་མཚར་སྐྱེ་བའི་ཕྲེང་བ་བཅུ་གསུམ་དང་། གཞན་ཡང་འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ལ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། པཎ་ཆེན་གང་བ་སྤེལ། དཔལ་ཆོས་ཀྱི་གྲགས་པ། དགེ་སློང་ནམ་མཁའི་སྙིང་པོ། དཔལ་ལྡན་ཨ་ཏི་ཤ །ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་སོགས་དག་པའི་སྐྱེ་སྲིད་ཚད་མེད་པར་བཟུང་བའི་མཐར་ཤངས་རྒྱ་མཚོ་ལོ་ཚ་ཞེས་བྱ་བའི་ཡུལ་དུ། ཡབ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་སྐུ་མཆེད་འ་ཞ་དོན་གྲུབ་དབང་པོའི་སྲས། གྲུབ་པའི་མཚན་མ་


JKT019_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པའི་འ་ཞྭ་མཁྱེན་རབ་རྣམ་རྒྱལ་དང་། དེ་སྲས་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོའམ་ངག་དབང་བློ་གསལ་མཆོག་ལྡན་དང་། ཀུན་དགའ་བསྟན་པའི་རྒྱལ་མཚན། ནམ་མཁའ་དོན་གྲུབ་རྒྱལ་པོ་གསུམ་ལས། ཕྱི་མ་དང་ཡུམ་གླན་གྱི་རིགས་ལས་སོན་པ་ཁར་ཁ་འཕིར་བྱུང་གི་བརྒྱུད་པ་ཕུན་ཚོགས་སྒྲོལ་མའི་སྲས་སུ་རབ་བྱུང་ཉི་མའི་ནང་གསེས་ཉི་སྒྲོལ་བྱེད་དེ་ཤིང་ཕོ་སྤྲེའུའི་ལོ་སྨལ་པོ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་སཾ་སྐྲྀ་ཏའི་སྐད་གསུངས་པ་སོགས་བཟང་པོའི་བག་ཆགས་སད། དགུང་ལོ་དྲུག་པ་ས་གླང་ལོར་བཀྲ་ཤིས་ཆོས་སྡེར་སྤྱན་དྲངས། གནས་ཀྱི་སློབ་དཔོན་བསོད་ནམས་སྣང་བྱེད་དང་། བསོད་ནམས་རིན་ཆེན་གཉིས་ཀྱིས་ཡི་གེའི་ཕྱི་མོ་འབྲི་ཀློག་དང་། ཆོས་སྤྱོད་ཀྱི་རིམ་པ་སོགས་འབུལ་བར་མཛད་པས་བརྡ་བསྟན་པ་ཙམ་དང་ལན་རེ་གཟིགས་པ་ཙམ་གྱིས་མཁྱེན། དགུང་ལོ་བརྒྱད་པ་ལྕགས་ཡོས་དབོ་ཟླ་བའི་ནང་རྨོར་དགོན་དུ་ཁྱབ་བདག་རྡོ་རྗེ་འཆང་དང་ངག་དབང་ཀུན་དགའ་ལྷུན་གྲུབ་ཐོག་མར་མཇལ་ཞིང་། པོ་ཏཱ་ལར་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་བས་མཚན་ངག་དབང་སྦྱིན་པ་ཞེས་གསོལ། སླར་གསང་ཆེན་རྒྱུད་སྡེའི་


JKT019_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་བཀྲ་ཤིས་ཆོས་སྡེའི་བླ་བྲང་དུ་རྨོར་ཆེན་ཐམས་ཅད་མཁྱེན་པ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་གསན་ཅིང་མཚན་ཀུན་དགའ་ལེགས་པའི་འབྱུང་གནས་ཞེས་སྩལ། ཚར་ལུགས་དཀར་པོའི་ལྷ་གསུམ་གྱི་རྗེས་གནང་གིས་ཆོས་ཀྱི་སྒོ་ཕྱེ་སྟེ། སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཉམས་ཁྲིད་སོགས་ཟབ་ཆོས་མང་དུ་གསན། དགུང་ལོ་དགུ་པར་སེམས་བསྐྱེད་ལུགས་གཉིས་དང་། རྡོ་རྗེ་ཕྲེང་བ་ཀྲི་ཡ་སཱ་མུཙྪའི་དབང་། གསུང་ངག་རིན་པོ་ཆེ་སློབ་བཤད་སོགས་ཟབ་ཆོས་རྒྱ་མཚོ་ལྟ་བུ་རིམ་པར་གསན་བཞེས་མཛད། རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་ལ་སྔོན་སྨོན་དུས་སུ་སད་པས་དད་གདུང་ཤིན་ཏུ་ཆེ་བ་འཁྲུངས་ཀྱང་དངོས་སུ་མཇལ་བའི་སྟབས་མ་འགྲིགས། དགུང་ལོ་བཅོ་ལྔ་པར་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་པའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། བཅུ་བདུན་པ་ལྕགས་བྱི་ལོར་རྨོར་དགོན་དུ་ཕེབས་ནས། ཁྱབ་བདག་བླ་མ་ལས་ཟབ་ཆོས་མང་དུ་གསན་ཅིང་། རྒྱལ་དབང་བདུན་པ་རིན་པོ་ཆེ་གསེར་ཁྲིར་ཕེབས་སྐབས། འོན་རྒྱལ་སྲས་རིན་པོ་ཆེ་འཇིགས་མེད་གྲགས་པས་མཐུན་རྐྱེན་སྦྱར་ཏེ་ཆིབས་བསུར་ཕེབས་ཤིང་། འཇམ་མགོན་ས་སྐྱ་པ་བསོད་ནམས་རིན་ཆེན་དབུས་སུ་ཆིབས་བསྒྱུར་བསྐྱང་བ་དང་ཞལ་འཛོམ་མཛད། དགུང་ལོ་བཅོ་བརྒྱད་


JKT019_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྷ་ལྡན་དུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་མདུན་ཞབས་བརྟན་ཕུལ་བར་ཕེབས་པ་དང་འབྲེལ་མཚུངས་སུ་རྨོར་ཆེན་རྡོ་རྗེ་འཆང་ལའང་ཞབས་པད་བརྟན་པའི་མཎྜལ་ཕུལ། ཟླ་བ་ལྔ་པ་ནས་བརྩམས་ཏེ་མདོ་སྔགས་གཞུང་བརྒྱ་སྨྲ་བའི་ཁྱབ་བདག་བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་གསལ་དག་སྙན་གསུམ་གྱི་སྒོ་ནས་ལེགས་པར་གསན། ཁྱད་པར་དགུང་ལོ་བཅུ་དགུར་ཕེབས་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོར་བསམ་ཡས་ཆོས་འཁོར་ཆེན་པོར་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་། བྱིན་རླབས། ཁྲིད། ལུང་སོགས་སླར་ཡང་བསྐྱར་ནས་གསན་ཅིང་། རྒྱུ་དབང་སྐབས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རྗེ་ཉིད་བཞུགས་སུ་གསོལ་ཏེ་བསྟན་པའི་བདག་པོར་དབང་བསྐུར་བ་བཞིན་སྙན་བརྒྱུད་ཀྱི་བསྟན་པ་ཕྱོགས་མཐར་ཁྱབ་པའི་རྟེན་འབྲེལ་གྱི་སྒོ་ཡངས་པོར་བྱེ། ནག་པ་ཟླ་བའི་ནང་མཁན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་རྨོར་ཆེན་ཐམས་ཅད་མཁྱེན་པ། ལས་ཀྱི་སློབ་དཔོན་བཀའ་འགྱུར་བ་སངས་རྒྱས་རྒྱ་མཚོ་སོགས་དད་པའི་དགེ་སློང་གྲངས་ཚང་གི་དབུས་སུ་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་བསྒྲུབ་ཅིང་། སྔར་གྱི་


JKT019_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་ཐོག་མར་ངག་དབང་དང་། མཐར་ཐེག་མཆོག་དབང་གི་རྒྱལ་པོ་ཞེས་གསོལ་བར་མཛད་དེ། འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུས་ཞབས་བསྟེན་གྱི་པདྨོ་ལ་ཕྱག་བྱ་བར་འོས་པའི་དཔལ་ཡོན་ངང་གིས་འཕེལ། དེ་ནས་ཆོས་སྡེར་དཔལ་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཛད་ཅིང་། མཁའ་འགྲོ་མས་རྨི་ལམ་བཟུང་བའི་གྲོགས་མཛད་པ་སོགས་རྟགས་མཚན་ཁྱད་པར་ཅན་བརྙེས། ཉེར་གཉིས་པ་ཤིང་སྦྲུལ་ལོར་གཙང་དུ་ཆིབས་ཁ་བསྒྱུར་ཏེ། དཔལ་ཞྭ་ལུ་གསེར་ཁང་དུ་བླ་ཆེན་རྡོ་རྗེ་འཆང་ཐུགས་རྗེ་བརྩོན་འགྲུས་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་སོགས་གསན་ཅིང་། ངོར་ཨེ་ཝཾ་ཆོས་ལྡན་སོགས་བརྒྱུད། གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱར་ཡབ་རྗེ་བསོད་ནམས་རིན་ཆེན་ལས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བསྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང་། ལམ་དབང་སོགས་གསན། འདི་སྐབས་ཡིན་ནམ་འཇམ་དབྱངས་ངག་གི་དབང་ཕྱུག་རྒྱལ་མཚན་རབ་བརྟན་དཔལ་བཟང་པོ་ཞེས་པའི་མཚན་འབུལ་དང་། བཀུར་བཟོས་ཆེ་བར་མཛད། རྟེན་དང་བརྟེན་པར་བཅས་པ་མཇལ་ཞིང་ཕྱག་མཆོད་སྨོན་ལམ་སོགས་མཛད་ནས། སྒྲོ་མོ་ལུང་དུ་གྲུབ་ཆེན་ཐང་སྟོང་པའི་རྣམ་འཕྲུལ་མང་ཐོས་བསོད་ནམས་ཆོས་འཕེལ་


JKT019_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱན་སྔར་ཕེབས་ཤིང་། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། ཁྱབ་བདག་བཀའ་འགྱུར་བའི་རྣམ་འཕྲུལ་དུ་ཡེ་ཤེས་གཟིགས་པའི་ལུང་གིས་གསལ་བར་བསྟན། དེ་ནས་འདར་གཞུང་ནས་རིམ་གྱིས་བརྒྱུད་དེ། འདར་གྲང་མོ་ཆེར་ཕེབས་ཤིང་བྲག་རྩ་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་དང་ཞལ་འཛོམ་མཛད། རྨུ་གཤོང་། མུ་གུ་ལུང་། ཐུབ་བསྟན་དགེ་འཕེལ། ཆ་ལུང་རྡོ་རྗེའི་བྲག་སོགས་བརྒྱུད་ནས་སླར་ས་སྐྱར་ཕེབས་ཤིང་ཞབས་བརྟན་གདུགས་དཀར་གྱི་མདོས་ཆེན་སོགས་མཛད་ནས་རིམ་གྱིས་རང་དགོན་དུ་ཞབས་བསྐྱོད། ཉེར་གསུམ་པར་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་རྡོ་རྗེ་ཕྲེང་བ་དང་། དུས་ཀྱི་འཁོར་ལོ་སོགས་དབང་བཀའ་ཆེན་པོ་རྣམས་སྩལ་ཞིང་། ཕྱག་དཔེ་ཚར་ལན་རེ་ཟུང་རེ་གཟིགས་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་པའི་སྤོབས་པའི་གཏེར་མཛོད་གྲོལ། སླར་ཡང་རྨོར་ཆེན་རིན་པོ་ཆེའི་ཞབས་པད་དུ་བསྙེན་ནས་གསུང་ངག་རིན་པོ་ཆེའི་བཀའ་ཐུན་མོང་མ་ཡིན་པ་སོགས་ཟླ་བ་དྲུག་ཏུ་གསན། དེ་དང་དུས་མཚུངས་ཙམ་ལ་མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་གིས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཁྱད་པར་ཅན་


JKT019_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འཛུགས་བཞེད་ཀྱིས་གདན་འདྲེན་དང་། འདར་གྲོང་ཆེན་པོས་གདན་ས་འཛིན་པར་གསོལ་བ་བཏབ་པའང་ཞལ་གྱིས་བཞེས། སྤྲེལ་ལོར་དུས་ཀྱི་འགྱུར་བས་རྨོར་ཆེན་རྡོ་རྗེ་འཆང་འོན་ཆོས་སྡིང་རྒོད་ཚང་རི་ཁྲོད་དུ་ཕེབས་པའི་ཞབས་པད་དུ་བཅར། སླར་སྐུ་གཤེགས་པའི་རྗེས་ཀྱི་བྱ་བ་དང་། དགོངས་པ་རྫོགས་པའི་ཐབས་ཕུལ་དུ་ཕྱིན་པ་མཛད། དགུང་ལོ་ཉེར་དྲུག་པ་ས་བྱ་ལོར་བསམ་ཡས་སུ་རབ་བྱུང་གྲྭ་ཚང་ཤིན་ཏུ་མང་བར་རབ་བྱུང་གནང་། ཆོས་སྐྱོང་ཆེན་པོས་ཀྱང་བཀའ་བཞིན་བསྒྲུབ་པར་ཁས་བླངས། ཟླ་བ་དྲུག་པར་མི་དབང་ཆེན་པོས་ཞབས་འགྱུར་གྱི་མཐུན་རྐྱེན་དང་བཅས་མདོ་ཁམས་སྡེ་དགེར་ཆིབས་ཀྱི་ཁ་ལོ་བསྒྱུར་ཞིང་། ཕེབས་ལམ་རོང་ཕྱོགས་ནས་མཛད་དེ་ཏལ་དཀར་ལ་རྩེར་གྲུབ་དབང་སངས་རྒྱས་རྒྱ་མཚོ་དང་མཇལ་བའི་སྐབས་ཀྱང་གྲུབ་དབང་དམ་པས་ཁྱབ་བདག་བཀའ་འགྱུར་བའི་ཡང་སྲིད་དུ་ངེས་པ་རྙེད་པའི་གསུང་གིས་དབུགས་དབྱུང་། ལམ་བར་དུ་འཁོད་པའི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཀྱང་གུས་པས་མཆོད་དེ། རིམ་གྱིས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཕེབས་ཉེའི་ཚེ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་སྐུ་གཟུགས་གཞན་དུ་བསྒྱུར་བས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ཟུང་འཇུག་གི་རྟེན་འབྲེལ་བསྒྲིགས། ཆོས་རྒྱལ་ཆེན་པོ་དང་མཇལ་འཛོམ་


JKT019_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལེགས་ཚོགས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་དཀྱིལ་ནག་འགྲོས་ལྗགས་བསྒྲིགས་བཀའ་དྲིན་བསྐྱང་ཞིང་། དགོན་དེའི་གྲྭ་པ་རྣམས་ལ་དཔེ་ཆ་བློ་འཛིན་བྱེད་དགོས་ཀྱི་བཀའ་ཁྱབ་གནང་བས་ཟླ་བ་གཉིས་ལྷག་ཙམ་ལ་བརྒྱུད་འདེབས་མངོན་དཀྱིལ་བཅས་ཆིག་ཤུར་ཕེར་བ་བདུན་ཅུ་རྩ་ལྷག་བྱུང་བ་རྣམས་ལ་གདངས་དང་གར་ཐིག་སོགས་ཕྱག་ལེན་རྣམས་བསླབས་ཤིང་། ལུགས་གཉིས་ཀའི་སྒོ་ནས་ཐབས་མཁས་ཀྱིས་བསྐྱངས་པ་དང་། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་རྒྱུད་སྨིན་པར་མཛད་དེ། ལྕགས་ཁྱི་ནག་པ་ཟླ་བའི་ཡར་ཚེས་ནས་བཟུང་སྟེ་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་སྒྲུབ་མཆོད་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཕྱག་བཞེས་ཇི་ལྟ་བ་བཞིན་འཛུགས་པར་མཛད། གཞན་ཡང་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར། ཟང་ཟིང་གི་དངོས་པོ་ཇི་སྙེད་བྱུང་བ་རྣམས་བཀྲ་ཤིས་ཆོས་སྡེར་དུས་ཇའི་ཐེབས་སུ་འབུལ་བར་མཛོད་པ་ཆེད་གཏད་དུ་གཏོང་། ཕག་ལོར་འགའ་ཐར་དུ་སྐྱབས་མགོན་བདུན་པ་རིན་པོ་ཆེ་སྐལ་བཟང་རྒྱ་མཚོ་མཇལ་བར་ཆེད་ཀྱིས་ཕེབས་ཤིང་། ཁྲི་ཆེན་ནོ་མི་ཧན་ལས་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་དབང་བཀའ་ཡང་གསན། བྱི་ལོར་སྡེ་དགེའི་རྒྱལ་ཁབ་ཏུ་


JKT019_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་ཀྱི་རྟེན་འཛུགས་དང་། དམར་པོ་སྐོར་གསུམ་གྱི་དབང་ལུང་སོགས་སྩལ་བས་བསྟན་པའི་སྦྱིན་བདག་ཆེན་པོ་ཉིད་ལ་འཇམ་དབྱངས་གོང་མ་ཆེན་པོས་ལུང་ལས་ཀྱིས་མངོན་པར་བསྔགས་པ་དང་གསོལ་རས་རྒྱ་ཆེར་གནང་བས་སླར་ཡང་ཡིད་ཆེས་ཀྱི་དད་པ་བརྟན་པོར་ཐོབ། གྲུབ་དབང་སངས་རྒྱས་རྒྱ་མཚོས་མཚམས་སྦྱར་ཏེ་ཕོ་བྲང་ཆེན་པོའི་ཤར་དུ་ཚར་ལུགས་པའི་མགོན་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཤིང་ཕྱག་ལེན་ཁྱད་པར་འཕགས་པས་ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་གྲགས་པས་ཁྱབ། སྔ་ཕྱིར་ཆོས་རྗེ་བཀྲ་ཤིས་བཟང་པོ་ལས། ཀྱེ་རྡོར་བཀའ་བབས་བཞི་དང་། མཁའ་འགྲོ་རྒྱ་མཚོ་སོགས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ལས་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་སོགས་གསན། ས་སྐྱོང་ཆེན་པོ་དཔོན་བློན་སོགས་ལ་རྡོ་རྗེ་ཕྲེང་བའི་དབང་བཀའ་རྒྱས་པར་སྩལ། ཕྱོགས་དེའི་མཛད་པ་རེ་ཞིག་རྫོགས་ནས་བྱང་ལམ་བརྒྱུད་དབུས་སུ་ཕེབས་པར། འཕན་ཡུལ་ནཱ་ལེནྡྲ་ཆོས་རྗེ་བཅོ་བརྒྱད་པ་དང་མཇལ་འཛོམ་ཡང་དག་པར་མཛད། ལྷ་ལྡན་དུ་ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་འབུལ་དང་། མི་དབང་ཆེན་པོར་མཇལ་ཕྱག་གནང་བས་ཐུགས་དགེས་པའི་རྩེར་སོན། རིམ་གྱིས་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་ཕེབས་ནས་དུས་ཇའི་སྦྱོར་འཇགས་དང་། ཡབ་


JKT019_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་དགོངས་རྫོགས་རྒྱ་ཆེར་གནང་། ཤིང་སྟག་ལོར་གྲུབ་དབང་སངས་རྒྱས་རྒྱ་མཚོ་དང་། བླ་མ་ཀུན་དགའ་རྒྱ་མཚོ་སོགས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་རྫོགས་པར་སྩལ་ཞིང་། ཆུ་སྟོད་ཟླ་བའི་ནང་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར། གྲོ་བཞིན་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་འདར་སྟོད་ཆོས་འཁོར་ཡང་རྩེར་ཚར་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་ཅིང་གཞུངས་དང་། ས་སྐྱ་སོགས་ཀྱིས་ཐོག་དྲངས་ཏེ་ལེགས་འབུལ་མཁན་རྒྱ་ཆེར་བྱུང་། དེ་ནས་ས་སྐྱར་ཕེབས་ནས་ཡབ་རྗེ་བསོད་ནམས་རིན་ཆེན་མཇལ་ཞིང་ཟང་ཟིང་གི་མཆོད་སྤྲིན་རྒྱ་ཆེར་སྤྲོས། སླར་འདར་དུ་ཕེབས་ནས་གསུང་ཆོས་ཅི་རིགས་པ་སྩལ། ཟླ་བ་དགུ་པར་ངོར་ཨེ་ཝཾ་སོགས་བརྒྱུད་དེ་སླར་དབུས་ཕྱོགས་སུ་ཕེབས། རི་བོ་ཆོས་གླིང་པ་དང་། བཀྲས་ཆོས་ཕན་ཚུན་རྩོད་པ་ཕྲན་བུ་བྱུང་བར་བརྟེན་བླ་གཞིས་གྲྭ་ཚང་ལ་སྦྱར་གནང་མཛད། སྡེ་དགེ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བསླུ་མ་གནང་བའི་སྤར་ཕུད་ཕེབས་པས་གྲྭ་ཚང་དུ་སྦྱོར་འཇགས་མཛད། རྨོར་ཆེན་རིན་པོ་ཆེའི་ཐུགས་སྲས་འཕགས་སྡེ་མཁན་ཆེན་ངག་དབང་བློ་གསལ་བསྟན་འཛིན་ནས་མཚན་ཉིད་སྐོར་པུསྟི་གྲགས་ཆེན་བཅོ་བརྒྱད་སོགས་རྒྱ་གཞུང་གི་ལུང་རྒྱུན་གང་བཞུགས་སོགས་ལུང་དང་། དྲི་མེད་རྣམ་


