Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན།next

ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན།


JKT020_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ས་སྐྱར་འཇམ་མགོན་བཀྲ་ཤིས་རིན་ཆེན་མདུན་ཁྲི་ཕེབས་སྐབས་ཕུལ་བའི་ཞུ་ཡིག །བཱ་གཱི་ཤྭ་ར་སྱ་ཙ་ཛྷཱ་ན མཱ་ཡཛཱལསྱནིནྟིབེ། ཙྪརྗོབཱཀྲྀ་ཧི་སྟེ། ཤཱནྟ་བྷ་པོ་པ་ཛཱི་བེཀ སཱུཏྤནྣཁེརྙམཱུལཡོ༔ ངག་གི་དབང་ཕྱུག་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ནི། །སྲིད་ཞིའི་ཉེར་འཚོ་གཅིག་གྱུར་པའི། །ཞབས་སེན་ཤར་གྱི་ཐིག་ལེའི་དྲུང་། ༡ །གང་གི་ཐུགས་རྗེའི་དཔྱིད་དཔལ་ལ་ཆགས་པའི། །བློ་གྲོས་པུཎྜ་རཱི་ཀའི་འཛུམ་རླབས་ལས། །ཞུ་གསོལ་བདུད་རྩིའི་ཐིག་ཕྲེང་འཇོ་བ་ཡང་། །ཡེ་ཤེས་གཟིགས་པའི་འབབ་སྟེགས་མཛེས་ཕྱིར་རྒྱུ། ༢ །གཟོད་ནས་ཞི་བ་དམ་པའི་ནགས་ཀླུང་དུ། །རྣམ་གྲོལ་བདུད་རྩིའི་རྦ་རླབས་འཐུང་བ་ལས། །ཚུར་མཐོང་དག་པའི་སྒྱུ་འཕྲུལ་དཔག་ཡས་ཀྱིས། །སྲིད་པ་འདི་ན་རྗེས་བརྩེའི་འདུ་འགོད་བརྩམས། ༣ །གང་ན་གྲུབ་པའི་ས་འཛིན་ཉམས་དགའི་སྤོར། །མཚན་དཔེའི་ཉི་གཞོན་ཐོག་མར་ཤར་ཙམ་གྱིས། །འཛམ་གླིང་ཕན་བདེའི་སྣང་བས་མཛེས་སོ་ཞེས། །གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་བར་སྦྱིན། ༤ །དེ་ཚེ་རིགས་གཟུགས་མཁྱེན་པའི་རྫིང་བུ་རུ། །མཐའ་ཀླས་ཡོན་ཏན་


JKT020_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་ཨུཏྤལ། །འཛུམ་བཅས་རོལ་པ་ཁོ་ནས་མཁས་དང་གྲུབ། །བྱེ་བ་སྙེད་ཀྱི་བརྟན་པ་གཅིག་ཅར་འཕྲོག ༥ །ཁྱད་པར་དེང་དུས་གསང་གསུམ་བེཟླུམ། །ལྷར་བཅས་རལ་པའི་ཆུ་གོས་རྩེར་བཀོད་པས། །དགེ་མཚན་འདོད་དགུའི་གྲུ་ཆར་འབེབས་མཛད་པའི། །བཀའ་དྲིན་བསམ་གྱིན་གུས་སྤྲོའི་ཐལ་མོ་སྦྱོར། ༦ །འདི་ན་ཀུན་ཏུ་རྨོངས་པའི་སྨིག་རྒྱུ་ཡིས། །ཆེས་ཆེར་ནོན་བདག་སོས་ཀའི་རྗེས་འགྲོ་ཡང་། །གང་གི་ཐུགས་རྗེའི་དཔྱིད་ཀྱིས་བསུས་པ་ལས། །ལང་ཚོའི་མེ་ཏོག་ཉམས་པར་མ་གྱུར་ཙམ། ༧ །སླར་ཡང་འགྱུར་མེད་རྟག་པའི་དངོས། །སྐྱེ་འགག་སྤྲོས་པ་ལས་འདས་ཀྱང་། །ཚུར་མཐོང་ངོར་ཡང་མི་ཕྱེད་པའི། །སྐལ་བཟང་སྒྲུབ་ཕྱིར་འདི་ལྟར་སྨོན། ༨ །བཱི་ཤྲཱི་ཤྲཱི་ཛཱི་བནྟུ། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ངག་ལ་དབང་བསྒྱུར་རྡོ་རྗེ་རྣོན་པོའི་གར། །ངོ་མཚར་མཚན་དཔེའི་ཕུང་པོར་ལྷུན་རྫོགས་པའི། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག ༩ །མི་ཤིགས་རྡོ་རྗེ་ནཱ་དའི་གསུང་དབྱངས་ནི། །ཐེག་ཆེན་བདུད་རྩིའི་དགའ་སྟོན་དང་འགྲོགས་ནས། །ཡན་ལག་དྲུག་ཅུའི་རྒྱུད་མང་བསྒྲེང་མཁས་པའི། །སྐལ་བཟང་སྲིད་འདིར་ནུབ་པ་མེད་གྱུར་ཅིག །བཀྲ་ཤིས་དགེ་མཚན་བྱེ་བའི་ཨུཏྤ་ལ། །མཁྱེན་གཉིས་ནོར་བུའི་རྦ་རླབས་དང་འགྲོགས་བཞིན། །རྣམ་ཀུན་མཆོག་ལྡན་དབྱིངས་ལས་


JKT020_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་པར། །འཚོ་གཞེས་སྣང་བས་ས་གསུམ་འབར་གྱུར་ཅིག ༡༡ །མདོར་ན་ཡོན་ཏན་རིན་ཆེན་འབུམ་ཕྲག་གིས། །མངོན་པར་གཏམས་པའི་ཕྲིན་ལས་ཆུ་གཏེར་ནི། །འཛམ་གླིང་ཡངས་པའི་ཁམས་འདིར་རྟག་འབབ་བཞིན། །བདག་ཀྱང་ཐུགས་རྗེའི་ཕྱག་གིས་དམ་དུ་ཟུངས། ༡༢ །དེ་སྐད་དད་དང་གུས་པའི་བློ་གྲོས་ཀྱི། །ཨུཏྤལ་གསར་པའི་ནགས་ཀླུང་ཉམས་དགའ་ནས། །ཞུ་གསོལ་ལང་ཚོས་རྒྱགས་པའི་ཀོ་ཀི་ལ། །བརྗོད་པ་སྙན་པའི་རོལ་མོ་འཁྲོལ་བཞིན་དེངས། ༡༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན།next