Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
མཚོ་ཕུར་རྡོར་འཛིན་བསོད་གྲགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོ་ཕུར་རྡོར་འཛིན་བསོད་གྲགས།next

མཚོ་ཕུར་རྡོར་འཛིན་བསོད་གྲགས།


JKT020_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁའ་སྤྱོད་དཔལ་གྱི་མཚོ་ཕུར་རྡོ་རྗེ་འཛིན་དབང་བསོད་ནམས་གྲགས་པའི་མདུན་ཕུལ་བའི་འཕྲིན་ལན། ཡསྭཱཧཱུཏབིམོཀམཁྱབེ བྷཱབཱནཾཀཡནཾསམཾཧཧེ སྡེབ་སྦྱོར་དག་པའི་སྣང་བའོ། །སཾདཱིཔསྱཧིཏཾསུཁཾཤུབྷྲཱུྃ ལཀྵཎཏྲིབིབིཛིཡཏྭཾ། གང་གི་རྣམ་ཐར་རྨད་བྱུང་ནོར་གྱི་བུས། །སྲིད་པའི་རྒུད་པ་མཐའ་དག་འཇིལ་བ་དང་། །ཕན་བདེའི་སྣང་བ་རྫོགས་པའི་དགེ་མཚན་ཅན། །འཇིག་རྟེན་གསུམ་ཚུན་རྣམ་པར་རྒྱལ་གྱུར་ཅིག ༡ །ཇི་ལྟར་ཉིན་མོར་བྱེད་པ་རིང་གནས་ཀྱང་། །པདྨོའི་ནགས་ཀླུང་མཛེས་པའི་དཔལ་སྟེར་བཞིན། །མངོན་སུམ་མིན་ཡང་དམ་པའི་ཡོན་ཏན་གྱིས། །ཡིད་འཕྲོག་གུས་པའི་ངག་


JKT020_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདི་སྐད་གསོལ། ༢ །གཟོད་ནས་ཞི་བ་དམ་པའི་མཆོག་བརྙེས་ཀྱང་། །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ངོ་མཚར་ཕུལ། །མཐའ་ཀླས་ཡིད་ཅན་རྗེས་སུ་སོང་གྱུར་པས། །རྒྱལ་བ་དགྱེས་པའི་ལམ་སྲོལ་གཅིག་sཏུ་བཟུང་། ༣ །རྡུལ་དང་ཤེས་བྱའི་ཡུལ་ལས་རིང་འདས་པ། །སྐྱེ་འགག་བྲལ་བའི་འཕོ་ཆེན་རྡོ་རྗེའི་སྐུ། །ཚུར་མཐོང་སྐལ་པར་འཚམས་པའི་སྒྱུ་འཕྲུལ་གྱིས། །དགེ་ལེགས་ཤིས་པ ༤ །དྷུ་ཏིར་དག་པའི་གཞོམ་མེད་ནཱ་དའི་སྒྲས། །ལུང་རྟོགས་ཆོས་ཕུང་གྲངས་མེད་འཆར་བཟོད་པའི། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པས། །ཕན་དང་བདེ་བའི་ངལ་འཚོ་རྒྱས་པར་མཛད། ༥ །བདག་དང་ཕུང་པོ་རྣམ་རིག་ལས་འདས་པའི། །མཐའ་བྲལ་བདེན་པ་གཟིགས་པའི་ཡེ་ཤེས་ཐུགས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་རོ་གཅིག་པའི། །བསམ་ཡས་ཏིང་འཛིན་སྒོ་བརྒྱར་སྙོམས་པར་འཇུག ༦ ། དེ་སོགས་མི་ཟད་ཡོན་ཏན་དཔག་བསམ་གྱི། །ཕྲིན་ལས་རྟག་པ་དམ་པའི་བདུད་རྩི་ཡིས། །ཀུན་ལ་འཆི་མེད་སྦྱིན་ཅེས་གྲགས་འབར་བས། །རབ་དྭངས་ཡིད་ཀྱི་པདྨོ་ཉིན་བཞིན་བྱེ། ༧ །ལྷག་པར་འདྲིས་མིན་བརྩེ་བའི་སྤྱན་དཀྱུས་ཀྱི། །གཟིགས་པ་གང་དུ་ལྷུང་བའི་ལེགས་གསུང་ནི། །རྣ་བའི་བཅུད་དུ་ཐོབ་པས་སྔར་མེད་པའི། །དད་སྤྲོའི་དགའ་བ་གཟུགས་ཅན་བཞིན་དུ་གྱུར། ༨ །འདི་ན་ལྷན་སྐྱེས་རྨོངས་