JKT019_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་དབང་ལུང་། གཞན་ཡང་རྗེས་གནང་གི་རིགས་མང་བ། གནུབས་སྟོན་བློ་བཟང་དོན་གྲུབ་ལས་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཆོས་སྐོར་ཕལ་ཆེར། སྤུ་བྲག་བླ་ཆེན་ལེགས་པ་དོན་གྲུབ་ལས་རྨོར་ཆེན་ལས་མ་གསན་པའི་འཇིགས་བྱེད་སྐོར་འགའ་ཞིག་དང་། བཀའ་འགྱུར་བ་རིན་ཆེན་དམ་ཆོས་ལས་འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་སོགས་གོང་ས་ལྔ་པའི་གསུང་འགའ་ཞིག་དང་སྙན་ངག་གི་ཕྱག་ཁྲིད་སོགས་ཞུ་བར་མཛད། འབྲུག་ལོར་སླར་ཡང་སྡེ་དགེ་ནས་གདན་འདྲེན་ནན་བསྟུད་ཕེབས་པ་བཞིན་མདོ་ཁམས་སུ་ཆིབས་ཁ་བསྒྱུར་བའི་སྐབས། བསམ་ཡས་ཆོས་འཁོར་ཆེན་པོར་འོད་གསལ་གྱི་སྣང་བར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྗེས་སུ་བཟུང་བའི་གཟིགས་སྣང་ངོ་མཚར་བའང་བྱུང་། རིམ་གྱིས་བྱང་ལམ་བརྒྱུད་ནས་ལྷུན་གྲུབ་སྟེང་ཕེབས་ཤིང་མཆོད་ཡོན་མཇལ་འཛོམ་ལེགས་ལམ་དང་། འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དབང་བཀའ་བརྒྱ་ཚར་འབུལ་བའི་མགོ་འཛུགས་པར་གནང་། སྦལ་ལོར་དབང་བརྒྱའི་འཕྲོས་སྐྱོང་བ་དང་ཙནྡན་དཀར་དམར་གྱི་བདེར་གཤེགས་མཆོད་རྟེན་བརྒྱད་ཐོག་སོ་ཕྱེད་གཉིས་ཙམ་པ་ཤིན་ཏུ་ཁྱད་འཕགས་བཞེངས་པར་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་བཞེངས་པ་དང་


JKT019_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་སོགས་མཛད། རྟ་ལོར་སྦྱིན་བདག་ཆེན་པོ་གཤེགས་པའི་རྗེས་ཀྱི་བྱ་བ་སྤྱི་དང་། ཁྱད་པར་འཇིགས་བྱེད་བཅུ་གསུམ པའི་སྒྲུབ་མཆོད་གསར་འཛུགས་སོགས་ཀྱིས་མཚོན་སྔ་ཕྱིར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་། དངོས་པོའི་ཚོགས་བསགས་ཀྱང་བསམ་གྱིས་མི་ཁྱབ་པར་མཛད། ངོར་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་ལས་རིགས་གསུམ་སྤྱི། གུར་སམ་མི་འཁྲུགས་པ་སོགས་ཀྱི་དབང་། ངོར་ཆེན་དང་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་ཚང་མའི་ལུང་སོགས་གསན། བྱ་ལོ་ཟླ་བ་བདུན་པའི་ནང་དུ་དབུས་ཕྱོགས་སུ་ཕེབས། གོང་མ་མཆོད་ཡོན་མཇལ་བ་དང་། ཚོགས་གསོག་གི་བྱ་བ་རྒྱ་ཆེར་མཛད། བཀྲ་ཤིས་ཆོས་སྡེར་གླང་ནག་བླ་མ་ཀུན་དགའ་དཔལ་འབྱོར་སོགས་ལ་ལམ་འབྲས་བུ་དང་བཅས་པ་གསང་ཆེན་སློབ་བཤད་པའི་ལུགས་ཀྱི་དབང་ཁྲིད་མན་ངག་རྒྱས་པར་སྩལ་༼༡༽། ཆུ་ཁྱི་ཟླ་བ་ལྔ་པའི་ནང་བསམ་ཡས་ཆོས་འཁོར་ཆེན་པོའི་བར་ཁང་གཡུ་ཞལ་འབར་བར་བཅོ་བརྒྱད་ཆོས་རྗེ་ཡབ་སྲས། ཁ་རག་བོང་འབྲུག་ཆོས་རྗེ། ཉན་པོ་ཆོས་རྗེ་མཆེད། གླིད་སྨད་ཞབས་དྲུང་། གཞི་པ་དཔོན་སློབ། བཀྲས་ཆོས་པ་སོགས་ལ་གསུང་ངག་རིན་པོ་ཆེ་དང་༢༽། རྣལ་འབྱོར་མ་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་རྗེས། སྙེ་ཐང་འཕགས་སྡེར་འཕགས་ཆེན་


JKT019_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གྲགས་པའི་ཆོས་ཀྱི་ཁྲི་ལ་ཞབས་བཀོད་ཅིང་། དེ་དང་ལྷ་ལྡན་དུ་གསུང་ཆོས་མང་དུ་སྩལ། སེ་རའི་གཏོར་སྒྲུབ་སློབ་དཔོན་རྟ་མགྲིན་གྱི་གྲུབ་ཐོབ་ཏུ་གྲགས་པ་ཞིག་ལས་རྟ་མཆོག་རོལ་པའི་ཆོས་སྐོར་འགའ་ཞིག་ཀྱང་གསན། ཆུ་ཕག་ཟླ་༡ཚེས་༡༠ནས་བཟུང་བཀྲས་ཆོས་སུ་སྤོ་བོ་ཡར་འབྲོག་དགོན་གྱི་སྤྲུལ་སྐུ་ལྷུན་གྲུབ་ཕུན་ཚོགས་དང་། འབྲས་གླིང་རབ་འབྱམས་པ། ཚར་གུར་རབ་འབྱམས་པ། རིག་འཛིན་སྐལ་བཟང་རྣམ་གྲོལ་སོགས་ལ་གསུང་ངག་རིན་པོ་ཆེའི་ཆོས་འཁོར་རྒྱ་ཆེར་བསྐོར། སྔོན་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས་དབུས་ཕེབས་ཀྱི་སྐབས་ཡར་ཀླུང་ཁྲ་འབྲུག་ཏུ་ཐོག་མར་མཇལ་བས། དཔོན་སློབ་ཕན་ཚུན་སྐུ་ཚེ་དུ་མར་བླ་སློབ་ཏུ་འབྲེལ་བའི་བག་ཆགས་སད་དེ་ཐུགས་དད་བཅོས་མིན་དུ་འཁྲུངས་ཤིང་ཡོངས་འཛིན་དུ་བཞེས་པས་སྙན་བརྒྱུད་ཀྱི་བསྟན་པ་ཕྱོགས་བརྒྱར་འཕེལ་བའི་རྟེན་འབྲེལ་གྱི་སྒོ་དང་པོར་བྱེ་སྟེ། དེ་རེས་ཆོས་འབྲེལ་གྱི་ཐོག་མར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་གསུང་བཤད་ཤིན་ཏུ་རྒྱས་པ། ཀྱེ་རྡོར་རྒྱུ་དབང་མདོར་བསྡུས་བསྐུར་བའི་ཡུན་ཙམ་གྱི་ཚོད་ཞིག་སྩལ་བས་སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བའི་ཐུགས་དད་ཁྱད་པར་ཅན་ཤར། ཤིང་བྱི་ལོར་རྨོར་དུ་གསུང་ངག་རིན་པོ་ཆེ་དང་། འཕགས་སྡེར་བཅོ་


JKT019_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་དང་། བོང་འབྲུག་ཆོས་རྗེ་སོགས་ལ་རྣལ་འབྱོར་མའི་ཟབ་ཁྲིད་ལུང་བཅས་ཀྱིས་མཚོན་འདོད་ཆོས་རྒྱ་ཆེར་སྩལ། མང་ཐོས་ཆོས་རྗེ་རིན་ཆེན་བཀྲ་ཤིས་ལས་ལྔ་པ་རིན་པོ་ཆེའི་གསུང་རབ་ཕལ་ཆེར་དང་། རྨོར་ཆེན་རྡོ་རྗེ་འཆང་གི་ཞལ་སློབ་གྲུབ་དབང་པ་རྒྱལ་མཚན་ལས་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཁྲིད་གསུམ་སོགས། ཞྭ་ལུ་པ་རིན་ཆེན་འཇམ་དཔལ་ལས་དུས་འཁོར་སྒྲུབ་ཐབས་རིན་ཆེན་སྙིང་པོ། གནུབས་སྟོན་བློ་བཟང་དོན་གྲུབ་ལས་བྱང་གཏེར་ལྕགས་སྡོང་མ་དང་། རྒྱ་ཅན་དྭང་མ་བཅུད་འདྲེན་གྱི་དབང་ལུང་ཁྲིད་གསུམ་སོགས་ཟབ་ཆོས་མང་དུ་གསན། ཟླ་བ་དགུ་པའི་ནང་གཙང་དུ་ཕེབས་པར། ཡར་ལམ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ་ཕྱག་དང་། རིམ་གྱིས་འདར་གྲོང་ཆེན་དུ་ཕེབས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚལ་པར་ཤིན་ཏུ་ལེགས་པ་སྦྱོར་འཇགས་སུ་སྩལ། ཟླ་བ་བཅུ་པའི་ཚེས་༢༣ལ་དཔལ་ས་སྐྱར་ཆིབས་བསུ་སོགས་བཀུར་བཟོས་ཁྱད་འཕགས་དང་བཅས་ཏེ་འཕྱག་ཕེབས། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་གྱི་ཉིན་མགོ་བརྩམས་ཏེ་དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས་མཆེད་གཉིས་དང་། རྩེ་གདོང་སྤྲུལ་སྐུ་མཁྱེན་རབ་བསྟན་འཛིན་ལྷུན་གྲུབ་སོགས་ལ་གསུང་ངག་རིན་པོ་ཆེ་


JKT019_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་བཤད་ཀྱི་དབང་བྱིན་རླབས་ལུང་ཁྲིད་བཀའ་བཅས་དང་། ཞར་བྱུང་རྗེས་གནང་ཟུར་བཀའི་རིགས་སོགས་བསམ་གྱིས་མི་ཁྱབ་པ་རིམ་པར་སྩལ་བས་སྙན་བརྒྱུད་བསྟན་པའི་ཉི་མ་ཕྱོགས་བརྒྱར་འཆར་བའི་རྟེན་འབྲེལ་ངང་གིས་འགྲིགས། ཤིང་གླང་རྒྱལ་ཟླའི་ཚེས་བདུན་ནས་བཟུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གཙོ་བོར་གྱུར་པའི་བཀའ་ལུང་བསམ་གྱིས་མི་ཁྱབ་པར་སྩལ་བའི། ལོ་དེའི་ཆུ་སྟོད་ཟླ་བ་ཕྱི་མའི་ཚེས་༥ལ་རེ་ཞིག་ཆོས་མཚམས་མཛད་ནས། གདན་ས་ཆེན་པོ་ནས་ཀྱང་ཆོས་ཡོན་གྱི་མཎྜལ་སོགས་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་མཛད། དེ་ནས་གྲོང་ཆེན་ཆོས་འཁོར་ཡང་རྩེར་ཕེབས་ནས་གྲོ་བཞིན་ཟླ་བའི་དཀར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་༡༤ནས་བཟུང་གསུང་ངག་རིན་པོ་ཆེའི་ཆོས་འཁོར་རྒྱ་ཆེར་བསྐོར། འདི་སྐབས་ཡོངས་འཛིན་ཆོས་གྲགས་བཟང་པོ་ལས་དུས་འཁོར་རིགས་ལྡན་ལུགས་ཀྱི་དབང་བཀའ་གསན། གཞན་ཡང་རྟེན་གསུམ་ཉམས་གསོ་གསར་བཞེངས་སོགས་བྱ་བ་ལས་ཀྱི་འཁོར་ལོ་ཀྱང་ཅི་རིགས་པར་མཛད། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས་པའི་གཅུང་རི་བོ་ཆེར་གདན་འདྲེན་ལྟར་ཕེབས་ནས། རིག་འཛིན་བློ་བཟང་སྟོབས་ལྡན་སོགས་ལ་ཤངས་ཆོས་ཀྱི་སྨིན་གྲོལ་ཡོངས་རྫོགས་སོགས་བཀའ་ཆོས་བསམ་


JKT019_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པ་སྩལ། རྗེ་གྲུབ་ཐོབ་ཆེན་པོས་བྱིན་གྱིས་བརླབས་པའི་ཐུགས་ཉམས་ཁྱད་པར་ཅན་འཁྲུངས། རི་བོ་ཆེའི་མཁན་ཆེན་དྲུང་ནས་དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་དབང་ལུང་ཁྲིད་གསུམ། ཐང་སྟོང་པ་ནས་བརྒྱུད་པའི་བརྒྱད་སྟོང་པའི་བསྡུས་ལུང་། མཁའ་གྲིབ་གླུད། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་སེམས་དཔའ་བཞི་བརྩེགས་ཀྱི་མ་ཎི་བུམ་དབང་། རིལ་བུ་དཀར་དམར་གྱི་ཡིག་སྐོར་སོགས་ཀྱི་ལུང་། བྱང་གཏེར་ཐུགས་རྗེ་ཆེན་པོའི་དབང་ལུང་སོགས་གསན་ཅིང་། ཕར་ཡང་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་སྩལ། མེ་སྟག་ལོར་གཏེར་བདག་གླིང་པའི་དངོས་སློབ་ཀུན་བཟང་ཀློང་གྲོལ་ལས་སྒྲུབ་ཐབས་འདོད་བུམ་གྱི་དབང་རྗེས་གནང་ལུང་བཅས་དང་། གཏེར་གསར་སྐོར་གྱི་དབང་ལུང་ཁྲིད་གསུམ་ཕལ་ཆེར་ཚང་བར་གསན། བཀྲ་བཟང་པ་བླ་ཆེན་ཀུན་བཟང་ཡེ་ཤེས་ལས་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ནོར་བུ་ལུགས་བསྡེབས་པའི་ལུང་གསན། གྲོང་ཆེན་ཤིང་མང་གི་འདུ་ཁང་ཉམས་གསོ་སོགས་གནང་། ནག་ཟླའི་ནང་དཔལ་ས་སྐྱར་སླར་ཡང་ཕེབས་ཏེ། འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་བཅུ་གསུམ་མའི་དབང་ལུང་ཁྲིད་གསུམ་ཆ་ཚང་སོགས་དབང་ཁྲིད་དང་། སྒྲུབ་ཐབས་རྒྱ་མཚོ་སོགས་རྗེས་གནང་དང་མཚན་ཉིད་སྐོར་པུསྟི་


JKT019_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཆེ་བ་བཅོ་བརྒྱད་སོགས་ལུང་གི་སྐོར་དང་། གསེར་ཆོས་དང་མགོན་པོ་ཆེ་ཆུང་སོགས་སྙན་བརྒྱུད་ཀྱི་སྐོར་བསམ་གྱིས་མི་ཁྱབ་པ་རྗེ་ཉིད་ལ་མངའ་བ་ཕལ་ཆེར་བུམ་པ་གང་བྱོའི་ཚུལ་དུ་གནང་། ས་ཆེན་ཀུན་བློ་ལས་རྡོ་རྗེ་ཕུར་པའི་སྟོད་ལས་དང་། ཡང་དག་ལྷ་དགུ་སོགས་དབང་ལུང་མང་པོ། གཅུང་མཐུ་སྟོབས་དབང་ཕྱུག་ལས་འཇམ་དཔལ་དམར་སེར་གྱི་རྗེས་གནང་། རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མ་ལས་བསམ་གླིང་ཨ་ཏི་སོགས། ཀུན་དགའ་བསྟན་པའི་སྒྲོན་མེ་ལས་དྲག་དམར་མྱང་ལུགས་ཀྱི་དབང་། ཞི་དགོན་མཁན་ཆེན་བསོད་ནམས་དཔལ་བཟང་ལས་བདེ་མཆོག་དང་ཡོ་གའི་སྐོར་རྒྱུན་དཀོན་གྲས་དང་། གཟིམས་ཕུག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མགོན་པོ་ལས་ཏཱ་ར་ནཱ་ཐས་མཛད་པའི་ནི་གུའི་ཁྲིད་ཡིག་དང་། གྲུབ་དབོན་བསྟན་འཛིན་ཕུན་ཚོགས་ཀྱི་རྣམ་ཐར་ཞལ་གསུང་མ། མཁྱེན་བརྩེ་ཕུན་ཚོགས་ཀྱི་ཞལ་བསྐངས་དང་བཅས་པ། མཁན་ཆེན་ཀུན་དགའ་ཟླ་འོད་ལས་རྗེ་རང་ཉིད་ཀྱིས་མཛད་པའི་ཡབ་རྗེ་བསོད་ནམས་རིན་ཆེན་གྱི་རྣམ་ཐར། དྲུང་ཡིག་ཀུན་དགའ་སངས་རྒྱས་ལས་སྒྲ་མདོ་པཱ་ཎི་པའི་ཕྱག་ཁྲིད་སོགས་གསན། དེ་ནས་བཀྲ་ཤིས་ཆོས་སྡིང་ཞེས་པའི་བཙུན་དགོན་གསར་བསོད་ནམས་ཆོས་འཕེལ་གྱི་ཞལ་སློབ་བཙུན་མ་རྣམས་ཀྱི་རྟེན་གཞི། མའི་དགོན་པ་གསར་འདེབས་


JKT019_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་འཕྱག་ཕེབས་ཤིང་གང་ཅིར་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་ཅིང་། དམག་ཟོར་མར་གཉེར་དུ་གཏད་པས་ཤིན་ཏུ་འགོ་བའི་མཚན་མའང་སྣང་། གྲོང་ཆེན་དུ་ཕེབས་ནས་གྲུབ་དབང་ཀུན་བཟང་ཀློང་གྲོལ་ལས་མཁའ་འགྲོ་སྙིང་ཏིག་གི་དབང་ལུང་སྨིན་ཁྲིད་དང་། གཡུ་ཐོག་སྙིང་ཏིག་གི་སྨིན་གྲོལ་སོགས་རྒྱ་ཆེར་གསན། མུས་ཆེན་ལས་གཅོད་ཐང་སྟོང་སྙན་བརྒྱུད་སྐོར་གསན། དེ་དག་གི་སྐབས་དུད་སོལ་མས་ཞལ་བསྟན་པ་དང་། མ་གཅིག་གིས་བྱིན་གྱིས་བརླབས་པའི་གཟིགས་སྣང་སོགས་བྱུང་། མེ་ཡོས་ཟླ་བ་གཉིས་པར་དབུས་ཕྱོགས་སུ་འཕྲལ་དུ་ཕེབས་ཤིང་། ཆོས་ཀྱི་ཕྲིན་ལས་སྤྱི་དང་། སོག་ཡུལ་ཧ་ལ་ཤན་གྱི་བླ་དཔོན་ཟུང་འབྲེལ་ཐོ་ཡོན་དར་རྒྱས་ལ་དབང་ལུང་མང་དུ་གནང་ཞིང་། ཕྱོགས་དེར་གདན་འདྲེན་ཞུས་ཀྱང་ཕེབས་པའི་ཞལ་བཞེས་མ་གནང་། དེ་ནས་ཡར་ཀླུང་དུ་ཕེབས་ནས་འབྲུག་ལོར་བཅད་རྒྱའི་ཐོག་བཅོ་བརྒྱད་གདུང་བརྒྱུད་རིན་པོ་ཆེ་དང་། བོང་འབྲུག་ཆོས་རྗེ་སོགས་ལ་ཟབ་རྒྱས་ཀྱི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར། བཅོ་བརྒྱད་གདུང་བརྒྱུད་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་ངོས་བཟུང་ཞིང་ཤིན་ཏུ་ཐུགས་མཉེས་པར་མཛད། ས་སྦྲུལ་ཕལ་ཆེར་བཅད་རྒྱ་དང་། རྨོར་དུ་ཕེབས་ཤིང་རྨོར་ཆེན་རིན་པོ་ཆེའི་ཟླ་མཆོད་


