Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
ལྕང་སྐྱ་ཧུ་ཐོག་ཐུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕང་སྐྱ་ཧུ་ཐོག་ཐུ།next

ལྕང་སྐྱ་ཧུ་ཐོག་ཐུ།


JKT020_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་ཧཱ་ཙི་ནའི་རྒྱལ་ཁབ་ཏུ་ལྕང་སྐྱ་ཧུ་ཐོག་ཐུའི་ཞབས་པད་དུ་ཕུལ་བ། པཱུཛམྦྷཔྲམཧཱཛ་ཊབནཾ། ཙནྡྲིཕཏྟཁམཱུཧཤོབྷནེ༔ སྡེབ་སྦྱོར་དག་པའི་སྣང་བའོ།། མོཀཱསཱམྲྀཏསོཁྱདཱིཔཱདཱ ཏྲེལོཀྱེའུསདེབཛཱིཡཏྭཾ། མཆོད་འོས་ཆེ་དགུའི་རལ་པའི་སྨན་ལྗོངས་སུ། །ཞབས་སེན་ཟླ་རིས་བཀོད་པའི་དགེ་མཚན་གྱིས། །ཕན་བདེའི་བདུད་རྩི་ཐར་པའི་སྣང་སྟེར་བ། །ལྷར་བཅས་འཇིག་རྟེན་གསུམ་ན་རྒྱལ་གྱུར་ཅིག ༡ །ཇི་ལྟར་ཉི་མའི་རིགས་སུ་སྟོན་མཆོག་དང་། །དགེ་བའི་དཔལ་ལས་མགོན་ཁྱོད་སྣང་བའི་གཏམ། །ཐོས་པའི་རྣ་བ་ཙམ་ཡང་དོན་ལྡན་ཕྱིར། །མི་ཕྱེད་གུས་པ་མཆོག་གིས་མཆིད་འདི་གསོལ། ༢ །གཟོད་ནས་ཞི་བའི་ཆུ་གཏེར་ལ་ཆགས་ཀྱང་། །སྙིང་རྗེའི་འབིགས་བྱེད་རི་བོས་བསྲུབས་པ་ལས། །ཡིད་ཅན་རྒྱ་མཚོའི་གདུང་


JKT020_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེལ་བའི་སླད། །སྔོན་མེད་དཔག་བསམ་དབང་པོ་ཁྱོད་གཅིག་འཁྲུངས། ༣ །དེ་ཚེ་རྒྱལ་ཀུན་ཕྲིན་ལས་བདུད་རྩིའི་བཅུད། །རྫོགས་པར་བཟུང་བའི་མཁྱེན་བརྩེའི་སྤྲིན་མཛེས་ལས། །དོན་གཉིས་ཡིད་བཞིན་གྲུ་ཆར་འབེབས་མཁས་པས། །བསྟན་འགྲོའི་འདོད་དགུ་རྫོགས་ལྡན་བཞིན་དུ་བྱས། ༤ །ཁྱད་པར་རིས་བྲལ་གྲུབ་མཐའི་གཟུགས་བརྙན་ཀུན། །དྲི་མེད་བློ་མཆོག་ནོར་བུའི་མེ་ལོང་ངོགས། །ཤར་བས་ཐུབ་བསྟན་ཉེ་འཁོན་མེད་སྦྱར་བའི། །བཀའ་དྲིན་ཚངས་པའི་བློས་ཀྱང་གཞལ་མི་ནུས། ༥ །མདོར་ན་ཉེས་པ་ཆ་བཅས་རྣམ་སྤངས་ཤིང་། །ཡོན་ཏན་མཐའ་དག་འབྱོར་པའི་ཞབས་སེན་ནི། །བསྟན་འདིར་སྟོན་པ་གཉིས་པའི་རྒྱལ་ཐབས་ལ། །འཚོ་གཞེས་བྱང་ཆུབ་སྤྱོད་པས་མཛེས་བཞིན་དུ། ༦ །ཤིན་ཏུ་བརྩེ་བས་དྲངས་པའི་ལེགས་གསུངས་ཀྱི། །བཀའ་གླེགས་བྱིན་རླབས་གཟི་འོད་འབར་བ་དང་། །གྱ་ནོམ་བདོག་པའི་སྐྱེས་བཅས་སྤྱི་བོ་རུ། །ཐོབ་པས་དད་སྤྲོའི་དགའ་སྟོན་ཉིན་བཞིན་འཕེལ། ༧ །འདི་ན་མགོན་པོ་གང་གི་ཡེ་ཤེས་ཀྱི། །གཟིགས་པ་ནོར་བུའི་རྔ་ཡབ་གསར་པ་ཡིས། །ཡང་ཡང་དབུགས་འབྱིན་ཐོབ་པའི་དགེ་སྦྱོང་ཡང་། །ཉེར་འཚེའི་ཚ་གདུང་སྐབས་ཙམ་བྲལ་དང་བཅས། ༨ །དབེན་ཞིང་ཉམས་དགའི་བསམ་གཏན་ཁང་བུ་རུ། །རྩ་གསུམ་རྒྱ་མཚོ་བསྙེན་ཅིང་སྒྲུབ་པ་ཡིས། །