JKT020_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་རིག་པས། །དམ་ལ་བཞག་པའི་འདུ་ཤེས་གསུམ་པ་ཡང་། །རིན་ཆེན་གསུམ་གྱི་ཐུགས་རྗེའི་གྲིབ་བསིལ་དུ། །ཉེར་འཚོ་ཚ་གདུང་སྐབས་ཙམ་བྲལ་བཞིན་མཆིས། ༩ །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། སླར་ཡང་སྲིད་དང་ཞི་བའི་ལེགས་བྱས་ཀྱི། །རིན་ཆེན་རྡུལ་མང་བརྩེགས་པའི་བ་གམ་རྩེར། །ཞབས་པད་རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །འཚོ་གཞེས་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༡༠ །གཉུག་མའི་ལུས་སེམས་ཤིན་ཏུ་སྦྱངས་པ་ལས། །ཕུང་ཁམས་སྐྱེ་མཆེད་འཕོ་བ་ཐིམ་གྱུར་པའི། །བརྟན་གཡོ་ཀུན་ལ་ཁྱབ་པའི་རྡོ་རྗེའི་སྐུ། །བདེ་ཆེན་དྲྭ་བ་སྡོམ་པར་ཞབས་བརྟན་གསོལ། ༡༡ །འཇུག་དང་ལྡང་བའི་ལས་རླུང་ཉི་ཟླའི་འགྲོས། །མི་ཕྱེད་དབུ་མའི་སྲོག་ཏུ་གྲུབ་པ་ལས། །རྣམ་པ་ཀུན་ལྡན་རྡོ་རྗེ་ནཱ་དའི་གསུང་། །ཆོས་ཕུང་རྒྱ་མཚོའི་དཔྱིད་དུ་འཆར་གྱུར་ཅིག ༡༢ །གཟོད་ནས་དག་པའི་སེམས་ཀྱི་དེ་ཉིད་ནི། །ལམ་བདེན་སྤྲོས་པ་སྤངས་པའི་ཕ་རོལ་ན། །ཤེས་དང་ཤེས་བྱ་རོ་གཅིག་འོད་གསལ་ཐུགས། །འཆི་མེད་རྟག་པ་དམ་པར་འཚོ་གཞེས་གསོལ། ༡༣ །མདོར་ན་ཡོན་ཏན་རྫོགས་ལྡན་སྤྲིན་ཆེན་ལས། །ཕྲིན་ལས་ནོར་བུའི་གྲུ་ཆར་འབེབས་མཁས་པ། །སྔོན་མེད་གདེངས་ཅན་བདག་པོ་ཁྱོད་ཉིད་ཕྱིར། །གསང་གསུམ་བསྟན་འགྲོའི་ཉེར་འཚོར་ཞབས་བརྟན་ཅིང་། ༡༤ །དེ་སྲིད་འདིར་ཡང་ཐུགས་རྗེའི་གཟིགས་པ་


JKT020_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བདུད་རྩིའི་ཆུ་རྒྱུན་འགོགས་པ་མེད་སྤྲོ་བས། །ཕན་བདེའི་ཨུཏྤལ་རྒྱས་པའི་དགེ་མཚན་ནི། །བྱང་ཆུབ་སྙིང་པོར་སྨིན་པའི་བཀྲ་ཤིས་སྩོལ། ༡༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousམཚོ་ཕུར་རྡོར་འཛིན་བསོད་གྲགས།next