JKT019_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། ལྕགས་རྟ་ལོར་ཤེའུ་གྲོང་དུ་རྣལ་འབྱོར་མའི་བཀའ་ཆོས་སྩལ་ཞིང་རྨོར་ཆེན་རིན་པོ་ཆེའི་དགོངས་རྫོགས་རྣལ་འབྱོར་མའི་སྒྲུབ་མཆོད་སོགས་བཙུགས། ལྕགས་ལུག་ལོར་རྒྱལ་དབང་བདུན་པ་རིན་པོ་ཆེར་ཞབས་བརྟན་འབུལ་བ་དང་། ཕྱག་རྡོར་འཁོར་ཆེན་གྱི་བཀའ་དབང་གསན། བཅོ་བརྒྱད་པ། བོང་འབྲུག་པ། ཞི་བ་ལྷ་སོགས་ལ་གྲུབ་ཆོས་མང་བ་དང་། འཕན་ཡུལ་བཅོ་བརྒྱད་པས་གདན་དྲངས་པ་བཞིན་ཕེབས་ནས་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་སོགས་སྩལ། ལོ་སྔ་ཕྱི་འདི་ལ་ཚོགས་གསོག་ཀྱང་རྒྱ་ཆེར་གནང་། དེ་ནས་ལྷ་ལྡན་དང་འོན་ཆོས་སྡིང་སོགས་བརྒྱུད་གདན་སར་ཕེབས། ཆུ་སྤྲེལ་ཆོ་འཕྲུལ་ཟླ་བར་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་ནས་གནས་གཟིགས་དང་བསྟུན་རིམ་གྱིས་གྲོང་ཆེན་དུ་ཕེབས། ས་ག་ཟླ་བར་དཔལ་ས་སྐྱར་ཞབས་པད་བཀོད་དེ། འཇམ་མགོན་སྐུ་མཆེད་དང་། ཞི་དགོན་བསོད་ནམས་དཔལ་བཟང་དང་། སྐལ་བཟང་རྣམ་གྲོལ་སོགས་ལ་ངོར་ཆེན་བཀའ་འབུམ་པོད་བཞི་མ་སོགས་ལུང་དང་། གཤེད་དམར་སྤྲོས་མེད་དང་། ཤངས་ཆོས་ཡོངས་རྫོགས་སོགས་ཟབ་རྒྱས་ཀྱི་ཆོས་འཁོར་མཐའ་ཀླས་པ་བསྐོར། སླར་གྲང་ཆེན་དུ་ཕེབས་ནས་མུས་ཆེན་དང་། རྫོང་རམ། ངག་དབང་ཤེས་རབ་སོགས་ལ་ཆོས་དང་ཟང་ཟིང་གི་ལེགས་ཚོགས་རྒྱ་


JKT019_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྤེལ། ཐ་སྐར་ཟླ་བར་ལ་སྟོད་དིང་རི་གླང་འཁོར་དུ་ཆེད་གཏད་ཀྱིས་ཕེབས་ནས། གླང་འཁོར་གདན་ས་པ་འཆི་མེད་ཀྱི་དངོས་གྲུབ་བརྙེས་པ་འཆི་མེད་གཞོན་ནུ་བློ་གྲོས་ཀྱི་སྤྱན་སྔར་ཞི་བྱེད་བརྒྱུད་པ་ཕྱི་མའི་སྐོར་གྱི་དབང་དང་ཁྲིད་སྐོར་ཚང་མ་དང་། རིག་པ་གཅེར་མཐོང་གི་ཉམས་ཁྲིད་གསན་ཅིང་། ལུང་སྐོར་ཆོས་མཛད་སྐལ་བཟང་རྣམ་གྲོལ་ནས་གསན་པར་བཞག་སྟེ་སླར་གསན་བཞེས་གནང་། རི་བོ་ཆེ་བརྒྱུད་གྲོང་ཆེན་དུ་ཕེབས། ཛ་ལུང་རྡོ་རྗེ་འཛིན་པ་ལས་རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཆ་ཚང་སོགས་གསན། གཞན་ཡང་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་གནང་། ལོ་ཕྱི་མའི་ཆུ་སྟོད་ཟླ་བར་སླར་དཔལ་ས་སྐྱར་ཕེབས་ནས་ཐར་རྩེ་རྡོ་རྗེ་འཆང་དང་ཞལ་རྒྱས་སུ་མཛད་ཅིང་ཏྲཀཱད་ཀྱི་རྗེས་གནང་གསན། འཇམ་མགོན་སྐུ་མཆེད་སོགས་ལ་ངག་དབང་ཆོས་གྲགས་ཀྱི་ལམ་འབྲས་སྐོར་དང་། ངག་དབང་བསྟན་རྡོར་གྱི་ལམ་འབྲས། ཀུན་མཁྱེན་ཀློང་ཆེན་པའི་སེམས་ཉིད་ངལ་བསོ་རྩ་འགྲེལ་སོགས་ངལ་བསོ་སྐོར་གསུམ། ཁྱད་པར་ མགོནཔོབེང ་གི་སྐོར་ཡོངས་སུ་རྫོགས་པ་དང་། གཞན་ཡང་སྨིན་གླིང་གཏེར་གསར་ཕལ་ཆེར་དང་། སྒྲུབ་ཐབས་འདོད་བུམ་སོགས་རྒྱ་ཆེར་སྩལ་བ་སྟེ་འདི་ནི་ས་སྐྱར་ཕེབས་པའི་ཐ་མའོ། །དེ་ནས་གྲོང་ཆེན་བརྒྱུད་རིམ་


JKT019_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྒྱལ་ཟླའི་ཚེས་བཅུ་བཞི་ནས་དབུས་སུ་ཆིབས་ཁ་བསྒྱུར། འཕགས་སྡེར་འདུ་ཁང་ཞིག་གསོའི་ཞལ་འདེབས་གནང་། ལྷ་ལྡན་དུ་རྒྱལ་དབང་རིན་པོ་ཆེར་མཇལ་ཕྱག་གནང་ཞིང་དགྱེས་པའི་བཀའ་ལུང་གིས་དབུགས་དབྱུང་། དེ་ནས་བཀྲས་ཆོས་སུ་ཕེབས། ཤིང་ཁྱི་ཟླ་བ་བཞི་པར་ནཱ་ལེནྡར་སྤྱན་དྲངས་པ་བཞིན་ཕེབས་ཏེ། བཅོ་བརྒྱད་བླ་བྲང་གི་ཞལ་ངོ་རྣམས་དང་། བོང་འབྲུག་རིན་པོ་ཆེ། སྐྱིད་ཚལ་ཆོས་རྗེ་སོགས་རིགས་པར་སྨྲ་བའི་བཤེས་གཉེན་མང་པོར་གསུང་ངག་༧༽རིན་པོ་ཆེའི་ཆོས་འཁོར་རྒྱས་པར་བསྐོར་ཏེ། གསུང་ངག་གནང་བའི་ཐ་མའོ། །སླར་ལྷ་ལྡན་བརྒྱུད་དེ་བཀྲས་ཆོས་སུ་ཕེབས་ནས་ཕལ་ཆེར་བཅད་རྒྱ་ཁོ་ནར་བཞུགས་མུར། མཁན་ཆེན་ངག་དབང་ཤེས་རབ་དང་། ཞི་བ་ལྷ་སྤྲུལ་པའི་སྐུ་སོགས་ལ་གསུང་ཆོས་ཅི་རིགས་པའང་སྩལ། ཤིང་ཕག་སྟོན་མཇུག་ས་སྐྱ་ནས་འཇམ་མགོན་སྐུ་མཆེད་དབུས་སུ་ཕེབས་པ་དང་བཀྲས་ཆོས་སུ་ཞལ་འཛོམ་གྱི་ཐོག་བསྙེན་བཀུར་སོགས་ངོ་མཚར་གྱི་མཛད་པ་གོང་འཕེལ་དུ་སྩལ། མེ་བྱི་ལོར་ལྷ་ལྡན་དུ་ཕེབས་ནས་གོང་ཞབས་རིན་པོ་ཆེར་ཞབས་བརྟན་ལེགས་འབུལ་དང་། ཚལ་ནས་རིག་འཛིན་ངག་དབང་པདྨ་དང་། དགེ་སློང་འགྱུར་མེད་ཆོས་འཕེལ་གཉིས་གདན་འདྲེན་མཛད་ནས་བླ་མ་ཞང་གི་ཟབ་རྒྱའི་སྐོར་གྱི་དབང་ལུང་ཆ་


JKT019_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་། དགེ་སློང་བློ་བཟང་བསོད་ནམས་ལས་ལྔ་པ་རིན་པོ་ཆེའི་བཀའ་འབུམ། བཀའ་ཆེན་ཐབས་མཁས་རྒྱ་མཚོ་ལས་རྗེའི་ལམ་རིམ་གཉིས། རིག་འཛིན་པདྨ་བདེ་ཆེན་ལས་མི་བསྐྱོད་དཀོན་མཆོག་ལྷུན་གྲུབ་མའི་རྣམ་ཐར་སོགས་གསན། ཟླ་བ་བཅུ་པའི་ཚེས་བཅུ་ལ་ཤེའུ་གྲོལ་གསང་སྔགས་གླིང་གི་ཆོས་ཁྲིར་ཞབས་བཀོད། མེ་གླང་ལོར་རྨོར་ཆེན་རིན་པོ་ཆེའི་གདན་ས་སྨོན་དགའ་རིན་ཆེན་བསམ་གཏན་གླིང་སེང་གེའི་ཁྲིར་མངའ་གསོལ། དེའི་ས་ག་ཟླ་བར་བདུད་རྩི་རིལ་བུ་བསྒྲུབ་གནང་དང་། སྣོན་ཟླར་རིག་འཛིན་ཚེ་དབང་བཀྲ་ཤིས་ལས་གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་པ་འདུས་པའི་དབང་ལུང་ཆ་ཚང་དང་། འཇའ་ཚོན་པའི་གཏེར་ཆོས་ཕལ་ཆེར་སོགས་གསན། སྟོན་མཇུག་ས་སྐྱ་ནས་གཅུང་རིན་པོ་ཆེ་དག་ཞིང་དུ་གཤེགས་སྐབས་འཇམ་མགོན་ཀུན་བློར་གདུང་སྤེལ་དགོས་ཚུལ་གྱི་གསོལ་འདེབས་མཛད་པས་གངས་ཅན་བསྟན་འགྲོའི་ལེགས་ཚོགས་ཀྱི་རྩ་བ་ཚུགས། ལྷ་ལྡན་དུ་ལྕང་སྐྱ་རིན་པོ་ཆེར་ཆོས་ཀྱི་འབེལ་གཏམ་མང་དུ་གནང་བས་ཐུགས་དགྱེས་པའི་པདྨོ་བྱེ། གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོ་ལས་རྩ་གསུམ་བཀའ་འདུས་རྒྱུད་ཀྱི་ལུང་དང་། བཅོ་བརྒྱད་སྐུ་གཞོན་བསྙེན་པར་རྫོགས་ཤིང་མཚན་ངག་དབང་ཀུན་དགའ་མཁྱེན་


JKT019_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སངས་རྒྱས་བསྟན་པའི་རྒྱལ་མཚན་དུ་གསོལ། རིག་འཛིན་སྐལ་བཟང་རྣམ་གྲོལ་ལས། དག་སྣང་རྒྱ་ཅན་སྐོར། ཞི་བྱེད་ལུང་སོགས། གྲུབ་ཆེན་བློ་བཟང་གར་དབང་ལས་གཏེར་ཆེན་འཛམ་གླིང་རྡོ་རྗེ་ནས་བརྒྱུད་པའི་ཁྱབ་འཇུག་ཆེན་པོའི་སྐོར་སོགས་གསན། བཀའ་ཆོས་འཆད་སྤེལ་རྒྱུན་མི་འཆད་པར་གནང་། ས་སྟག་ལོར་ཤེའུ་གྲོང་དུ་ཕེབས་ཤིང་། ལྷ་ལྡན་དུ་རྒྱལ་ཚབ་རིན་པོ་ཆེར་རྐྱེན་སེལ་གྱི་དབང་བཀའ་དང་། མགོན་པོ་བྲག་རྫོང་མའི་རྗེས་ཁྲིད་སོགས་ཕུལ། ལྕང་སྐྱ་རིན་པོ་ཆེ་ཐོན་ཕྱག་ཕུལ་ཞིང་ཐུགས་དགྱེས་པའི་རྩེར་སོན། དགུན་ལོར་སྡེ་དགེ་དུས་འཁོར་བླ་མ་ཕྲིན་ལས་པ། བོང་འབྲུག་པ། ཞབས་འབྲིང་དགེ་སློང་ངག་དབང་འཇམ་དབྱངས་སོགས་ལ་དུས་འཁོར་གྱི་དབང་ལུང་རྒྱས་པར་སྩལ། ལྷ་ལྡན་དུ་རྒྱལ་ཚབ་རིན་པོ་ཆེར་བཀའ་ཆོས་འགའ་ཞིག་ཕུལ་ཅིང་། གཞན་ཡང་དོན་གཉེར་ཅན་ཅི་རིགས་པར་སྙིང་ཏིག་ཆེན་མོ་བཀའ་ཆོས་རྒྱ་ཆེར་སྩལ། མང་ར་མཁན་ཟུར་ལས་ཆོས་རྗེ་གླིང་པའི་ཕྱག་རྡོར་སེང་སྒྲོག་གི་རྗེས་གནང་སོགས་དང་། རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་ཐེག་ཆེན་གླིང་པ་གར་དབང་ལས་རབ་རྩལ་ལས་ཉིད་ཀྱི་གཏེར་ཆོས་ཕལ་ཆེར་གྱི་དབང་ལུང་གསན་པ་སོགས་དང་། ཕ་བོང་ཁ་མཁན་པོ་སོགས་ལ་རྣལ་འབྱོར་མའི་སྐོར་དང་། བོང་འབྲུག་


JKT019_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་བསྙེན་པར་རྫོགས་ཤིང་མཚན་མཁྱེན་རབ་ངག་དབང་བློ་གསལ་ཕུན་ཚོགས་སུ་གནང་ངོ་། །མདོར་ན་བདག་ཉིད་ཆེན་པོ་འདི་ནི་རང་དོན་དུ་གསན་བསམ་སྒོམ་གསུམ་མཐར་སོན་ནས། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་ཐུབ་བསྟན་ཉིན་མོར་མཛད་པའི་རྣམ་ཐར་འགྲན་ཟླ་དང་བྲལ་བ་སྟེ། དེ་ཡང་སྔར་སྨོས་པ་ལྟར་གཙོ་བོར་རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་ཉིད་རྩ་བའི་བླ་མ་གཅིག་པུར་བཟུང་ནས། དེའི་ཐུགས་སྲས་འཕགས་སྡེ་མཁན་ཆེན་ངག་དབང་བློ་གསལ། བསམ་ཡས་བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། གྲུབ་དབང་ཀུན་དགའ་ཚུལ་ཁྲིམས། ཁམ་སྟོན་སངས་རྒྱས་རྒྱ་མཚོ། འཁོར་ལོ་སྡོམ་པ། ཆོས་འཁོར་སློབ་དཔོན་ཀུན་དགའ་བསམ་གཏན། འཇིགས་བྱེད་གྲུབ་བརྙེས་བཀྲ་ཤིས་ཆོས་སྡེའི་སློབ་དཔོན་བསོད་ནམས་སྣང་བྱེད། གྲུབ་དབང་པདྨ་རྒྱལ་མཚན། རིག་འཛིན་སྐལ་བཟང་རྣམ་གྲོལ། རྟོགས་པའི་མངའ་བདག་པུ་ཏྲག་བླ་མ་ལེགས་པ་དོན་གྲུབ། རྟ་མགྲིན་གྲུབ་བརྙེས་སློབ་དཔོན་ངག་དབང་གྲགས་པ། མང་ར་མཁན་པོ་བློ་བཟང་དགེ་འདུན། མཁས་བཙུན་དམ་པ་གངས་ཅན་མཁན་པོ་ངག་དབང་རབ་བརྟན། འཕགས་སྡེ་བ་བསྟན་པ་རྒྱལ་མཚན། དགོན་གསར་སློབ་དཔོན་བསྟན་འཛིན་བཟང་པོ། འཚོ་བྱེད་ངག་


JKT019_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དོན་གྲུབ་སྟེ་རྨོར་ཆེན་རྡོ་རྗེ་འཆང་ཡབ་སྲས་བཅུ་དྲུག་དང་། གཞན་ཡང་ཡབ་རྗེ་བསོད་ནམས་རིན་ཆེན། རྗེ་བཙུན་མཁའ་སྤྱོད་དབང་མོ། གྲུབ་སྒྲོ་ལུང་པ་བསོད་ནམས་ཆོས་འཕེལ། བླ་ཆེན་དཀོན་མཆོག་རྒྱལ་པོ། གོང་དཀར་ཆོས་རྗེ་བློ་གྲོས་དབང་ཕྱུག །ངོར་ཆེན་བཀྲ་ཤིས་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་། ཆོས་རྗེ་བཀྲ་ཤིས་བཟང་པོ། བླ་མ་ནམ་མཁའ་དཔལ་བཟང་། བླ་མ་ཀུན་དགའ་བསྟན་འཛིན། ཆོས་རྗེ་བསྟན་འཛིན་ཕུན་ཚོགས། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སྐུ་མཆེད། རྗེ་བཙུན་བསོད་ནམས་བསྟན་པའི་ཉི་མ། མཆོག་གསུམ་ཕྲིན་ལས་དབང་མོ། རབ་བྱུང་མཁན་པོ་བཟོད་པ་འོད་ཟེར། དཔོན་ཡིག་པ་ཀུན་དགའ་སངས་རྒྱས། ཞེ་དགོན་མཁན་ཆེན་བསོད་ནམས་དཔལ་བཟང་། གཟིམས་ཕུག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མགོན་པོ། གཟིམས་འོག་སྤྲུལ་སྐུ་སངས་རྒྱས་བསྟན་འཛིན། བོད་འབྲུག་ཆོས་རྗེ་བློ་གསལ་ཕུན་ཚོགས་ཏེ་དཔལ་ས་སྐྱ་པའི་བསྟན་འཛིན་ཆེན་པོ་ཉེར་གཉིས། རྒྱལ་དབང་བདུན་པ་རིན་པོ་ཆེ་སྐལ་བཟང་རྒྱ་མཚོ། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་སྲས་སྤྲུལ་སྐུ་འཇིགས་མེད་གྲགས་པ། ཞི་བ་ལྷ་འཕགས་པ་དགེ་ལེགས་རྒྱལ་མཚན། འབྲས་སྤུངས་བཀའ་འགྱུར་བ་


JKT019_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དམ་ཆོས། བཀའ་འགྱུར་བ་ཐབས་མཁས་རྒྱ་མཚོ་སྟེ་དགའ་ལྡན་པའི་བསྟན་འཛིན་ཆེན་པོ་དྲུག །གྲུབ་དབང་ཀུན་བཟང་ཀློང་གྲོལ། ཐུགས་སྲས་སྤྲུལ་སྐུ་མཆོག་གྲུབ་དཔལ་འབར་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། དཔལ་ཡུལ་བ་པདྨ་ནོར་བུ། ཟུར་ཕྲིན་ལས་བློ་ལྡན། གླན་སྟོན་འོད་གསལ་རང་གྲོལ། གར་དབང་ལས་རབ་རྩལ། ཀུན་བཟང་བདེ་ཆེན་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། གནུབས་སྟོན་བློ་བཟང་དོན་གྲུབ། སྔགས་འཆང་རིན་ཆེན་བཀྲ་ཤིས། རྡོར་འཛིན་བློ་བཟང་བསོད་ནམས། གྲུབ་དབང་པདྨ་བདེ་ཆེན། གྲུབ་དབང་རྣམ་སྲས་རྒྱལ་པོ་སྟེ་གསང་ཆེན་རྙིང་མའི་བསྟན་འཛིན་བཅུ་བཞི། མཚུར་ཕུའི་བླ་ཆེན་ཏྲེ་བོ་གོང་མ། སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས། འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། རི་བོ་ཆེའི་མཁན་ཆེན་བློ་བཟང་སྟོབས་ལྡན། གྲུབ་རིགས་ངག་དབང་ཡོངས་གྲགས། ལྕགས་ཟམ་པ་བློ་བཟང་དཔལ་གྲུབ། གླང་འཁོར་པ་འཆི་མེད་གཞོན་ནུ་བློ་གྲོས། གྲུབ་དབང་ངག་དབང་པདྨ། དགེ་སློང་འགྱུར་མེད་ཆོས་འཕེལ། ཞྭ་ལུ་བླ་ཆེན་ཐུགས་རྗེ་བརྩོན་འགྲུས་དང་། རིན་ཆེན་འཇམ་དཔལ་ཆོས་མཆོག །སྤོ་ར་དབུ་ཆེན་ཆོས་གྲགས་བཟང་པོ། གྲུབ་མཆོག་བློ་བཟང་གར་དབང་། སྡེ་