JKT020_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཞབས་རྡོ་རྗེ་ལྟ་བུར་འཚོ་གཞེས་སླད། །གསོལ་འདེབས་མགྲིན་པའི་རྒྱུད་ཡང་བསྒྲེང་བཞིན་མཆིས། ༩ །སླར་ཡང་གང་དུ་སྣང་ཙམ་གྱིས། །སྲིད་ཞིའི་དགེ་མཚན་བྱེ་བའི་ཕུལ། །གསང་གསུམ་བསྐལ་བརྒྱར་བརྟན་པའི་ཚིག །སྨོན་འདུན་དགེ་བས་འདི་སྐད་གསོལ། ༡༠ །ཤི་བཱི་ཤྲཱི་བི་ཛ་ཡནྟུ། ཤིན་ཏུ་དག་པ་རྡོ་རྗེ་དྷ་ཏིའི་དབྱིངས། །གཟུང་འཛིན་རྩ་ཡི་མདུད་པ་ཞིག་གྱུར་པས། །མི་ཟད་མཚན་དཔེའི་ལང་ཚོ་འབར་བཞིན་དུ། །རྟག་པ་རྒྱུན་གྱི་འཁོར་ལོར་འཚོ་གཞེས་གསོལ། ༡༡ །ཐབས་ཤེས་ཉི་ཟླའི་རྒྱུ་བ་ཇི་སྙེད་ཀུན། །ནཱ་ད་སྒྲ་གཅན་འཇུག་པས་དབང་བྱས་ནས། །ཡན་ལག་དྲུག་ཅུའི་དབྱངས་སུ་འབབས་ཟློ པའི་དཔྱིད། །འགྲོ་འདིའི་རྣ་བར་རྟག་ཏུ་སྙན་གྱུར་ཅིག ༡༢ །ཞུ་བདེས་ཟོས་པའི་ཆར་ཡང་འཕོ་མེད་པ། །སྟོང་ཉིད་ཡུལ་དང་གཉིས་སུ་མི་ཕྱེད་པའི། །རྣམ་མང་ཏིང་འཛིན་སྒོ་བརྒྱར་རོལ་བཞིན་དུ། །འཆི་མེད་གྲུབ་པའི་དགེ་མཚན་སྟོན་པར་གསོལ། ༡༣ །བྲལ་དང་སྨིན་པའི་ཡོན་ཏན་མཐའ་ཀླས་པ། །ཕུན་ཚོགས་ནོར་བུའི་དོ་ཤལ་བྱེ་བ་ཡིས། །ལྷུག་པར་གཡོགས་པའི་ངོ་མཚར་རྨད་བྱུང་བའི། །རྣམ་ཐར་སྲིད་ཞིའི་ཁམས་ན་གསལ་གྱུར་ཅིག ༡༤ །ཕྲིན་ལས་རོལ་མོ་སྲས་བཅས་རྒྱལ་ཀུན་དང་། །འཇུག་པ་གཅིག་པའི་དགེ་མཚན་དར་བབས་པས། །ས་གསུམ་ཕན་བདེའི་དགའ་སྟོན་རྒྱས་པའི་སླད། །


JKT020_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པར་གསོལ། ༡༥ །མདོར་ན་ཡོངས་རྫོགས་བསྟན་དང་འགྲོ་བ་ཡི། །ཅོད་པན་མཚུངས་བ་མེད་པའི་ཞབས་པདྨོ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་ཆོས་སྟོན་པར། །རྩེ་གཅིག་སྨོན་པའི་འབྲས་བུ་མངོན་གྱུར་ནས། ༡༦ །ནམ་ཡང་ཐུགས་རྗེའི་ཕྱག་གིས་མི་བཏང་བའི། །ལེགས་གསུང་སྤྱི་བོར་སྩོལ་བའི་སྐལ་བཟང་གིས། །རྣམ་ཀུན་ཤིས་པའི་སྣང་བ་ནུབ་མེད་པ། །སྤྲིན་བྲལ་ཉིན་མོའི་དཔལ་བཞིན་རྒྱས་པར་གསོལ། ༡༧ །ཞེས་པའང་རྨོག་སྟོན་གསང་བདག་ཆེན་པོའི་དགོངས་བཞེད་བསྐང་བའི་ཆེད་དུ་བྲིས་པའོ། །


previousལྕང་སྐྱ་ཧུ་ཐོག་ཐུ།next