JKT019_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འཚོ་བྱེད་ཆེན་པོ་སྟེ་གྲུབ་མཐའ་རིས་མེད་གསན་པའི་བླ་མ་བཅུ་བཞི་སྟེ་བསྡོམས་པས་བདུན་ཅུ་རྩ་གཉིས་དང་། གཞན་ཡང་ཕྱག་ཆེན་དང་རིག་གནས་སྐོར་གསན་སྦྱངས་དོགས་གཅོད་མཛད་པའི་ཡོངས་འཛིན་མང་པོ་སོགས་མཁས་གྲུབ་ཀྱི་བླ་མ་བསམ་གྱིས་མི་ཁྱབ་པ་བསྟེན་ཏེ། མདོ་སྔགས་གསར་རྙིང་རིག་གནས་དང་བཅས་པ་གངས་ཅན་གྱི་ལྗོངས་སུ་བཞུགས་པ་ཕལ་མོ་ཆེའི་དབང་ཁྲིད་མན་ངག་ལུང་སོགས་མང་དུ་གསན་པ་རྒྱ་མཚོའི་མཐར་སོན་ཅིང་། དེ་ཡང་གསན་ལོ་ཙམ་དུ་མ་བཞགས་པར། གཙོ་བོར་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་སྲུང་མཚམས་ལས་ནམ་ཡང་མི་འདའ་བའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཀུན་སྤྱོད་རྣམ་པར་དག་པས་གཞི་བཟུང་། གྲུབ་མཐའ་སོ་སོའི་ཚིག་གི་བཤད་ཚུལ། དོན་གྱི་དགོངས་པ། ཕྱག་ལེན་ཕྲ་མོ་ཚུན་ཆོད་ཀྱང་བསམ་བྱུང་གི་ངེས་པས་སྒྲོ་འདོགས་བཅད་པས་ཇི་བཞིན་དུ་མཁྱེན་ཅིང་གཟིགས་ཤིང་། ཟབ་ལམ་ཀུན་གཞིའི་རྣལ་འབྱོར་ལས་ནམ་ཡང་མི་གཡོ་བའི་རྒྱུན་དང་། དབེན་པའི་གནས་རྣམས་སུ་དུས་དང་དུས་སུ་དཔལ་དགེས་པ་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་འཇིགས་བྱེད། ཆོས་སྐྱོང་མ་ཧ་ཀ་ལ་སོགས་ཡི་དམ་ཆོས་སྲུང་རྒྱ་མཚོའི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ཚུལ་བཞིན་དུ་ཉམས་སུ་བཞེས་པས་ཉམས་


JKT019_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང་། ཨོ་རྒྱན་ཆེན་པོ་དང་། མཁས་གྲུབ་ཁྱུང་པོ། གྲུབ་ཆེན་ཐང་སྟོང་པ་སོགས་ཀྱིས་དངོས་ཉམས་མནལ་ལམ་གྱི་ཚུལ་དུ་བྱིན་གྱིས་བརླབས་ཤིང་། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། སངས་རྒྱས་སྨན་གྱི་བླ་མ། འཕགས་མཆོག་སྤྱན་རས་གཟིགས་སོགས་མནལ་ལམ་གྱི་ཚུལ་དུ་ཞལ་གཟིགས། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཛོ་ཀིའི་ཚུལ་གྱིས་རྗེས་སུ་བཟུང་བ་དང་། ཁྱད་པར་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས་དངོས་ཉམས་མནལ་ལམ་དུ་ཡང་ཡང་རྗེས་སུ་བཟུང་ཞིང་། རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་བྲན་བཞིན་དུ་བཀའ་ཉན་པ་དང་། ལྐོག་གྱུར་གནས་དུ་མ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་གང་ལའང་དགོངས་པ་གཏོད་པ་ཙམ་གྱིས་འགྲུབ་པས་མཚོན་ཐུན་མོང་གི་སྣང་ངོར་ཀྱང་འཕགས་ལམ་གྱི་གོ་འཕང་མཐོན་པོར་གཤེགས་པའི་ངོ་མཚར་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་པ་ལ་བརྟེན་ནས་གཞན་དོན་ཕྲིན་ལས་ཀྱི་རིམ་པ་དང་། འཆད་པའི་དབང་དུ་བྱས་ན། ཟང་ཟིང་དང་སྙན་གྲགས་ལ་སོགས་པའི་ཀུན་སློང་ཐམས་ཅད་རིང་དུ་དོར་ནས། གཅིག་ཏུ་བསྟན་པ་དང་སེམས་ཅན་ལ་ཕན་ན་སྐུ་སྲོག་ཀྱང་འདོར་བ་ལ་ཞུམ་པ་མེད་པའི་ལྷག་བསམ་ཁྱད་པར་


JKT019_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས། མདོ་རྒྱུད་བསྟན་བཅོས་དང་སྨིན་གྲོལ་རྗེ་ཉིད་ཀྱིས་གསན་པ་ལས། ལམ་འབྲས་ཚར་བདུན་གྱིས་མཚོན་ཕལ་ཆེར་ལན་གྲངས་དུ་མ་དང་། ཐ་ནའང་ལན་རེར་མ་འཆད་པ་མེད་པ་ལྟ་བུ་དང་། དེ་ཐམས་ཅད་ཀྱང་སླ་བཅོས་དང་། རིགས་འགྲེ་དང་། མི་འོས་པའི་རུང་མཐུན་སྦྱར་བ་སོགས་རང་བཟོའི་དྲི་མ་ཕྲ་མོ་ཙམ་དང་ཡང་བྲལ་ཞིང་། ཕྱག་ལེན་ཕྲ་རགས་ཐམས་ཅད་རང་རང་གི་ལུགས་སྲོལ་མ་འདྲེས་པའི་སྒོ་ནས་ཚིག་དོན་མཐའ་ཆོད་པར་གནང་བས་དཔྱོད་ལྡན་ཐམས་ཅད་ཡིད་དབང་མེད་དུ་འཕྲོག་པར་མཛད། རྩོད་པའི་ཚུལ་ཡང་། སྤྱིར་སྐུ་ཚེ་དུ་མར་མཁས་པའི་སྐྱེ་བ་བརྒྱུད་མར་བཟུང་བ་དང་། ཁྱད་པར་འཕགས་ཡུལ་དུ་རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ཆོས་ཀྱི་གྲགས་པར་སྐྱེ་བ་བཞེས་པའི་བག་ཆགས་ཀྱིས་སྐུ་ཚེ་འདིར་ཚད་མ་མ་བསླབ་པ་ཕུལ་དུ་ཕྱིན་པ་མཁྱེན་ཅིང་། གཞུང་ལུགས་དུ་མའི་འགལ་འབྲེལ་དཔྱོད་ལ་སྤོབས་པའི་གཏེར་མཛོད་གྲོལ་བར་གྱུར་ཀྱང་། སྐབས་སུ་བབས་པ་རེ་གཉིས་ཙམ་ལས་སྙིགས་མའི་དུས་ཀྱི་གཞན་དབང་གིས་ཆགས་སྡང་གི་རྒྱུར་འགྱུར་དོགས་དགག་སྒྲུབ་ཀྱི་སྤྲོས་པ་ཆེར་མི་མཛད། བརྩམས་པའི་དབང་དུ་བྱས་ན། ཐོས་བསམ་གྱི་རིམ་པ་མཐར་སོན་ཅིང་ལྷག་པའི་ལྷས་རྗེས་སུ་བཟུང་བ་སོགས་རྩོམ་པའི་རྒྱ་གསུམ་ཐམས་


JKT019_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཚང་མ་བསྟན་བཅོས་ཇི་ལྟ་བུ་ཞིག་རྩོམ་ཀྱང་ཐོགས་པ་མི་མངའ་མོད། བླ་མ་གོང་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་དེ་རྣམས་ཀྱི་ལེགས་པར་བཤད་པའི་རྒྱུན་ལ་གནོད་དོགས་གསུང་རྩོམ་རྒྱུ་ཆེར་མ་མཛད་ཀྱང་། ཞུ་བ་པོ་སོ་སོའི་བློ་དང་མཐུན་པར་བཀའ་རྩོམ་ཕྲན་བུ་གནང་བ་ལ། དུས་འཁོར། བླ་མ་ཞི་ཁྲོའི་ཚེ་དབང་། གསོ་རིག་རྒྱུད་བཞི་རྣམས་ཀྱི་བརྒྱུད་འདེབས། གསུང་ངག་རིན་པོ་ཆེ། འཇིགས་བྱེད་དབང་བརྒྱུད་ལུགས་གསུམ། སྨིན་ཁྲིད་ཚེམ་བུ་ལུགས། ནཱ་རོ་མཁའ་སྤྱོད། གུར་ཞལ་རྣམས་ཀྱི་བརྒྱུད་འདེབས་ཀྱི་ཁ་སྐོང་། སྒྲོལ་མའི་གསོལ་འདེབས། རྨོར་ཆེན་མཆོག་སྤྲུལ་མྱུར་ཕེབས། ཡབ་རྗེ་བསོད་ནམས་རིན་ཆེན། བཅོ་བརྒྱད་པ་ཁྱབ་བདག་མཚན་ཅན། ངོར་ཆེན་བཀྲ་ཤིས་ལྷུན་གྲུབ། བསམ་ཡས་ས་ཕུག་པ་ཀུན་དགའ་ཚུལ་ཁྲིམས། ཁམ་ལ་སྟོན་པ་སངས་རྒྱས་རྒྱ་མཚོ། བླ་མ་ལྕགས་ཟམ་པ་རྣམས་ཀྱི་གསོལ་འདེབས། རྗེ་ཉིད་ཀྱི་འཁྲུངས་རབ་དང་རྣམ་ཐར་གསོལ་འདེབས། སྐུ་བསྟོད་བརྟན་བཞུགས་དང་བཅས་པ་སུམ་ཅུ་རྩ་གྲངས། གཞན་ཡང་རིང་འཚོའི་བདེན་ཚིག །འདོད་གསོལ། ཞལ་བྱང་སྣ་ཚོགས། ཡི་གེའི་མ་མོ་སྤེལ་བའི་གསུང་མགུར་གསུམ། སོ་འབྲང་བསྙེན་ཐབས། ཁྱུང་ཁྲ་ནག །སྒྲོལ་དཀར། སྨེ་བ་རྩེགས་དུད་ཁ།


JKT019_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མཐར་བྱེད། རྡོར་སེམས། དབྱངས་ཅན་དམར་མོ་རྣམས་ཀྱི་སྒྲུབ་ཐབས་ཚིགས་བཅད། རླུང་ཛ་བཱིར་དང་། ནམ་མཁའ་ཟས་སུ་ཟ་བའི་ཚེ་སྒྲུབ། རས་ཆེན་དཔལ་འབྱོར་བཟང་པོའི་གསེར་ཆོས་འཕོ་བ། རིགས་བྱེད་མའི་རང་བྱིན་རླབས་རྣམས་ཀྱི་གསལ་བྱེད་ཁྱད་པར་ཅན་རེ་རེ། དུས་འཁོར་སྒྲུབ་དཀྱིལ། སྦྱིན་སྲེག །དེའི་དཀྱིལ་འཁོར་གྱི་ཚོན་ཐོ། དྲི་མེད་ཚྭ་ཆོག་གི་ཐིག་རྩ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཚིགས་བཅད་ལྷུག་གཉིས། དཀྱིལ་ཆོག་དང་སྦྱིན་སྲེག་ནག་འགྲོས། མཚམས་ཐོ་བསྐྱེད་ཆོག །ཆ་གསུམ་ནག་འགྲོས། རྫོགས་ཆེན་སྙིང་ཏིག་གི་ཟིན་བྲིས། ཞལ་བཞི་པའི་བསྟོད་པ། གཏོ་མདོས་ཟུང་འབྲེལ། སྔགས་དྲུག་ཕྱག་དྲུག་ཟིན་བྲིས། རྣམ་སྲས་གཏོར་བསྔོ། བསྟོད་བསྐུལ་འོག་མིན་བདེ་ཆེན་མའི་ཁ་སྐོང་། ཆོས་སྲུང་གཞི་བདག་འགའ་ཞིག་གི་གསོལ་མཆོད། གོང་ས་མཆོད་ཡོན་གྱི་ཞབས་བརྟན་འབུལ་སྐབས་ཞལ་བཞེས་ཞུ་བའི་ལེགས་བཤད་དང་། སྒྲ་མདོ་པཱ་ཎའི་བསྡུས་དོན་སོགས་བརྗོད་བྱའི་དོན་རྒྱ་ཆེ་ཞིང་། བརྗོད་བྱེད་ཀྱི་ཚིག་བརླིང་བ། མཁས་བླུན་ཀུན་གྱི་རྣ་བར་སྙན་པ་སོགས་སྡེབ་ལེགས་བརྩམས་པའི་ཕྲེང་བ་འགའ་ཞིག་བཞུགས་སོ། །དེ་ལྟར་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་ནམས་མཁའ་དང་མཉམ་པའི་རང་འབྲས་གསུང་གི་


JKT019_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བཞེས་པའི་བསྟན་འཛིན་གྱི་སློབ་མ་འང་། དེ་མོ་རིན་པོ་ཆེ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་། འཇམ་དབྱངས་སངས་རྒྱས་ཡེ་ཤེས། དྲག་རྩ་རྡོ་རྗེ་འཆང་བློ་བསལ་བསྟན་འཕེལ། ཤར་ཆེན་མི་འགྱུར་རྒྱལ་མཚན། དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས། གཅུང་མཐུ་སྟོབས་དབང་ཕྱུག །བཅོ་བརྒྱད་པ་དགའ་ཆེན་ཁྱབ་བདག་སྙིང་པོ་སོགས་ཞལ་ངོ་གསུམ། རི་བོ་ཆེ་པ་བློ་བཟང་སྟོབས་ལྡན་སྐུ་མཆེད། མདོ་ཁམས་པ་སངས་རྒྱས་རྒྱ་མཚོ་སོགས་མདོ་ཁམས་ཕྱོགས་ཀྱི་མཁས་གྲུབ་དུ་མ། བོང་འབྲུག་ཆོས་རྗེ་བློ་གསལ་ཕུན་ཚོགས་ཆོས་གྲྭ་ཆེན་པོ་ན་ལན་དྲའི་བླ་མ་སློབ་དཔོན་དུ་མ། རྩེ་གདོང་སྤྲུལ་སྐུ་བསྟན་འཛིན་ལྷུན་གྲུབ། གཟིམས་ཕུག་སྤྲུལ་སྐུ་བློ་བཟང་མགོན་པོ། མུས་ཞི་དགོན་མཁན་ཆེན་བསོད་ནམས་དཔལ་བཟང་། གྲོང་ཆེན་མཁན་པོ་ངག་དབང་ཤེས་རབ། རིག་འཛིན་བསྐལ་བཟང་རྣམ་གྲོལ། རྫོང་རི་རབ་འབྱམས་པ་བསྐལ་བཟང་བསྟན་འཛིན། གླིང་སྨད་ཞབས་དྲུང་ཕུན་ཚོགས་བཀྲ་ཤིས་སོགས་གསང་ཕུ་དང་སྐྱེད་ཚལ་གྱི་བླ་མ་སློབ་དཔོན་དུ་མ། རྡོ་རྗེ་འཛིན་པ་བསོད་ནམས་སྣང་བྱེད་དང་། བསོད་ནམས་རིན་ཆེན། ཀུན་དགའ་དཔལ་འབྱོར་


JKT019_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཆོས་སྡེའི་བླ་མ་སློབ་དཔོན་མཐའ་དག རབ་བྱུང་མཁན་པོ་བཟོད་པ་འོད་ཟེར། བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། ས་ཕུག་གྲུབ་དབང་ཀུན་དགའ་ཚུལ་ཁྲིམས། དགེ་སློང་སངས་རྒྱས་རྒྱལ་མཚན། འབྲུག་པ་ཐམས་ཅད་མཁྱེན་པ། སི་ཏུ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས། རྒྱལ་སྲས་བློ་བཟང་འཇིགས་མེད། ཞི་བ་ལྷ་འཕགས་བ་དགེ་ལེགས་རྒྱལ་མཚན། རྫོག་གི་གདུང་འཛིན་ཉག་པོ་ཁུ་དབོན། ཟུར་སྤྲུལ་ཕྲིན་ལས་རྒྱ་མཚོ། པོ་བོ་སྤྲུལ་སྐུ་ལྷུན་གྲུབ་ཕུན་ཚོགས། གངས་ཅན་མཁན་ཆེན་ངག་དབང་རབ་བརྟན། རི་བོ་བདེ་ཆེན་གྱི་མཁན་པོ་བསྟན་འཛིན་རྒྱ་མཚོ། ཕ་བོང་ཁའི་མཁན་ཆེན་སྐལ་བཟང་མཆོག་གྲུབ། མང་ར་མཁན་ཆེན་བློ་བཟང་དཔལ་འབར། ཀོང་པོ་ཞོ་ཁ་བླ་མ་ཟླ་བ་བཟང་པོ། སློབ་དཔོན་ལྷུན་གྲུབ་རྒྱལ་པོ། ཉང་སྟོད་རྩེ་ཆེན་བླ་མ་བྱམས་པ་ཤེས་རབ་སྐྱེད་ཚལ་འོག་བླ་མ་སྐྱེད་གཤོང་ཆོས་རྗེ། འབྲས་གླིང་བླ་མ་མདོ་སྔགས་ཆོས་འཕེལ། བཀའ་ཆེན་ཐབས་མཁས་རྒྱ་མཚོ། ཞྭ་ལུ་དབུ་བྱེད་ཀུན་སྤངས་པ། སོག་ཡུལ་ཧ་ལ་ཤན་གྱི་བླ་དཔོན་ཟུང་འབྲེལ་ཐོ་ཡོན་དར་རྒྱས་སོགས་ཀྱིས་མཚོན་བསྟན་འཛིན་གྱི་སྐྱེ་བུ་མང་དུ་བསྐྲུན་ཅིང་། ས་སྐྱོང་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ཡབ་སྲས་དང་། འདར་པ་ཡབ་སྲས། མདོ་མཁར་ཞབས་དྲུང་པཎྜི་ཏ་


JKT019_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་དབང་རྒྱལ་སོགས་བསྟན་པའི་སྦྱིན་བདག་དུ་མའི་ཐུགས་ཀྱི་བཞེད་པ་ཆོས་མཐུན་དུ་བསྒྲུབས་པས་བསྟན་འགྲོའི་ཕན་བདེ་ལྷག་པར་སྤེལ། ཁྱད་པར་དུ་ནང་ཐུགས་ཀྱི་སྲས་གཅིག་པུ་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་རྗེ་ཉིད་ཀྱི་བཀའ་སྲོལ་ཉམས་མེད་དུ་བཟུང་ནས་འཆད་སྤེལ་རྒྱ་ཆེར་གནང་བས་ད་ལྟའི་བར་དུ་དཔལ་ས་སྐྱ་པའི་སྙན་བརྒྱུད་གཙོ་བོར་གྱུར་པའི་བསྟན་པའི་ཉི་མ་ཕྱོགས་བཅུར་འབར་བར་གྱུར་ཏོ། །དེ་ལྟར་རེ་ཞིག་ཞིང་འདིའི་མཛད་པ་རྫོགས་ནས་ཞིང་ཁམས་གཞན་གྱི་དོན་རྒྱ་ཆེ་བར་དགོངས་ནས། ལྕགས་འབྲུག་ལོར་ལྷ་ལྡན་སོགས་སུ་སྐུ་ཁམས་ལྷག་པར་དྭངས་ཤིང་ཆོས་འཆད་པ་ལ་སྔར་ལས་ཐུགས་སྤྲོ་བའི་ཚུལ་མཛད། བོང་འབྲུག་ཆོས་རྗེ་སོགས་ལ་བི་མ་སྙིང་ཏིག་གི་དབང་ལུང་སྩལ་སྐབས་འོད་གསལ་གྱི་སྣང་བར་འཇའ་ཚོན་སྣ་ལྔ་ཞིག་མདུན་དུ་ཟུག་པར་ཐུགས་གཏད་པའང་བདེ་སྟོང་གི་ངང་དུ་འབྱམས་པ་དང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཁྲིད་སྩལ་སྐབས་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་སོགས་ངོ་མཚར་བའི་རྟགས་དང་ནང་གི་ཉམས་མྱོང་གོང་དུ་འཕེལ་བའི་ཚུལ་བསྟན། ཡུལ་ཁོང་ཕུར་ཞབས་པད་མི་བརྟན་པའི་མཚན་མའང་སྣ་ཚོགས་པ་བྱུང་ཞིང་། རྗེ་ཉིད་ནས་ཀྱང་འཆི་འཕོ་སྐྱེ་བ་གཟིགས་


JKT019_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་གཤེགས་ཚུལ་གྱི་བཀའ་ཕེབས་ཀྱང་སྩལ། ཟླ་བ་དྲུག་པའི་ཚེས་བདུན་ནས་ཡར་ཀླུང་བཀྲས་ཆོས་སུ་བཞུགས་བཞིན་པའི་སྐབས་ཅུང་ཟད་བསྙེན་པའི་ཚུལ་བཞེས། ཚེས་བཅུའི་ཉིན་རིག་འཛིན་སྐལ་བཟང་རྣམ་གྲོལ་སོགས་ལ་ས་པཎ་གྱིས་མཛད་པའི་ལམ་སྦས་བཤད་ཀྱི་ཁྲིད་ཡིག་གི་ལྗགས་ལུང་གསུང་ཆོས་ཐམས་ཅད་ཀྱི་ཐ་མར་སྩལ། དགུང་ལོ་ང་བདུན་བཞེས་པ་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཚེས་བཅུ་དྲུག་ཉིན་ཞབས་ཕྱི་རྣམས་ལ་ལུགས་གཉིས་ཀྱི་བཀའ་སློབ་མཐར་ཕྱིན་པ་དང་། གཟུགས་སྐུའི་རྣམ་འཕྲུལ་འབྱོན་པའི་ཞལ་བཞེས་དང་བཅས། དེའི་སྲོད་འཁོར་སྔ་མ་ཙམ་ནས་བཞུགས་གདན་སྲབ་མོར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས། སྐུ་དྲང་པོར་བསྲངས། ཕྱག་མཉམ་གཞག་གི་ངང་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་མྱུར་ལམ་ལ་བརྟེན་ནས་འོད་གསལ་ཆོས་སྐུའི་དབྱིངས་སུ་སྙོམས་པར་ཞུགས་ཤིང་། ཚེས་བཅུ་དགུའི་ཐོ་རངས་འུར་སྒྲ་ཤིན་ཏུ་ཆེ་བ་དང་བཅས་དྲི་བསུང་ཕུན་སུམ་ཚོགས་པས་གཟིམ་ཁང་ནང་ཁེངས་པ་སོགས་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་འོད་གསལ་ལས་ཟུང་འཇུག་གི་གཟུགས་སྐུ་མཁའ་སྤྱོད་ཆེན་པོར་ཟང་ཐལ་དུ་གཤེགས་པའི་བརྡར་ཤངས་བུག་གཡོན་ནས་རྡོ་རྗེ་ཟླ་བའི་ཉིང་ཁུ་དང་། ཉིན་མོར་བྱེད་པ་རོ་གཅིག་ཏུ་གྱུར་པ་མཐོ་གང་ཙམ་བབས་ཤིང་


JKT019_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཅུང་ཟད་དུད་ཉམས་དང་བཅས་པར་གྱུར། ཚེས་ཉེར་གཉིས་ལ་སྐུ་གདུང་ཞུགས་པ་བཞིན་པས་མེ་ཏོག་གི་ཆར་ཟིམ་བུར་བབས་ཤིང་འཇའ་སྤྲིན་ཁ་དོག་དང་དབྱིབས་རྣམ་པ་ཐམས་ཅད་པས་ནམ་མཁའི་ཁམས་གང་། ཉེར་ལྔ་ལ་གདུང་ཁང་ཞལ་ཕྱེ་བ་ན། གདུང་རུས་ལ་ཐཾ་ཡིག་ལི་ཁྲིའི་མདོག་ཅན་མང་པོ་དང་། ཧཱུྃ་ཡིག་དང་། དགའ་བ་འཁྱིལ་པ་དང་། རིང་བསྲེལ་ཕྲ་མོ་གྲངས་མེད་པ་སོགས་བྱོན་ནས་མ་དད་པ་རྣམས་དད་པ་དང་། དད་པ་རྣམས་སླར་ཡང་མོས་གུས་གོང་དུ་འཕེལ་བར་མཛད། གཙོ་བོར་བཀྲ་ཤིས་ཆོས་སྡེའི་ཕྱག་མཛོད་དང་གྲྭ་ཚང་གིས་མཚོན། གཞན་ཡང་དཔལ་ས་སྐྱ་པ་ཆེན་པོ་སོགས་ཀྱིས་ཟབ་དགོངས་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཐབས་ཕུལ་དུ་ཕྱིན་པ་དང་། གསེར་དངུལ་སྤེལ་མའི་གདུང་ཁང་བྱང་ཆེན་མཆོད་རྟེན་རྒྱབ་མཐོ་བཅུ་དྲུག་པ་རྒྱན་ཕུན་སུམ་ཚོགས་པ་དང་། སྐུ་རྟེན་གསེར་ཟངས་ཀྱི་འདྲ་སྐུ་དང་། རྡོ་རྗེ་ནག་པོ་ཆེན་པོའི་བླ་བརྒྱུད་སྨན་འདམ་བྱོན་གཙང་། གསུང་རྟེན་བསྟན་འགྱུར་རིན་པོ་ཆེ་སྡེ་དགེའི་སྤར་མ་ཤིན་ཏུ་སྒྲོས་གཙང་བཅས་བཞུགས་ཡུལ་གྱི་དྲི་གཙང་ཁང་དང་། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ད་ལྟའང་བཀྲ་ཤིས་ཆོས་སྡེར་བཞུགས་བཞིན་པ་འདི་ལྟར་ལགས་ཤིང་། རྣམ་པར་ཐར་པ་རྒྱས་པ་ནི་


JKT019_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་༡༦༤མཛད་པའི་ངོ་མཚར་རབ་འབྱམས་ཞེས་ལེགས་བཤད་ཕུལ་དུ་ཕྱིན་པ་དང་། རྗེ་ཉིད་ཀྱི་གསན་ཡིག་གླེགས་བམ་གཉིས་བཞུགས་པ་སོགས་ལས་རྟོགས་པར་བྱའོ།། ༈ །།གྲྭ་ཐང་མཁན་ཆེན་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་ནི། དམ་པའི་སྐྱེས་བུ་དུ་མ་བརྒྱུད་མར་འབྱུང་བའི་གནས་དཔལ་གྲྭ་ཐང་གི་འདབ་འབྱོར་དུ་ཡབ་ཡི་གེའི་རིག་བྱེད་མཁས་པ་དམ་ཆོས་བསྟན་འཛིན་དང་། ཡུམ་བསོད་ནམས་སྒྲོལ་མའི་སྲས་སུ་ཤིང་མོ་ལུག་གི་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། ཆུང་ངུ་ནས་མཁྱེན་རབ་ཀྱི་སྒོ་ཡངས་ཤིང་། ཅུང་ཟད་ནར་སོན་པ་ན་ཡི་གེ་འབྲི་ཀློག །རྩིས་སྐར་ནག་སོགས་དང་། སྨིན་གླིང་དུ་སྙན་ངག །འབྲས་སྤུངས་བསམ་བློ་སྒྲ་རམ་པ་ལས་ཙཱནྡྲ་བྱཱ་ཀ་ར་ཎ་སོགས་ཐ་སྙད་རིག་ལམ་རྒྱ་མཚོར་མཁས་ཤིང་བྱང་ཆུབ་པ་དང་། དགུང་གྲངས་བཅུ་དགུ་པར་གྲྭ་ཐང་གི་སེང་གེའི་ཁྲིར་ཕེབས་ཤིང་། ཉི་ཤུ་པར་ལོ་ཆེན་དྷརྨ་ཤྲཱི་ལས་བསྙེན་པར་རྫོགས། གྲྭ་ཐང་མཁན་ཆེན་བསྟན་འཛིན་ཕུན་ཚོགས་དང་། དེའི་ཐུགས་སྲས་ངག་དབང་འཇམ་དཔལ་བསྟན་འཛིན་གཙོ་བོར་གྱུར་བའི་སྨིན་གྲོལ་གླིང་གཏེར་ཆེན་སྐུ་མཆེད་དབོན་བཅས་སོགས་ཡོངས་འཛིན་དུ་མ་ལས་ས་ཀ་ལུགས་གཙོ་བོར་གྱུར་པའི་གསན་བསམ་རྒྱ་ཆེར་མཛད་


JKT019_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཉམས་བཞེས་དང་འཆད་སྤེལ་གྱི་ཕྲིན་ལས་ཁ༽ལམ་འབྲས་ལྷག་པར་བསྐྱང་། ཁྱད་པར་དུ་སྨིན་གླིང་དུ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རྡོ་རྗེ་བྲག་ཏུ་སྐལ་བཟང་ཀ༽པདྨ་དབང་ཕྱུག །དགའ་ལྡན་རབ་རྒྱས་ཀྱི་བླ་མ་དགེ་འདུན་བཅས་ལ་བཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་ཚར་གསུམ་གནང་བས་བསྟན་པའི་སྒྲོན་མེ་རྒྱ་ཆེར་སྦར། ཞལ་སློབ་ཀྱང་སྨོས་མ་ཐག་པ་དང་། འོན་རྒྱལ་སྲས་རིན་པོ་ཆེ། ད་ལའི་ཧུ་གྲོག་ཐུ། གཟིམ་ཕུག་སྤྲུལ་སྐུ་ཆེ་ཆུང་། ཁམས་བླ་པདྨ་དར་རྒྱས། བླ་མ་དཀོན་མཆོག་ལྷུན་གྲུབ་སོགས་དབུས་གཙང་ཁམས་གསུམ་དུ་མང་བར་བྱོན་པ་བཅས་རྣམ་ཐར་རྒྱས་པ་སྐལ་བཟང་དད་པའི་རླབས་ཕྲེང་མུ་ཏིག་འཁྲི་ཤིང་ཞེས་དགའ་ལྡན་རབ་རྒྱས་པ་ངག་དབང་བློ་བཟང་དབང་ཕྱུག་གིས་མཛད་པ་ལས་ཤེས་སོ།། ༈ །།སྒེར་པ་རྗེ་དྲུང་རིན་པོ་ཆེ་གྲྭ་ཐང་མཁན་ཆེན་ངག་དབང་བསྟན་འཛིན་ཕུན་ཚོགས་ནི། ཡབ་ཟུར་ཚོ་ཞབས་དྲུང་བདེ་ཆེན་མགོན་པོ་དང་། ཡུམ་གྲུབ་ཆེན་ལྕགས་ཟམ་པའི་རིགས་དབོན་ཀུན་དགའ་སྒྲོལ་མའི་སྲས་སུ་ས་ཕོ་བྱི་བའི་ལོའི་ཧོར་ཟླ་བཅུ་པའི་ཚེས་བཅུ་གསུམ་ལ་འཁྲུངས། སྐུ་གཞོན་ནུ་ནས་དམ་པའི་རིགས་གསལ་བར་སད་ཅིང་། དགུང་ལོ་བཅུ་གསུམ་པར་ལྕགས་ཟམ་པ་བསྟན་འཛིན་རིན་པོ་ཆེ་ཀུན་དགའ་བསོད་ནམས་དབང་ཕྱུག་ལས་


JKT019_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་དུ་བསྒྲུབས། ཕྱིས་གནས་བརྟན་འཇམ་དབྱངས་གྲགས་པ་ལས་བསྙེན་རྫོགས་བཞེས། རྒྱལ་མཆོག་ལྔ་པ་ཆེན་པོ། ཞྭ་ལུ་མཁན་ཆེན་བསོད་ནམས་ཆོས་གྲུབ། ས་སྐྱ་པ་བསོད་ནམས་དབང་ཕྱུག་ཡབ་སྲས། མཁྱེན་རབ་བྱམས་པ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཞབས་དྲུང་པདྨ་ཕྲིན་ལས། ལྕགས་ཟམ་པ་བསོད་ནམས་དབང་ཕྱུག་སོགས་ལས། དཔལ་ས་སྐྱ་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་དང་། གསེར་ཆོས་སྐོར་གཙོ་བོར་གྱུར་པའི་གསར་རྙིང་གི་གདམས་པ་རྒྱ་མཚོ་ལྟ་བུར་གསན་བཞེས་མཛད། ཁྱད་པར་བསམ་ཡས་བཀའ་འགྱུར་བ་ཆེན་པོ་ངག་དབང་རབ་བརྟན་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་རྫོགས་པར་གསན། དུས་དང་རྒྱུན་གྱི་ཐུགས་དམ་ཉམས་བཞེས་རྨད་དུ་བྱུང་བ་དང་། དགུང་ལོ་ཞེ་བཞི་པར་གྲྭ་ཐང་བདག་པོར་ཕེབས་ནས་བཟུང་གསུང་ངག་།རིན་པོ་ཆེ་ཚར་གཉིས་དང་། གསེར་ཆོས་དང་མགོན་པོ་ཆེ་ཆུང་ལན་མང་པོས་མཚོན་འཆད་སྤེལ་དང་། གསུང་རྩོམ་ཀྱང་འགའ་ཞིག་མཛད། ཞལ་སློབ་ཀྱི་རིམ་པའང་ཞ་ལུ་མཁན་ཆེན། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ཀྱིས་ཀྱང་བཀའ་འབྲེལ་ཇི་རིགས་པ་གསན་ལ། ས་སྐྱ་པ་བསོད་ནམས་རིན་ཆེན། སྐྱི་ཆུ་མཁན་ཆེན་ངག་དབང་འཇམ་དཔལ་བསྟན་འཛིན།


JKT019_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ཐང་མཁན་ཆེན་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་སོགས་རྩ་སློབ་ཀྱང་མང་བར་བྱོན། ལྷག་པར་གྲྭ་ཐང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་རྫོགས་པར་སྩལ་བས་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་ཀྱིས་རྒྱུན་བསྐྱངས་པའི་བཀའ་དྲིན་གྱིས་དེང་སང་བར་དུ་ལུང་རྒྱུན་རྣམ་པར་དག་པ་འདི་བྱུང་ཞིང་། མདོར་ན་དགུང་གྲངས་དྲུག་ཅུ་རྩ་བདུན་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོའི་སྨིན་ཟླའི་ཚེས་བཞིར་ཞི་བ་ཆེན་པོར་ཐུགས་གཞོལ་བའི་བར་དེ་སྲིད་དུ་བསྟན་པ་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པའི་ཚུལ་རྣམས་རྗེ་རང་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་དང་། མཇུག་ཕྲན་བུ་ངག་དབང་མཁྱེན་བརྩེ་ཕུན་ཚོགས་ཀྱིས་ཁ་བསྐང་བ་ཡིད་འཕྲོག་དད་པའི་ཤིང་རྟ་ལས་ཤེས་པར་བྱའོ།། ༈ །།རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ནི། འོད་གསལ་གྱི་ལྷ་གེམ་རྩེ་རྒྱལ་པོའི་རིགས་ལས། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་ལྕེ་ཛྷཱ་ན་སིདྡྷི་དང་། ལྕེ་ཁྱི་འབྲུག་སོགས་དང་། ཕྱི་དར་གྱི་དུས་སུ་དཔལ་ཞྭ་ལུ་གསེར་བསྐོང་གི་དགོན་སྡེ་འདེབས་པ་པོ་ལྕེ་བཙུན་ཤེས་རབ་འབྱུང་གནས་སོགས་མང་དུ་བྱོན་ཅིང་། འགྲོ་མགོན་འཕགས་པ་རིན་པོ་ཆེས་ཞྭ་ལུ་ཁྲི་སྐོར་གྱི་བདག་པོར་དབང་བསྐུར་བ་དང་། ས་སྐྱ་པ་དྷརྨ་ཕ་ལ་རཀྴི་ཏའི་སྐུ་ཞང་དུ་གྱུར་པས་ཞ་ལུ་སྐུ་ཞང་ཞེས་


JKT019_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཤིང་། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་སོགས་དམ་པ་དུ་མ་བྱོན་པའི་རིགས་ལས། ཡབ་གྲུབ་པའི་དབང་ཕྱུག་སྐུ་ཞང་འཇམ་དབྱངས་དབང་པོ་དང་། ཡུམ་ཁྲི་དཔོན་ཕོ་མདོ་བའི་བློན་རིགས་དཔོན་ཆེན་ཕྲེང་ལྷག་པའི་སྲས་མོ་གུ་རུ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཆུ་བྱ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ནམ་ལངས། རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོ་འཆར་བའི་ཚེ་ཨ་ཞེས་པའི་སྒྲ་དང་བཅས་ཏེ་འཁྲུངས་མ་ཐག་ཁུ་བོ་མཁྱེན་རབ་བསྟན་འཛིན་བཟང་པོས་བྱིན་གྱིས་བརླབས། རིམ་གྱིས་དབང་བསྐུར་བ་དང་། དགེ་བསྙེན་གྱི་སྡོམ་པ་སྩལ་ནས་མཚན་ངག་དབང་རྒྱལ་མཚན་དུ་བཏགས། དམ་པའི་རིགས་སད། དགུང་ལོ་བདུན་པར་དཔལ་ནཱ་ལེནྡྲར་ཕེབས། ཐུགས་གཉེར་གནང་བས་ཉིན་རེར་ཤོག་བུ་བཅུ་ལྷག་འཛིན་པ་སོགས་མཁྱེན་རབ་ཆེ། ཆོས་སྲུང་གི་རྣམ་འཕྲུལ་མང་དུ་གཟིགས། དགུང་ལོ་བརྒྱད་པར་གསུང་ངག་རིན་པོ་ཆེ་ཐོག་མར་གསན་པས་མཚོན་ཁུ་བོ་ལས་གསན་པ་རྒྱ་མཚོ་ལྟ་བུ་བཞེས། བར་མ་རབ་བྱུང་སྩལ་ཞིང་མཚན་མཁྱེན་རབ་ངག་དབང་ལྷུན་གྲུབ་ཏུ་གསོལ། ལྷག་པར་དགུང་ལོ་བཅུ་གཅིག་པར་ཡང་བསྐྱར་ལམ་འབྲས་གསན་པའི་རྒྱུ་དབང་སྐབས་བླ་མ་དགེས་པ་རྡོ་རྗེ་ཡབ་ཡུམ་དངོས་སུ་གཟིགས་ཤིང་། དེ་ནས་བཟུང་བླ་མ་འདི་སངས་རྒྱས་དངོས་


JKT019_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྙམ་པ་ལས་ཁུ་བོ་དང་མི་ཕལ་པའི་སྣང་བ་སྐད་ཅིག་ཀྱང་མ་ཤར། ལམ་ཟབ་གནང་སྐབས་བླ་མ་ས་ཆེན་དུ་གཟིགས། སྤྱིར་ཡང་ཐུགས་ཉམས་དང་། ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། དེ་དག་གི་བར་སྐབས་རྣམས་སུ་གཞུང་ཆེན་མོའི་གཟིགས་རྟོགས་དང་། བསྙེན་སྒྲུབ་ཟུང་འབྲེལ་དུ་བསྐྱངས་པས་ཐོས་བསམ་སྒོམ་གསུམ་ལྷན་གཅིག་ཏུ་རྫོགས། རིམ་གྱིས་བཀའ་ཆོས་ཀྱང་མང་དུ་གནང་། རྗེ་དབོན་རིན་པོ་ཆེ་ལས་ལམ་འབྲས་གནང་སྐབས་སྤྲུལ་པའི་དཀྱིལ་འཁོར་དངོས་སུ་གཟིགས། ཁུ་བོ་དང་། གཅེན་ངོ་མཚར་བའི་ལྟས་དང་བཅས་གཞན་དོན་དུ་གཤེགས་ནས་དགོངས་རྫོགས་རྒྱ་ཆེར་གནང་། དགུང་ལོ་ཉེར་གཅིག་པར་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་བཀོད། ལོ་དེར་རྩེ་གདོང་མཁན་ཆེན་བྱམས་པ་བསོད་ནམས་ལྷུན་གྲུབ་དང་། ཐུབ་བསྟན་མཁན་པོ་ཆོས་དཀར་རྣམ་རྒྱལ་དཔོན་སློབ་སོགས་འདུས་པའི་སྤྱན་སྔར་བསྙེན་པར་རྫོགས་ཤིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་གྱུར། ས་སྐྱ་གོང་དུ་ཕེབས་ཤིང་། བདག་ཆེན་རིན་པོ་ཆེ་རྗེ་བཙུན་གྲགས་པའི་སྤྲུལ་པར་ཐུགས་ངེས་འདྲོངས། རྟ་ནག་ཏུ་ངག་དབང་བསྟན་པའི་རྡོ་རྗེ་ལས་རྒྱུ་ལམ་གྱི་དབང་སོགས་གསན་ཅིང་། ཁྱད་པར་སྒྲུབ་པ་ལུང་བྱིན་སྐབས། བླ་མ་ཉིད་སྐུ་འོད་


JKT019_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟི་བརྗིད་ཤིན་ཏུ་ཆེ་བར་གཟིགས། སྐུ་ཚེའི་ཚད་དང་སློབ་མའི་གཙོ་བོ་སོགས་ལུང་བསྟན་པ་རྣམས་ཐོག་ཏུ་ཁེལ། ཤིང་སྟག་ལོར་ཞྭ་ལུ་མཁན་རིན་པོ་ཆེར་ལྷོ་མོས་གཞིས་ཀར་མགོན་པོ་ཆེ་ཆུང་སོགས་དང་། ཁྱད་པར་མེ་འབྲུག་ལོ་ནང་རྗེ་ཉིད། གནས་གསར་པ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། སྒེར་པ་རྗེ་དྲུང་བསྟན་འཛིན་ཕུན་ཚོགས་སོགས་འདུས་པ་ཉི་ཤུ་སྐོར་གྱིས་སློབ་བཤད་གསན། སློབ་བཤད་གྲོལ་ནས་ཕྱག་དཔེ་རྣམས་ཉིད་ཆོས་ཀྱི་བདག་པོ་ཡིན་པས་བཤད་སྒྲུབ་འཕེལ་བར་མཛོད་ཅེས་གསུངས་ནས་གནང་བས་ལུང་བསྟན་གྱི་བདེན་པ་མངོན་དུ་གྱུར། གོང་ས་རིན་པོ་ཆེས་ཀྱང་རྣམ་པ་ཀུན་ཏུ་ཐུགས་རྗེས་ལྷག་པར་སྐྱོངས། ཐུགས་དམ་ཐུན་བཞིའི་རྣལ་འབྱོར་དང་། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་ལེན་དང་མ་བྲལ་བའི་ངང་། འཁོར་ལོ་གསུམ་གྱི་མཛད་པ་སྤྱི་དང་། ཁྱད་པར་ཡོངས་འཛིན་དམ་པ་ཉི་ཤུ་རྩ་ལྔ་ལས་བཞེས་པའི་ཟབ་ཆོས་རྣམས་བར་མ་ཆད་པར་སྩལ་ཏེ། དེའང་ལམ་འབྲས་ཚར་ཉེར་ལྔ། མཁའ་སྤྱོད་༧སོགས་ཁྲིད་དང་། རྒྱུ་དབང་དྲུག་བརྒྱ་སྐོར། ལམ་དབང་ལྔ་བརྒྱ་སྐོར། ཕྲེང་བའི་དབང་བསྐུར་བ་ཚར་བཅུ་བདུན། མཁའ་སྤྱོད་བྱིན་རླབས་དྲུག་བརྒྱ་སྐོར། སྦྱོང་དཀྱིལ་ཚར་སུམ་བརྒྱ་སྐོར་སོགས་དབང་ཁྲིད་ལུང་གསུམ་བསམ་གྱིས་མི་


JKT019_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་སྩལ་བའི་གྲུབ་འབྲས་ཞལ་སློབ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྩེ་གདོང་འཇམ་དབྱངས་མཆེད། ཞྭ་ལུ་མཁན་ཆེན། དགའ་ལྡན་ཁྲི་པ་གཉིས། རྡོར་བྲག་པད་ཕྲིན། གཏེར་བདག་གླིང་པ། གནས་གསར་པ་ནམ་མཁའ་བསོད་ནམས། མཁྱེན་བརྩེ་རབ་བརྟན་སོགས་སྐྱེས་བུ་དུ་མ་དང་། གཞན་ཡང་མངའ་རིས་ཁམས་སོག་ཡན་ཐམས་ཅད་དུ་ཁྱབ་ཅིང་། ཁྱད་པར་རྨོར་ཆེན་གྱིས་ཆོས་བརྒྱུད་སྤེལ། ཐུགས་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པ་ཞལ་གཟིགས། རྣམ་སྲས་དང་རབ་བརྟན་མ་སོགས་བྲན་དུ་ཁོལ། དེ་ལྟ་བུའི་མཛད་པ་བསམ་གྱིས་མི་ཁྱབ་པའི་ངང་། དགུང་ལོ་དོན་གཅིག་པ་ཆུ་ལུག་སྣོན་ཟླ་བའི་དམར་ཕྱོགས་རྫོགས་པ་ལྔ་པའི་ཕྱི་མའི་ཐོ་རངས་སྐྱ་རིངས་འཆར་བ་ཙམ་གྱི་ཚེ་སྔ་སོར་ནས་ཕྱི་མཐའི་ཞལ་ཆེམས་ལྷུག་སྩོལ་དང་། ངོ་མཚར་བའི་གཟིགས་སྣང་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ངང་། ནམ་མཁའ་ལས་མེ་ཏོག་སྣ་ལྔའི་ཆར་ཁ་བ་ལྟར་བབས་ཤིང་། འཇའ་དཀར་པོ་མདུང་ཚུགས་སུ་ཟུག་པ་དང་། ཁ་དོག་སྣ་ལྔ་པའི་འོད་ཀྱིས་བར་སྣང་ཐམས་ཅད་ཁྱབ་པ་དང་ལྷན་ཅིག་ཏུ། སྐུ་དྲང་པོ། ཞབས་སྐྱིལ་ཀྲུང་ཕྱེད་པ། ཕྱག་གཉིས་གཡས་བདུད་འདུལ་དང་། གཡོན་མཉམ་གཞག་གི་ཕྱག་རྒྱ་བཅས་ཏེ་མཁའ་སྤྱོད་ཆེན་པོར་གཤེགས་པའི་ཚེ། ཟླ་


JKT019_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་གི་བར་དུ་དེ་ལྟ་བུའི་ལྟས་རྒྱུན་མི་འཆད་པས་འགྲོ་བ་རྣམས་དད་པའི་ས་ལ་བཀོད་ཅིང་། རྗེས་ཀྱི་སྒྲུབ་དགོས་རྣམས་དབོན་མཁྱེན་བརྩེ་རབ་བརྟན་མཆེད་ནས་ལྷུན་གྱིས་གྲུབ་པར་མཛད། རྣམ་ཐར་རྒྱས་པ་དགུང་ལོ་རེ་དགུ་པ་ལྕགས་སྦྲུལ་ཧོར་ཟླ་དྲུག་པ་ཡན་རྗེ་ཉིད་ཀྱིས་མཛད་པའི་རྟོགས་ལྕེ་བཙུན་སེང་གེ་དབང་ཕྱུག་གི བརྗོད་ཤེལ་དཀར་༡༨༤ཕྲེང་བ་དང་། འཕྲོས་ཁ་༣༥སྐོང་རིགས་སྐལ་ལྡན་རྣ་བའི་བདུད་རྩི་ཞེས་དབོན་མཁྱེན་བརྩེའི་ཟིན་བྲིས་ལ་ལྕེ་རིགས་ས་མུ་དྲའི་མཚན་གྱིས་མཛད་པ་ལས་ཤེས་སོ། ༈ །བྱམས་པ་མགོན་པོ་འཕགས་པ་ཉེ་བར་འཁོར། །རྒྱལ་བ་མཆོག་དབྱངས་དམ་པ་རྒྱ་གར་ཞབས། །རོང་སྟོན་རྗེ་དང་ཁྱབ་བདག་རྡོ་རིང་མ། །མཁའ་སྤྱོད་བཙུན་མོས་མངོན་སུམ་རྗེས་བཟུང་བ། །སྔགས་འཆང་ཚར་ཆེན་ཡབ་སྲས་དངོས་སློབ། སངས་རྒྱས་རིན་ཆེན་རྣམ་འཕྲུལ་ནི། །ངག་གི་དབང་ཕྱུག་བྱམས་པ་ལྷུན་གྲུབ་སྟེ། །དེ་ཡི་ཟློས་གར་ས་སྐྱའི་རིགས་སུ་འཁྲུངས། །ཞེས་སོ།། ༈ །།མཁས་གྲུབ་གཙང་མ་ཤངས་སྟོན་ནི། ཁོང་སྐྱ་སྤང་ཁ་ཞེས་པར། མྱུ་རྭ་སྟོན་དཀོན་མཆོག་དཔལ་བཟང་དང་། ཡུམ་ཇེ་དགེ་ཞེས་པའི་སྲས་སུ་འཁྲུངས། ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་བག་ཆགས་བཟང་པོ་གསལ་བར་སད། དགུང་ལོ་བརྒྱད་དགུ་ནས་འབྲི་ཀློག་བསླབ།


JKT019_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་པ་ནས་བླ་མ་ཉི་ཐོག་པར་རབ་ཏུ་བྱུང་། སློབ་དཔོན་ལས་ཕར་ཕྱིན་དང་སྤྱོད་འཇུག་སོགས་གསན། གཞན་ཡང་བླ་མ་མང་པོ་ལས་མདོ་སྔགས་ཀྱི་གཞུང་མང་དུ་བཞེས། མཁས་པ་ཆེན་པོར་གྱུར། གྲུབ་པའི་ཉམས་མྱོང་ཀྱང་ཅི་རིགས་པར་སྐྱེས། ཁྱད་པར་ཡོལ་ཕུ་རི་གོང་དུ་སངས་རྒྱས་སྟོན་པའི་སྤྱན་སྔར་བྱོན་པ་ཙམ་གྱིས་ཞལ་མཐོང་མ་ཐག་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། ཉམས་མྱོང་རང་ཤར་དུ་བྱུང་། དཔལ་ཤངས་པའི་ཟབ་ཆོས་མཐའ་དག་གསན་ཅིང་། སྒྱུ་མ་དང་རྨི་ལམ་སོགས་ཀྱི་ཉམས་མྱོང་རྩོལ་མེད་དུ་སྐྱེས། བླ་མས་ཀྱང་ཚིག་བརྒྱུད་ཆོས་ཀྱི་བདུད་རྩི་ཐོག་མར་འཐུང་བའི་སྐལ་ལྡན། ལུང་བསྟན་འཁོར་གྱི་དང་པོ། མན་ངག་ཆིག་བརྒྱུད་གནང་བའི་བུ་ཆེན། འགྲན་ཟླ་བྲལ་བའི་ཐུགས་སྲས་ཀྱི་དམ་པར་མཛད་ཅིང་། རྟོགས་ལྡན་རྩོད་མེད་དུ་གྱུར་ནས་འདི་དང་ཕྱི་མར་འགྲོ་དོན་དཔག་ཏུ་མེད་པ་འབྱུང་ཞིང་། བཅུ་བཞིའི་ས་ཐོབ། སློབ་མ་བརྒྱུད་འཛིན་དང་བཅས་པ་དག་པ་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན། ཕྱིར་མི་ལྡོག་པའི་རྟགས་རྣམས་གསལ་བར་མང་ལ་ཞལ་མཐོང་བ་ཙམ་གྱིས་གདུལ་བྱ་རྣམས་དང་བ་འདྲེན་པས་ཤངས་སྟོན་གཙང་མ་ཞེས་གྲགས། མདོར་ན་བླ་མའི་བྱིན་རླབས་ཞུགས། སྒྱུ་ལུས་དང་འོད་གསལ་འབྱོངས། རྟོགས་པ་མངོན་དུ་གྱུར།


JKT019_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་རང་སར་གྲོལ། ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས་ཏེ་ལུང་བསྟན་ཐོབ། མངོན་པར་ཤེས་པ་ཐོགས་པ་མེད་པར་མངའ་བར་གྱུར་ཀྱང་། ནང་གི་ཡོན་ཏན་གསང་བ་གནད་ཡིན་གསུངས་ནས་སྦས་པའི་ངང་ཚུལ་ལྷུར་བཞེས་པའི་ངང་ནས་གདུལ་བྱ་སྐལ་ལྡན་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད། སྐུ་གཤེགས་ཙ་ན་བཞུགས་གདན་དང་། ན་བཟའ་ཕྲུགས་གཅིག་མ་གཏོགས། གསེར་སེབ་གང་ངམ། ཡོ་བྱད་བྲེ་གང་རི་བ་ཡང་མ་བཟུང་བ་སོགས་ངོ་མཚར་གྱི་རྣམ་ཐར་མཐའ་ཀླས། མཐར་དགུང་ལོ་བདུན་ཅུ་རྩ་དྲུག་པ་བྱ་ལོ་སྣོན་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་ལ། ཤར་ཕྱོགས་དག་པའི་ཞིང་ཁམས་སུ་འགྲོ་མགོན་སངས་རྒྱས་སྟོན་པའི་སྤྱན་སྔར་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་གཤེགས་ནས་བཅུ་བཞིའི་ས་ལ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པར་གྱུར་ཏོ།། ༈ །།མུས་ཆེན་རྒྱལ་མཚན་དཔལ་བཟང་ནི། གྲུབ་ཐོབ་གཉགས་ཀྱི་རིགས་ལས། ཡབ་སློབ་དཔོན་རྡོ་རྗེ་སྙིང་པོ་དང་། ཡུམ་དཀོན་མཆོག་ཅེས་བྱ་བའི་སྲས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཞིག་ལྷུམས་སུ་ཞུགས་པའི་ལྟས་ངོ་མཚར་བ་དང་བཅས་ཏེ་ཁྲོ་ཕུ་དགའ་ལྡན་གྱི་གནས་སུ་ས་གཡོ་བ་དང་། མེ་ཏོག་གི་ཆར་འབེབས་བཞིན་དུ་སྐུ་འཁྲུངས། ཁྲོ་ཕུ་སེམས་


JKT019_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོས་དབང་བསྐུར་ཞིང་ལུང་བསྟན་ཁྱད་པར་ཅན་མཛད། གཞོན་ནུ་ཉིད་ནས་དམ་པའི་རྣམ་ཐར་མཐའ་ཡས། དགུང་ལོ་བཅོ་ལྔ་པར་དཔལ་ས་སྐྱར་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་མཛད། ཕར་ཚད་འདུལ་མངོན་དབུ་མ་རྣམས་ལ་མཐར་ཕྱིན་པར་སྦྱངས་པས་མཁས་པའི་སྙན་པས་ཁྱབ། ཉེར་དྲུག་པར་ཆོས་རྗེ་རྒྱལ་མཚན་དཔལ་བཟང་པས་མཁན་པོ་དང་། རིན་པོ་ཆེ་བསོད་ནམས་གྲགས་པས་ལས་སློབ་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དེ་གཉིས་དང་། རོང་པ་ཤེས་རབ་སེང་གེ་ཚོགས་སྒོམ་པ་དང་། ཉན་ཆེན་པ་ཡབ་སྲས། བླ་མ་ཡོན་ཏན་མཚན་ཅན། བྱང་སེམས་ཆུ་བཟང་བ། ཆོས་རྗེ་འཛིན་པ་སོགས་ལས་དུས་འཁོར། ལམ་འབྲས། བློ་སྦྱོང་། རྫོགས་ཆེན། གཅོད་ཡུལ་སོགས་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་མཁས་གྲུབ་ཆེན་པོར་གྱུར། བླ་མ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་ཀྱང་སྤྱི་བོར་མཆོད། ཕོ་བྲང་ཆེན་པོ་ཏའི་ཏུར་དུ་ཧོར་གྱི་རྒྱལ་པོ་ཨ་ཡུ་བ་རས་སྤྱན་དྲངས། འགྲོ་དོན་མཐའ་ཀླས་པ་མཛད་། སླར་བོད་དུ་ཕེབས་ནས་བྲིན་ཆུ་འབར་དུ་འཚོ་བ་དཀའ་ཐུབ་ལ་མཛད་ནས་བསྒོམས་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། སྐབས་ཤིག་མཁས་གྲུབ་ཤངས་སྟོན་ཆེན་པོའི་སྙན་པ་


JKT019_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནས་སྤྱན་སྔར་བྱོན་པས། བླ་མ་ཉིད་ལ་ཡེ་ཤེས་མགོན་པོས། ཁྱོད་ཀྱི་སློབ་མ་ཆོས་བརྒྱུད་ཟིན་ངེས་ཤིག་འོང་བར་ཡོད་པས་གདམས་ངག་མ་ལུས་པ་སྟོན་ཅིག །ཅེས་ལུང་བསྟན་པ་བཞིན་གདམས་པ་རྫོགས་པར་དགྱེས་བཞིན་དུ་གནང་། བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གསན། རྨི་ལམ་སྤྲུལ་བསྒྱུར་འབྱོང་། འོད་གསལ་རྒྱུད་ལ་སྐྱེས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས་ནས་སྒྲུབ་པ་ལ་སྙིང་པོར་གཞོལ་བའི་སྐབས། ཧོར་གྱི་རྒྱལ་པོ་གན་པ་ཆེན་པོས་ནན་བཏུད་ཀྱིས་སྤྱན་དྲངས་པ་བཞིན་ཕེབས་ནས། ཧོར་དང་། སོག་པོ། ཡུ་གུར། མེ་ཉག་སོགས་སྐྱེ་འགྲོ་མཐའ་ཡས་པའི་དོན་མཛད། སླར་བོད་དུ་ཕེབས་ནས་ཆོས་དང་ཟང་ཟིང་གི་དགའ་སྟོན་རྒྱ་ཆེར་སྤེལ། མུས་ཐ་གོང་དཔལ་གྱི་རི་ཁྲོད་སོགས་སུ་བཤད་སྒྲུབ་སྤེལ་མར་མཛད་པའི་མཐར་མེ་ཕག་ཧོར་ཟླ་བདུན་པའི་ཉི་ཤུ་དྲུག་ལ་ས་གཡོ་བ་དང་། སྒྲ་དང་། འོད་དང་། མེ་ཏོག་གི་ཆར་དང་བཅས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པའི་ཚུལ་བསྟན་ཏོ། །རྣམ་ཐར་རྒྱས་པ་དགེ་བཤེས་སྨོན་ལམ་པས་མཛད་པ་ལས་ཤེས་སོ། ༈ །མཁས་གྲུབ་རྡོ་རྗེ་གཞོན་ནུ་ནི། ཆུང་ངུ་ནས་ངེས་འབྱུང་རྩོལ་མེད་དུ་ཤར། མདོ་སྔགས་ཀྱི་གཞུང་རབ་འབྱམས་ལ་སྦྱངས། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་


JKT019_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལས་ཤངས་ཆོས་སྐོར་ཚང་མ་བཞེས་ནས་ཉམས་སུ་ལེན་པར་མཛད་པས་བཤུལ་རིང་གི་ལམ་མྱུར་དུ་བགྲོད་པ། ཤིན་ཏུ་གྲང་བའི་དུས་ཀྱང་སྐུ་ཟིལ་པ་ཕྲུམ་མེར་བཞུགས་པ། བདེ་སྟོང་གི་ཉམས་ལས་བྱུང་བའི་འཕར་གཡོ་སོགས་གཏུམ་མོ་དང་། སྤྲུལ་བསྒྱུར་སོགས་རྨི་ལམ་ཚེགས་མེད་དུ་འབྱོང་། སྤྱན་དང་མངོན་ཤེས་ཤར། འཆི་མེད་ཀྱི་རིག་འཛིན་གྲུབ་པས་སྐུ་ཚེ་རིང་པོར་བཞུགས་ཀྱང་བགྲེས་ཚུལ་སོགས་མི་མངའ། དུས་རྟག་ཏུ་སྒྲུབ་པ་ཁོ་ན་ལས་མི་གཡེལ་ཞིང་། མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་ཞབས་པད་མཆོད། ཁྱད་པར་མུས་ཆེན་རྗེ་མྱ་ངན་ལས་འདའ་ཁར་ཤངས་ཆོས་གནང་བའི་ཆ་ལག་རྣམས་རྗེ་ཉིད་ལ་གནང་བར་བསྐུལ་ནས་གདམས་པའི་བདག་པོར་དབུགས་དབྱུང་བས་ལམ་སྲོལ་འདི་ལ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གསལ་བར་མཛད་པ་ཡིན་ནོ། ༈ །མུས་ཆེན་ནམ་མཁའི་རྣལ་འབྱོར་ནི། ཡབ་བྲག་རམ་པའི་དགེ་བའི་བཤེས་གཉེན་བླ་མ་རྡོ་རྗེ་བསོད་ནམས་ཞེས་སྔགས་གསར་རྙིང་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་དེ་ཉིད་དང་། ཡུམ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མ་རྡོ་རྗེ་འབུམ་གྱི་སྲས་སུ་འཁྲུངས། གཞོན་ནུ་ནས་དད་པ་དང་། ཤེས་རབ། མངོན་པར་ཤེས་པ་སོགས་མངའ། གློ་ལུང་ཆོས་སྡེར་མཁན་པོ་ཤཱཀ་འཕེན་པ་ལས་རབ་ཏུ་བྱུང་། མཚན་ནམ་


JKT019_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རྒྱལ་མཚན་དུ་གསོལ། མདོ་སྔགས་ཀྱི་གཞུང་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ནི་གུའི་ཐབས་ལམ་གསན་ནས་ཟླ་བ་གཅིག་ཏུ་བསྒོམས་པས་བདེ་དྲོད་རྩོལ་མེད་དུ་ཤར། བཀའ་གཞན་རྣམས་ཅི་རིགས་པ་དང་། རྫོགས་པར་བླ་མ་རྡོ་རྗེ་གཞོན་ནུ་ལས་གསན། ཉི་ཤུ་པར་མཁན་པོ་སྔོན་གྱི་དེ་ཉིད་ལས་བསྙེན་པར་རྫོགས། གཞན་ཡང་བླ་མ་དམ་པ་དུ་མ་ལས་གདམས་པ་བསམ་གྱིས་མི་ཁྱབ་པ་བཞེས། ཆོས་གསན་པའི་དུས་མ་གཏོགས་རི་ཁྲོད་དབེན་པ་ཁོ་ནར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང་། སྙིང་རྗེ་ཕྱོགས་མེད་དུ་ཤར། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། ཐུགས་རྗེ་ཆེན་པོ་སོགས་ཡི་དམ་གྱི་ལྷ་དུ་མས་རྗེས་སུ་བཟུང་། ཏིང་འཛིན་གྱི་སྒོ་དུ་མ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། ཆོས་སྲུང་བྲན་དུ་ཁོལ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་། དེ་རྣམས་ཀྱི་ནང་ནས་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ། རོང་སྟོན་ཤེས་བྱ་ཀུན་རིག །སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་དཀོན་མཆོག་རྒྱལ་མཚན། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་ཤིང་བཙུན་ལ་གྲུབ་པའི་


JKT019_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་དང་ལྡན་པ་དང་། ཕྲིན་ལས་མཐའ་ཀླས་པ་མང་དུ་བྱོན་ཏེ་རྒྱལ་བསྟན་སྤྱི་དང་། དཔལ་ཤངས་པ་བཀའ་བརྒྱུད་པའི་བསྟན་པ་རིན་པོ་ཆེ་ཉིན་མོར་མཛད་ནས། དགུང་ལོ་དགུ་བཅུ་རྩ་གསུམ་དུ་ཕེབས་པ། བྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་དྲུག་ལ་ཞི་བ་ཆེན་པོའི་དབྱིངས་སུ་ཐུགས་གཞོལ་བའི་ཚེ། འཇའ་དང་། འོད་དང་། སྙན་པའི་སྒྲ་དང་། དྲི་ཞིམ་པོ་འཐུལ་ཞིང་། མེ་ཏོག་གི་ཆར་ཆེན་པོ་འབེབས་པ་དང་བཅས་ཏེ། ལས་དག་པ་འགའ་ཞིག་གིས་ཨོ་ཌི་ཡཱ་ན་དང་། བདེ་བ་ཅན་སོགས་སུ་གཤེགས་པར་མཐོང་བ་དང་། སྐུ་གདུང་ཞུགས་སུ་ཕུལ་བས་སྐུ་དང་། རིང་བསྲེལ་གྲངས་ལས་འདས་པ་འཕེལ་བས་མཚོན་ངོ་མཚར་བསམ་གྱིས་མི་ཁྱབ་པས་རྗེས་འཇུག་རྣམས་དད་པའི་ས་ལ་འགོད་པར་མཛད་དོ། །འདིའི་རྣམ་ཐར་རྒྱས་པ་བཀའ་བཅུ་པ་རིན་ཆེན་དར་གྱིས་མཛད་པ་དང་། དགུང་ལོ་བརྒྱད་ཅུ་རྩ་བཞི་མན་གྱི་རྣམ་ཐར་ཁ་སྐོང་བཅས་ལས་ཤེས་པར་བྱའོ།། ༈ །།སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན་ནི། གྲུབ་ཐོབ་ལྕགས་ཟམ་པ་ཆེན་པོའི་རིགས་སུ་ལྕགས་བྱི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དེར་ཚེ་རབས་ཀྱི་ཕྲེང་བ་དུ་མར་བླ་སློབ་ཏུ་འབྲེལ་བའི་སྨན་སྡོང་ལོ་ཙཱ་བ་གྲུབ་པའི་དབང་


JKT019_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་རཏྣ་བྷ་དྲས་མཚན་འགྱུར་མེད་བདེ་ཆེན་ཞེས་སྩལ་ཞིང་ལུང་བསྟན་གྱི་རྒྱུད་མང་སྦྲེང་། དགུང་ལོ་བཅུ་པར་རྡོ་རྗེའི་སློབ་དཔོན་ལྷུན་གྲུབ་དཔལ་ལྡན་ལས་གསང་བདག་གི་དབང་བསྐུར་བ་གསན་ཅིང་ལྗགས་བཟླས་མཛད། བཅུ་གསུམ་པ་ནས་བརྩམས་རྗེ་བཙུན་བསོད་ནམས་རྩེ་མོའི་ཞབས་པད་བསྙེན་ཅིང་དགེ་ཚུལ་དུ་བསྒྲུབ། ལམ་འབྲས་དང་། ནི་གུའི་ཟབ་ཁྲིད་དང་། དཔལ་ས་སྐྱ་པའི་གཞུང་དང་མན་ངག་རྒྱ་མཚོ་ལྟ་བུར་སྦྱངས། ཉི་ཤུ་པར་ལོ་ཆེན་རཏྣ་བྷ་དྲ་ལས་བསྙེན་པར་རྫོགས། སྦྱོར་དྲུག་གི་ཉམས་ཁྲིད་གསན། ལོ་བཞི་དང་ཟླ་བ་བརྒྱད་དུ་སྒྲུབ་པའི་རྒྱལ་མཚན་བརྟན་པོར་བཙུགས་པས་བྱིན་རླབས་ཀྱི་འཕོ་བ་ཐོབ་ཅིང་། དད་པ་དང་། ངེས་འབྱུང་། སྙིང་རྗེ་དང་། འོད་གསལ་གྱི་འཆར་སྒོ་འབྱམས་ཀླས་པ་ལ་དབང་འབྱོར། སླར་ཡང་ཡོངས་འཛིན་ཆོས་ཀྱི་བློ་གྲོས། ལོ་ཆེན་རཏྣ། བྷ་དྲ། འཇམ་མགོན་ཀུན་དགའ་གྲོལ་མཆོག །དུས་ཞབས་པ་ཆོས་དར་གྲགས་འཕེལ། ལོ་པ་སྤྱན་སྔ་ཆོས་ཀྱི་གྲགས་པ་སོགས་ལས། ཤངས་ཆོས། ལམ་འབྲས། དུས་འཁོར་རྣམས་གཙོ་བོར་གྱུར་པའི་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་དང་། ལོ་ཆེན་བཤེས་གཉེན་རྣམ་རྒྱལ་དང་། སྐད་གཉིས་སྨྲ་བ་རབ་ཚེས་ཟླ་བ་ལས་སྒྲ་སྙན་སྡེབ་སྦྱོར་སོགས་ཐུན་མོང་རིག་ལམ་དུ་མར་གསན་


JKT019_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་མཐར་ཕྱིན་པར་མཛད་པའི་གྲུབ་འབྲས་འཆད་པ་དང་། རྩོད་པ་དང་། རྩོམ་པའི་བདུད་རྩིས་སྐལ་བཟང་ཡིད་ཀྱི་པདྨོ་ཁ་ཕྱེ་བ་ལས། ཡོངས་རྫོགས་ཐུབ་བསྟན་ཨུཏྤ་ལའི་ནགས་ཀླུང་ཆེས་ཆེར་དར་བར་མཛད་ནས་རིགས་ལྡན་ཆོས་ཀྱི་མདུན་ས་ཆེན་པོར་གཤེགས་སོ། །༅། །འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་དགའ་གྲོལ་མཆོག་ནི། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་པཎྜི་ཏ་འབར་བའི་གཙོ་བོ། རྒྱལ་བས་ལུང་བསྟན་པའི་གྲུབ་ཆེན་ནག་པོ་སྤྱོད་པ། ཤྲཱི་གོམ་ནཱ་ཐའི་སློབ་མ་རྒྱལ་རིགས་ལས་གྲུབ་པ་བརྙེས་པ་རཱ་ཏ་ན་བྷ་ཧུ་ལ་རྣམས་དང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བ་ཆེན་པོ་ཀུན་གཟིགས་རོང་ཟོམ་པ་ཆོས་ཀྱི་བཟང་པོ། བཀའ་བརྒྱུད་ཡ་བཞི་ཟུང་བརྒྱད་དུ་གྲགས་པ་ལས། འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་འབའ་རོམ་པ་དར་མ་དབང་ཕྱུག །ཉང་སྟོད་དུ་སྦས་པའི་རྣལ་འབྱོར་ཨ་བ་དྷ་ཏི་པ་འོད་ཟེར་དཔལ་ཞེས་རྗེ་བཙུན་གྲགས་པས་ནག་པོ་སྤྱོད་པའི་རྣམ་འཕྲུལ་དུ་བསྔགས་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཆེན་པོ་ཞང་སྟོན་འབྲུག་སྒྲ་རྒྱལ་མཚན། འབྲི་གུང་འཇིག་རྟེན་མགོན་པོའི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པ། ཀུན་མཁྱེན་ཆེན་པོ་སདྨ་བྷ་དྲ། རྗེ་རིན་པོ་ཆེའི་སློབ་མ་གཞུང་བརྒྱ་པ་འཇམ་དབྱངས་བཀྲ་ཤིས་དཔལ་


JKT019_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། སླར་ཡང་འཕགས་པའི་ཡུལ་དུ་སིངྒ་ལའི་པཎྜི་ཏ་ཆེན་པོ་ཆོས་ཀྱི་ཉིན་བྱེད་རྣམས་སུ་བསམས་བཞིན་དུ་སྲིད་པ་ཉེ་བར་བཟུང་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་མཐར། མངའ་རིས་ཀྱི་སྨད་ཀྱི་ས་ཡི་ཆར། ཡབ་གཉན་སྟོན་ཤཱཀྱ་མུ་ནེའི་རིགས་བརྒྱུད་ཚེ་དབང་བཟང་པོ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲོལ་འཛམ་ཞེས་པའི་སྲས་སུ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་སྐུ་འཁྲུངས། རྭ་སྟོན་ཡོན་ཏན་དཔལ་བཟང་གིས་མཚན་སྒྲོལ་མ་འབུམ་དུ་གསོལ། རྗེ་ཀུན་དགའ་མཆོག་ལྡན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་གྲོལ་མཆོག་ཏུ་གསོལ། དེ་ཉིད་དང་། མཁན་ཆེན་བསོད་ནམས་ལྷུན་གྲུབ་སོགས་ལས་གསན་པ་བསམ་གྱིས་མི་ཁྱབ། །ནི་གུའི་ཟབ་ཁྲིད་ལན་བརྒྱ་ཕྲག་ལས་ལྷག་པ་དང་། ལམ་འབྲས་དང་སྦྱོར་དྲུག་གཙོར་གྱུར་འཆད་སྤེལ་གྱི་ཕྲིན་ལས། གྲུབ་པའི་ཉམས་མྱོང་། མཁས་པའི་རྣམ་དཔྱོད་བསམ་གྱིས་མི་ཁྱབ་པ། རྒྱས་པར་རྗེ་ཉིད་ཀྱིས་མཛད་པའི་སྐྱེས་རབས་སྔ་མ་ཐམས་ཅད་ཀྱི་རྟོགས་བརྗོད། རྗེ་ཉིད་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ་ཡན་ལག་མཛེས་རྒྱན་དང་བཅས་པ། འདས་བྱུང་གི་རྣམ་ཐར་གསེར་མདོག་པ་ཤཱཀྱ་བསྟན་འཛིན་གྱིས་མཛད་པ་རྣམས་སུ་ཆེས་གསལ་ལོ།།


JKT019_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།གྲུབ་ཆེན་ཀུན་དགའ་བློ་ལྡན་ནི། ཤར་རྒྱལ་མོ་རོང་དུ་འཁྲུངས། དབུས་གཙང་དུ་བྱོན་ནས། རྟེན་གསུམ་རྣམས་ལ་ཕྱག་བསྐོར་མཆོད་པ་སོགས་ཚོགས་བསགས་སྒྲིབ་སྦྱོང་མཐའ་ཡས་པ་མཛད། ཁྱད་པར་ངོར་ཨེ་ཝཾ་དུ་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། སྡོམ་པ་གསུམ་གྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས། ཐོས་བསམ་སྒོམ་གསུམ་སྤེལ་མར་མཛད། དཔལ་ས་སྐྱར་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བློ་གྲོས་ཀྱི་ཞབས་པད་བསྟེན་ནས་ཟབ་དོན་གྱི་སྨིན་གྲོལ་མང་དུ་གསན་པའི་ཆོས་གྲྭར་འཇམ་མགོན་དེ་ཉིད་ཀྱིས་དགྱེས་པའི་སྤྱན་གྱིས་གཟིགས་ཤིང་། རྣལ་འབྱོར་རྒྱལ་མོ་རོང་པ་ཞེས་ཡང་ཡང་གསུངས་ཏེ། མ་འོངས་པ་ན་སྒྲུབ་པའི་རྒྱལ་མཚན་འཛིན་པར་ལུང་བསྟན། དེ་ནས་ཤར་ཆེན་ཡེ་ཤེས་དབང་ཕྱུག་མདོ་ཁམས་སྡེ་དགེར་ཆིབས་བསྐྱོད་སྐབས་མཆོད་དཔོན་གྱི་ཚུལ་དུ་ཕེབས། དེ་དག་གི་སྐབས་སུའང་རིམ་གཉིས་བཟླས་པ་དང་བཅས་པའི་རྣལ་འབྱོར་ལ་གཡེལ་མེད་དུ་བརྩོན་པར་མཛད་ཅིང་། སླར་ཤར་ཆེན་དབུས་གཙང་དུ་ཕེབས། རྗེ་ཉིད་རྩེ་གཅིག་སྒྲུབ་པ་ལ་བརྩོན་པའི་དགོངས་བཞེད་འཁྲུངས་པ་ན། དཔལ་ས་སྐྱ་པའི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་བླ་མ་ཆོས་ཀྱི་རྒྱལ་མཚན་པས་དབེན་གནས་གྲྭ་མ་སྒང་དུ་བཞུགས་པ་ལེགས་ཞེས་ལུང་བསྟན་པ་


JKT019_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྒྲུབ་ཁང་གསར་དུ་བཞེངས། ཤ་ཆང་དང་ཤ་གོས་སོགས་སྡིག་པའི་ལས་དང་ལོག་འཚོའི་འབྱོར་པ་རྒྱངས་རིང་དུ་བསྲིངས་ནས། ཆོས་གོས་རྣམ་གསུམ་འབྲལ་མེད་དང་། གདན་གཅིག །རྡོར་དཀར་སོགས་ཕྱི་འདུལ་བའི་ཀུན་སྤྱོད་ཤིན་ཏུ་གཙང་། ནང་བྱང་ཆུབ་སེམས་གཉིས་དང་མི་འབྲལ། གསང་བ་དཔལ་དགྱེས་པ་རྡོ་རྗེའི་ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐུན་བཞིར་བརྩོན་པ་དྲག་པོས་ཉམས་སུ་བཞེས་པས་རྒྱུད་སྡེ་ནས་བཤད་པའི་ཉམས་མྱོང་ཚད་མ་ཐུགས་རྒྱུད་ལ་འཁྲུངས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དཀར་ཕྱོགས་སྐྱོང་བའི་གཞི་བདག་རྡོ་རྗེ་གཡུང་དྲུང་སོགས་མི་མ་ཡིན་རྣམས་ཀྱིས་ཕྱག་བྱས། འབྱུང་པོ་གདུག་པ་ཅན་ཕྱག་ནས་འཐོར་བ་ཙམ་གྱིས་རྒྱུན་ཆད། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོས་དབུའི་མཆོད་གནས་སུ་གདན་འདྲེན་ཞུས་ཀྱང་ཆོས་འབྲེལ་ཚེ་དབང་ཞིག་སྩལ་ནས་འཕྲལ་དུ་དབེན་རིར་བྱོན། བར་ཆད་ཀྱི་དབང་དུ་མ་སོང་ཞེས་བཀའ་སྩལ་བར་ཐོས་པས་མཚོན་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པས་མི་གཡེངས་དབང་བསྐུར་ཞུ་མཁན་རྣམས་ལའང་སྣོད་མ་བརྟག་པར་མི་གནང་། ལས་འབྲས་གཙོ་བོར་གྱུར་པའི་གདམས་ངག་གིས་དཀྲི་བར་མཛད་པས་ཇོ་བོ་བཀའ་གདམས་


JKT019_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་ཐར་དང་རྗེས་སུ་མཐུན་ཅིང་མཐོང་ཐོས་ཐམས་ཅད་དོན་དང་ལྡན་པའི་ཕྲིན་ལས་མངའ། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད། ཤར་ཆེན་ཞབས་དྲུང་ངག་དབང་བསྟན་པའི་རྒྱལ་མཚན། རྡོ་རྗེ་འཛིན་པ་ངག་དབང་ཆོས་འབྱོར་སོགས་ཐོག་མཚུངས་པའི་མཁས་གྲུབ་ཐམས་ཅད་ཀྱིས་གུས་པས་བསྟེན། ཁྱད་པར་གྲུབ་མཆོག་ངག་དབང་རིན་ཆེན། མཚུངས་མེད་དཔལ་ལྡན་ཕྲིན་ལས། མཁས་དབང་བླ་མ་བསོད་ནམས་རྒྱལ་མཚན་གསུམ་ལ་གདམས་པ་རྫོགས་པར་གནང་བས་བསྟན་པའི་སྨན་ཡོན་ཆེན་པོར་གྱུར། མ་འོངས་པ་ན་དབེན་གནས་དེ་ཉིད་དུ་སྒྲུབ་སྡེ་ཁྱད་པར་འབྱུང་བའི་རྟེན་འབྲེལ་བསྒྲིགས། སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས་སྐུ་རླུང་ལྟ་བུས་ཅུང་ཟད་བསྙུན་ཚུལ་བཞེས་པ་ན། ཐུགས་སྲས་བླ་མ་དཔལ་ལྡན་ཕྲིན་ལས་ལ་གང་ཅིའི་ཞལ་ཆེམས་ལྷུག་པར་སྩལ་ནས་གླང་ལོ་སྣོན་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བཅུ་བཞིའི་ཉི་མ་འཆར་ཀའི་ཚེ་སྐུ་དྲང་པོར་བསྲངས། ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་དེ་ཆོས་དབྱིངས་ཞི་བ་ཆེན་པོར་ཐུགས་གཞོལ་བའི་ཚུལ་བསྟན། འོད་གསལ་གྱི་ངང་དུ་ཞག་བདུན་བཞུགས་ཏེ། ཟུང་འཇུག་གི་སྐུ་འོག་མིན་ཆེན་པོར་གཤེགས་པའི་ཚེ་ཤངས་བུག་གཉིས་ནས་བྱང་སེམས་དཀར་དམར་གྱི་


JKT019_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བབས། དབུའི་གཙུག་ཏོར་གསལ་བར་འཕགས་པས་མཚོན་མཆོག་གི་དངོས་གྲུབ་བརྙེས་པའི་ལམ་རྟགས་རྣམས་མངོན་སུམ་དུ་སྣང་བར་མཛད། དེ་སྐབས་དབྱར་གྱི་ཚད་ཆེན་རྒྱས་པའི་དུས་ཡིན་ཀྱང་། ཞག་བདུན་དུ་སྦྲང་ཆར་ཟིལ་བུར་རྒྱུན་མ་ཆད་པ་བབས་པས་སྐྱེ་རྒུ་རྣམས་དགའ་བདེའི་དཔལ་ལ་བཀོད་ཅིང་། ས་གཡོ་བ་ལྟ་བུའི་སྒྲ་དང་། ཤར་ཕྱོགས་ཀྱི་ནམ་མཁའ་ནས་འཇའ་དཀར་པོ་མདུང་ཚུགས་སུ་ཟུག །ཞལ་ཆེམས་ལྟར་ཤར་ཆེན་ཞབས་དྲུང་རིན་པོ་ཆེས་བཅོམ་ལྡན་འདས་ཐམས་ཅད་རིག་པའི་སྒོ་ནས་སྐུ་གདུང་ཞུགས་འབུལ་གནང་བ་ན་མེ་ལྕེ་ཐམས་ཅད་དུམ་བུ་གཅིག་ཏུ་གྱུར་ཅིང་རིན་པོ་ཆེའི་དབྱིབས་སུ་འབར། དཀར་ཞིང་གསལ་བའི་དུ་བ་མཆོད་སྤྲིན་གྱི་ཚུལ་དུ་འཁོར། མེ་སྒྲ་གླིང་བུའི་གདངས་ལྟར་སྙན་པ་སོགས་ངོ་མཚར་བའི་ལྟས་དང་། སྤྱི་གཙུག་གི་ཐད་ཀྱི་སྐུ་རུས་ཐག་སྒྲ་དང་བཅས་ནམ་མཁར་འཕགས། གདུང་རུས་ཀུན་ལྟར་དཀར་བའི་ཁ་དོག་ཅན་འབའ་ཞིག་ཏུ་གྱུར། ཞག་བདུན་གྱི་བར་གདུང་ཁང་ལ་དྲི་ཞིམ་པོའི་ངད་ལྡང་བས་མཚོན་གདུལ་བྱ་ཐུན་མོང་བ་རྣམས་ཀྱིས་ཀྱང་མངོན་སུམ་དུ་གྱུར་པས་མ་དད་པ་དད་ཅིང་། དད་པ་རྣམས་སླར་ཡང་དད་གུས་ཆེས་ཆེར་རྒྱས་པས་བསྔགས་པའི་མེ་ཏོག་ཕྱོགས་བརྒྱར་འགྲེམ་ཞིང་། ཐུགས་ཀྱི་སྲས་རྣམས་ནས་བླ་མ་དམ་


JKT019_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཛད་པ་ལྟར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། ལམ་ཟབ་མོ་རྩེ་གཅིག་ཏུ་ཉམས་སུ་བཞེས། བཤད་སྒྲུབ་སྤེལ་མར་མཛད་པས་ཕྲིན་ལས་ཀྱི་རྒྱུན་རྒྱས་པར་གྱུར་ཏོ། །རྗེ་འདིའི་རྣམ་ཐར་ཉུང་གསལ་མཁས་དབང་ཀུན་དགའ་དཔལ་ལྡན་གྱིས་མཛད་པ་དམ་པའི་གསུང་སྒྲོས་ཞེས་པ་ཞིག་ཡོད།། ༈ །།རྗེ་དེ་ཉིད་ཀྱི་ཐུགས་སྲས་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་ནི། བོད་ཆེན་སྡེ་དགེའི་མངའ་འོག་བྱང་འབྲོག་གི་སའི་ཆ་ཡིད་ལྷུང་ཞེས་ཡུལ་གྱི་དགེ་མཚན་ཚང་བ་དེར། ཡབ་དཔའ་རྩལ་གེ་སར་ལ་འགྲན་བཟོད་ཅིང་། སྐུ་ལྷ་གེ་མཛོ་གཉན་པོའི་སྲས་སུ་གྲགས་པ་ལྷ་མི་དར་རྒྱས་དང་། ཡུམ་སོག་མོའི་སྲས་སུ་མེ་སྤྲེལ་དབྱར་ཟླ་དང་པོའི་ཚེས་གཅིག་ལ་སྐུ་འཁྲུངས། ཆུང་ངུ་ནས་ཆོས་ལ་མོས་པའི་བག་ཆགས་སད། དགུང་ལོ་བཅོ་ལྔ་པར་ཕྱོགས་དེའི་ངོར་ལུགས་ཀྱི་དགོན་སྡེ་ལྷ་རྒྱལ་སྲང་སྲིད་གསུམ་དགེ་ལེགས་ཡོངས་འདུས་སུ་ཕེབས། །མཚུངས་བྲལ་ཆོས་རྗེ་བླ་མ་རིན་པོ་ཆེའི་ཞབས་ཕྱིར་གཅར་བཞུགས་ངོས་བསླབ་གཉེར་ལ་བརྩོན་པར་མཛད། དགུང་ལོ་ཉེར་ལྔ་པར་དབུས་གཙང་དུ་ཕེབས། ངོར་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲར་མཁས་གྲུབ་ཆེན་པོ་ངག་དབང་དམ་ཆོས་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་གསན་པ་ནས་བཟུང་བསླབ་བྱ་ལ་གཅེས་སྤྲས་སུ་མཛད་


JKT019_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དཔལ་ཀྱེ་རྡོ་རྗེའི་ལམ་དུས་ཀྱི་རྣལ་འབྱོར་ཆགས་མེད་ཀྱི་ཉམས་གཞེས་གནང་། གཞན་ཡང་ས་ངོར་གྱི་དམ་པ་རྣམས་ལས་ཆོས་འབྲེལ་ཅི་རིགས་པ་གསན། ཕྱིར་ཕེབས་འཕྲལ་དབེན་པའི་རི་ཁྲོད་དུ་ཟབ་མོའི་ཉམས་བཞེས་ལ་བརྩོན་པར་དགོངས་ནའང་། རེ་ཞིག་ཆོས་རྗེ་བླ་མའི་ཞབས་འགྱུར་དང་། དེ་རྗེས་ཡབ་ཀྱིས་སྐུ་དབང་བཙན་པོས་ལྷུན་གྲུབ་སྟེང་གི་ཆོས་གྲྭར་འབྱོན་དགོས་བྱུང་། སླར་མི་རིང་བར་དབེན་གནས་དྲྭ་མ་སྒང་དུ་གྲུབ་ཆེན་ཀུན་དགའ་བློ་ལྡན་པའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན། གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་ཁྲིད་ཡིག་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མཛེས་རྒྱན་རྣམ་གཉིས་ཐུགས་སུ་ཆུད་པ་དང་བསྟུན་ཞིབ་བཤད་ཀྱིས་མཚོན་སྨིན་གྲོལ་གྱི་གདམས་པ་མང་དུ་གསན། གཞན་ཡང་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་དང་། མཐུ་སྟོབས་ཀྱི་དབང་ཕྱུག་ངག་དབང་ཆོས་འབྱོར་སོགས་ལས་ཀྱང་དབང་ཁྲིད་མན་ངག་ཅི་རིགས་པ་བཞེས། གཙོ་བོར་དབེན་གནས་དེ་ཉིད་དུ་ཐོག་མར་རེ་གུར་ལ་བརྟེན་ཅིང་། ཕྱིས་ཚེ་མདོའི་སྒྲུབ་ཁང་དུ་བཞུགས་ནས། ཤ་ཆང་ཤ་གོས་སོགས་སྡིག་ཟས་དང་ལོག་འཚོའི་ཚོགས་རིང་དུ་བསྲིངས། གཞི་འདུལ་བའི་ཀུན་སྤྱོད་ཤིན་ཏུ་དག་པ་ལ་གནས་ནས་དཔལ་ཀྱེ་རྡོ་རྗེ་གཙོ་བོར་


JKT019_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ལམ་ཟབ་མོའི་རྣལ་འབྱོར་ལ་བརྩོན་པ་དྲག་པོ་ལྷུར་བཞེས་པས་གེགས་སྐྱོན་རྣམས་གྲོལ། ཉམས་རྟོགས་ཀྱི་ཡོན་ཏན་སྒོ་དུ་མ་འཁྲུངས། ཞག་འགར་ཏིང་ངེ་འཛིན་གྱི་ངང་དུ་འབྱམས་པ་བྱུང་། དེ་སྐབས་ཤིག་རང་ཡུལ་དུ་ཕེབས་ནས་ལྷ་རྒྱལ་སྲང་གི་དགོན་སྡེར་ཆོས་རྗེ་རྒན་པོས་སྤྱན་དྲངས་ཤིང་གཙུག་གི་ནོར་བུར་བཀུར། རིགས་གསུམ་སྤྱི་དང་། གདུགས་དཀར་གྱི་དབང་། དཔལ་གུར་གྱི་མགོན་པོའི་དབང་རྗེས་ལུང་ཁྲིད་སོགས་ཟབ་ཆོས་ཀྱི་བདུད་རྩི་སྩལ། འདི་དུས་མཁས་དབང་བླ་མ་ཀུན་དགའ་དཔལ་ལྡན་ཀྱང་ཐོག་མར་རྗེས་སུ་བཟུང་ཞིང་། རྨི་ལམ་གྱི་རྟགས་མཚན་དགེ་བས་སླར་ཐུགས་ཀྱི་སྲས་སུ་འགྱུར་བའི་རྟེན་འབྲེལ་འགྲིགས། བཀའ་ཆོས་སྩལ་སྐབས་ཆོས་སྲུང་དགྱེས་པའི་མཚན་མར་དར་ལྕོག་གི་རྩེ་ནས་མེ་ལྕེ་འབར་བ་དང་། ཤོ་རོང་རྡོ་རྗེ་རྩེ་རྒྱལ་གྱི་བླ་མཚོ་ནས་ནོར་བུ་དབྱིག་ཏུ་གྲགས་པའི་རྡོ་གཏེར་དང་། ཡུལ་ལྷ་གེ་མཛོ་གཉེན་པོའི་མདུན་ནས་ཐུབ་དབང་གི་སྐུ་ཀླུ་འཇིམ་ལས་གྲུབ་པ་སོགས་རྫས་གཏེར་གྱི་རྣམ་པའང་ཕྱག་ཏུ་སོན། དེ་ནས་དཔལ་སའི་ཚངས་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་རིགས་ལྡན་ཚེ་དབང་རྡོ་རྗེས་དབུའི་མཆོད་གནས་སུ་བཞེས་ཤིང་། མཆོད་ཡོན་གཉིས་ཀ་དབུས་གཙང་དུ་ཆིབས་བསྐྱོད་གནང་། ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་


JKT019_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་རྣམས་ལ་ཕྱག་མཆོད་བསྙེན་བཀུར་དཔག་མེད་མཛད། ཁྱད་པར་སྙན་བརྒྱུད་བསྟན་པའི་འབྱུང་གནས་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་གནས་གསར་དབོན་རིན་པོ་ཆེའི་མཆོག་སྤྲུལ་ནམ་མཁའ་ལེགས་པ་ལྷུན་གྲུབ་དང་མཇལ། གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྨིན་གྲོལ་ཆ་ལག་དང་བཅས་པ་རྫོགས་པར་གསན་པས་སྙན་བརྒྱུད་བཞིའི་རྟེན་འབྲེལ་རང་ཤུགས་ལ་འགྲིགས། རྗེ་དེ་ཉིད་ཀྱིས་གྲུབ་པའི་དབང་ཕྱུག་སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ་གྱི་རྣམ་འཕྲུལ་དུ་ལུང་བསྟན་པས་མཚོན་ཏེ། དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། གྲུབ་པའི་དབང་པོ་ཐང་སྟོང་རྒྱལ་པོ་སོགས་ཀྱི་སྤྲུལ་པར་གྲགས་པའི་ཡི་གེས་མཛེས། ངོར་ཨེ་ཝཾ་ཆོས་ལྡན་དུ་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཀྱང་ཟབ་ཆོས་ཀྱི་བདུད་རྩི་ཇི་སྙེད་པ་དང་། དཔལ་ས་སྐྱར་གངས་ཅན་བསྟན་པའི་བདག་པོ་འཇམ་མགོན་ཀུན་དགའ་བཀྲ་ཤིས་མཆེད་ཞལ་རྣམས་ནས་ཀྱང་དགྱེས་པ་ཆེན་པོས་རྗེས་སུ་བཟུང་། དབང་ལུང་མན་ངག་ཅི་རིགས་པ་གསན། ལྷག་པར་ཁྱབ་བདག་རྡོ་རྗེ་བཙུན་མོའི་རྣམ་འཕྲུལ་རྗེ་བཙུན་རིན་པོ་ཆེ་མཁའ་སྤྱོད་དབང་མོ་འཆི་མེད་བསྟན་པའི་ཉི་མ་ལས་གྲུབ་ཆེན་ནཱ་རོ་ཏཱ་པའི་ཐུགས་བཅུད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྨིན་གྲོལ་


JKT019_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལག་དང་བཅས་པ་ཉམས་ཁྲིད་དུ་གསན། དེ་སྐབས་རྗེ་བཙུན་རིན་པོ་ཆེ་ཉིད་སྐུ་ན་སྨིན་པས་སྤྱན་ཅུང་ཟད་མི་གསལ་བའི་ཚུལ་སྟོན་ཀྱང་། རྗེ་འདི་ལ་བཀའ་ཆོས་སྩལ་བ་ནས་སྤྱན་ཇེ་གསལ་དུ་སོང་བས་སྣོད་ལྡན་གྱི་སློབ་མའི་མཆོག་ཏུ་བསྔགས་ཤིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། བྱིན་རླབས་གནང་བའི་ཚེ་ནང་མཆོད་ཀྱི་བདུད་རྩི་སྤུ་བ་དང་བཅས་ཁོལ་བའི་རྒྱུན་ལས་རྗེ་འདི་ཉིད་ཀྱིས་ཡང་ཡང་བཞེས་པས་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པས་མཚོན་བླ་སློབ་གཉིས་ཀས་གྲུབ་པའི་རྟགས་མཚན་མངོན་སུམ་དུ་སྣང་བར་མཛད། སླར་ཡང་མཆོད་ཡོན་ཕེབས་ལམ་བདེ་བར་རྒྱལ་ཁབ་ཆེན་པོར་ཞབས་པད་བཀོད་ཅིང་དབུ་བླ་སྔར་རྒྱུན་ལྟར་གནང་། ལུགས་གཉིས་ཀྱི་མངའ་ཐང་ལྷག་པར་འཕེལ། ཐོག་མར་མཁན་ཆེན་རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས་མྱ་ངན་ལས་འདས་པའི་སྐབས་གདུང་རུས་ཀྱི་སཱ་ཙྪ་རྣམས་ཕྱོགས་དེར་འཇོག་དགོས་པར་བཀས་གནང་ནས་མ་འོངས་པ་ན་སྒྲུབ་གྲྭ་འབྱུང་བར་དོན་གྱིས་ལུང་བསྟན། བར་དུ་གྲུབ་ཆེན་ཀུན་དགའ་བློ་ལྡན་གྱིས་སྒྲུབ་པའི་རྒྱལ་མཚན་བཟུང་ཞིང་སྣོད་ལྡན་གྱི་སློབ་མའང་ཅི་རིགས་པར་འདུས། མཐར་དམ་པ་འདི་ཉིད་ཀྱིས་མནལ་ལམ་གྱི་རྟགས་མཚན་དགེ་བ་ལ་བརྟེན་ནས་ས་དབང་ཆོས་རྒྱལ་ཆེན་


JKT019_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྙན་བསྐུལ་ཞུས་པ་བཞིན་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། ལོ་གསུམ་གྱི་ཁོངས་སུ་དབེན་རི་གྲྭ་མ་སྒང་གི་སྒྲུབ་སྡེ་སློབ་བཤད་སྨིན་གྲོལ་རབ་འཕེལ་གླིང་གི་རྟེན་དང་བརྟེན་པར་བཅས་པ་གེགས་མེད་དུ་གྲུབ། ཕྱི་ཉན་ཐོས་འདུལ་བའི་ཀུན་སྤྱོད་ཤིན་ཏུ་དག་པ་ལྷུར་ལེན་ཅིང་། ནང་དུ་དཔལ་ཀྱེ་རྡོ་རྗེའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པའི་སྤོང་བ་པ་ཉི་ཤུ་རྩ་བདུན་ལ་ཆོས་ཀྱི་རྒྱལ་པོས་འཚོ་བ་བླ་ནས་སྦྱར། རྗེ་འདིས་གསུང་ངག་རིན་པོ་ཆེ་སློབ་བཤད་གཙོ་བོར་གྱུར་པའི་སྨིན་གྲོལ་གདམས་ཟབ་ལྷུག་པར་སྩལ་ཏེ་ཟབ་དོན་སྙིང་པོའི་བསྟན་པ་ཉིན་མོ་ལྟར་མཛད། དེ་སྐབས་སྒྲུབ་གྲྭའི་མཆོད་ཐེབས་བསྟན་དགྲ་གཟུར་པས་བཅོམ་པ་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་སྒོ་ནས་ལས་སྦྱོར་མཛད་པས་འཕྲལ་དུ་རྟགས་མཚན་ཐོན་ཅིང་། ས་དབང་ཆེན་པོས་ཀྱང་གཏང་རག་གི་ཚུལ་དུ་སྒྲུབ་དུས་ཀྱི་མགོན་པོའི་སྐུ་རིན་ཆེན་གཉིས་པ་ལས་གྲུབ་པའི་ངོ་མཚར་ཅན་བཞེངས་པར་གནང་། དེ་ནས་སྔར་རྗེ་བཙུན་རིན་པོ་ཆེ་འཆི་མེད་བསྟན་པའི་ཉི་མའི་སྤྱན་སྔར་དམ་བཅས་མཛད་པ་བཞིན་དབེན་རི་གྲྭ་མ་སྒང་དུ་བྱོན། སྔོན་ཆད་སུས་ཀྱང་མཐོང་ཐོས་སུ་མ་བྱུང་ཞིང་། ཕལ་གྱིས་ཤིན་ཏུ་བགྲོད་དཀའ་བའི་ཡང་དབེན། གངས་ཅན་བྲག་དཀར་དུ་གྲགས་པའི་


JKT019_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྐེད་པར་ཐོགས་མེད་དུ་བྱོན་ནས་རྗེ་ཉིད་གཅིག་པུར་ཟླ་བ་བཅོ་ལྔའི་བར་རྡོ་རྗེ་རྣལ་འབྱོར་མའི་ལམ་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བས། དང་པོར་གནས་བདག་གི་ཆོ་འཕྲུལ་དང་སློང་ཚད་ཅི་རིགས་པ་བྱུང་ནའང་། བྱང་ཆུབ་སེམས་གཉིས་ཀྱི་ཐུགས་དམ་རྩལ་དུ་བཏོན་པས་ཆོ་འཕྲུལ་ཐམས་ཅད་རང་ཞིར་གྱུར་ཏེ་འབྱུང་པོ་རྣམས་བྲན་བཞིན་དུ་བཀའ་མཉན། ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་ལྟར་རྒྱས། གྲུབ་པའི་གྲགས་སྙན་ཆེས་ཆེར་གསལ། དམ་བཅའ་མཐར་ཕྱིན་ནས་སླར་ཡང་ཆོས་རྒྱལ་ཆེན་པོས་སྤྱན་དྲངས། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྨིན་གྲོལ་ཆ་ལག་དང་བཅས་པ་རྫོགས་པར་ཆིག་བརྒྱུད་དུ་ཕུལ་བས་ཟབ་དོན་གྱི་ཕྲིན་ལས་སྲིད་མཐར་རྒྱས་པའི་སྨན་ཡོན་དུ་གྱུར། དེས་མཚོན་སྣོད་ལྡན་རྣམས་ལ་སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པས་རྗེས་སུ་བཟུང་། འདི་སྐབས་མགྲིན་པ་ཅུང་ཟད་བསྙེན་ཚུལ་བཞེས་པའི་མནལ་ལམ་དུ་སྐུ་གཅེར་བུ་རུས་རྒྱན་དང་བཅས་གྲུབ་པའི་བརྟུལ་ཞུགས་ལ་སྤྱོད་པའི་མཚན་མ་བྱུང་བ་ནི་སྐུ་ཚེ་ཕྱི་མར་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཏུ་འཁྲུངས་ནས་ས་ལམ་གྱི་ལྷག་མ་ཐམས་ཅད་བགྲོད་ནས་མཆོག་གི་དངོས་གྲུབ་མཐར་ཕྱིན་པའི་བརྡར་མངོན། དེ་བཞིན་གནོད་སྦྱིན་བེག་རྩེ་


JKT019_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་དམར་གྱི་གཟུགས་སུ་སྤྲུལ་པ་ལ་ཆིབས་ནས་ནམ་མཁར་འཕུར་བ་སོགས་སྤྱན་ལྟས་ངོ་མཚར་ཅན་མང་དུ་བྱུང་ཚོད་སྣང་ནའང་ཡོན་ཏན་སྦས་པ་ལྟ་བུར་མཛད་པས་ཞིབ་པར་མ་འཚལ། སླར་ཡང་ཆོས་བརྒྱད་ཀྱི་འཆིང་བ་བཙན་ཐབས་སུ་བཅད་ནས་གངས་ཅན་བྲག་དཀར་གྱི་སྒྲུབ་ཕུག་ཏུ་གསང་བའི་ཚུལ་གྱིས་བྱོན། ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་མཉམ་པར་བཞག །སྐུ་ལ་བསྙུན་གྱི་རྣམ་པ་བཞེས་པར་འཚོ་བྱེད་མཁས་པར་གྲགས་པས་ཞག་བདུན་ཙམ་ལས་མི་བཞུགས་པར་ཐག་བཅད་པ་ན། རྗེ་ཉིད་ཀྱི་སྤྱན་ལྟས་དང་བསྟུན་ད་ལན་སྐྱོན་མེད་ཅེས་བཀའ་སྩལ་རུང་། ཞབས་གྲས་སོགས་ནས་བློས་མ་བཟོད་པར་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་གདན་འདྲེན་ཞུས་པའི་སྟབས་ཀྱིས་ཡང་དབེན་ནས་ཕྱིར་ཕེབས། རྗེ་རྡོ་རྗེ་འཆང་དང་ཞལ་འཛོམ་གནང་། རྐྱེན་སེལ་གཙོ་བོར་གྱུར་པའི་དབང་བཀའི་རིགས་གསན་བཞེས་མཛད་པས་སྔོན་ཆད་བྱད་གཏད་ཀྱི་མཚན་ལྟས་མང་དུ་བྱུང་བ་ཀུན་དེ་ནས་བཟུང་སྟེ་མིང་ཙམ་ཡང་མ་བྱུང་གསུངས། དེ་ཚེ་སྦྱིན་བདག་དད་པ་ཅན་གྱིས་བསྙུན་འདྲིའི་མཚམས་ཞུ་གནང་བར། ད་ལྟ་བདག་ལ་འཆི་ལྟས་སོགས་ཆེར་མ་བྱུང་། སླར་དོགས་ཆ་ཆེ་བར་བྱུང་ཚེ་གསུང་འཕྲོས་གནང་ཆོག་ཚུལ་བཀའ་ཕེབས་པ་ལྟར། རེ་ཞིག་གི་ཚེ་སྙིགས་མའི་དུས་ཀྱི་སྤྱོད་པ་ལའང་ཅུང་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར། next