Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
བཤེས་གཉེན་མ་ཏི་ཤྭ་ར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཤེས་གཉེན་མ་ཏི་ཤྭ་ར།next

བཤེས་གཉེན་མ་ཏི་ཤྭ་ར།


JKT020_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༈ རིག་པར་སྨྲ་བའི་བཤེས་གཉེན་ཆེན་པོ་མ་ཏི་ཤྭ་རའི་མཆིད་ལན། །དིཤཱིཀཎྜིཀརཏྣ༔ སམེཥཱཧསྱསཱརྦཀེ ཙྪརྗོབཱཏྟཾཧིཏེ། སུཀྲིཏོམཎིནཱལོཀེ ཤོབྷཱདཱཏེབིཛཱིཡཏུ། ཕྱོགས་ཀྱི་རྣ་རྒྱན་རིན་ཆེན་དང་། །མཚུངས་པར་བཀོད་པའི་དོན་མཐུན་གྱིས། །ལེགས་བྱས་ནོར་བུས་འཇིག་རྟེན་ན། །མཛེས་པ་སྦྱིན་ཁྱོད་རྒྱལ་གྱུར་ཅིག ༡ །ཙཱུ་ཏའི་བསུང་ཞིམ་ཡང་དག་རྒྱས་པའི་ཕུལ། །བུང་བ་མྱོས་པའི་དགའ་སྟེར་དཔྱིད་ཀྱི་དུས། །དང་པོར་འོངས་པ་ཡིས་ཀྱང་མི་མཚོན་པའི། །དམ་པའི་ངང་ཚུལ་གཅིག་ཏུ་དྲན་ནས་སླར། ༢ །དཔྱད་པས་གཙང་བར་བྱས་པའི་བློ་གྲོས་ཀྱི། །མཚར་སྡུག་མྱ་ངན་མེད་པའི་མེ་ཏོག་ནི། །ཚངས་པའི་བུ་མོའི་བཀྲ་ཤིས་ཞབས་ཀྱི་རྡུལ། །རེག་པས་ཚིག་གི་སྙེ་མ་ཅུང་ཟད་རྒྱས། ༣ །གང་ཞིག་བསྲུབས་པའི་ཚེ་ན་གདེངས་ཅན་གནས། །རང་གི་འབྲས་བུ་འབྱིན་པས་དཔག་བསམ་ཀྱང་། །འདར་བཅས་ཁྱོད་ནི་སྙིང་རྗེས་འཁོར་མཚོ་འདིར། །གཞན་ཕྱིར་སྤྲོ་བས་ཞུགས་ལའང་ཞུམ་པ་མེད། ༤ །དེ་ཚེ་རིགས་ཀྱིས་དགེ་བའི་ལྡུམ་ར་ན། །དྲི་མེད་རྣམ་འབྱེད་བློ་ཡི་མྱུ་གུའི་རྩེར། །བསྔགས་འོས་མེ་ཏོག་དང་པོར་འཐོན་ཙམ་གྱིས། །


JKT020_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་འཕགས་པའི་ཟུར་མིག་མི་ཕྱེད་ལྷུང་། ༥ །རིང་ནས་དག་པའི་ཡིད་ཀྱི་རྡོ་བ་ལ། །སྙིང་སྟོབས་གཟོང་གིས་བརྐོས་པའི་བྱང་ཆུབ་ཀྱི། །སྤྱོད་མཆོག་གཟུགས་སུ་འཆར་དེ་གཞན་རྐྱེན་གྱིས། །མི་འཕྲོག་ཆོས་ཀྱི་མདུན་སར་ལྷག་པར་དགྱེས། ༦ །གྲགས་པ་ནོར་བུའི་རྔ་ཡབ་ལྷར་བཅས་ཀྱིས། །གཟུང་བས་སྤྲིན་དཀར་དུམ་བུར་འཁྲུལ་བསྐྱེད་པ། །ཕྱོགས་ཀྱིས་མ་བསླད་རབ་མཐོང་མིག་ཅན་རྣམས། །སིམ་པ་སྟེར་ལ་ག་བུར་རྐང་འཐུང་བཞིན། ༧ །ཤིན་ཏུ་ཞི་བའི་བསླབ་པས་ཡོན་ཏན་གྱི། །འབབ་སྟེགས་ཉམས་དགའ་ཐོག་མར་འདུ་བྱེད་པས། །འོ་མའི་རྒྱ་མཚོར་དྭངས་པའི་ཟླ་བ་ཡི། །རི་མོ་བཞིན་དུ་སྣང་བ་ལྷན་ཅིག་སྐྱེས། ༨ །མི་མཉམ་མཉམ་པ་མེད་པའི་བྱང་ཆུབ་སེམས། །སྙིང་སྟོབས་གྲུབ་པས་བཟུང་བའི་བརྟུལ་ཞུགས་ཀྱིས། །ཀུནྡའི་གཉེན་གྱིས་ཀུ་མུད་ལྡན་པའི་གཞི། །རབ་དཀར་མཚར་སྡུག་རྫོགས་པས་ཆར་མི་ཉེ། ༩ །སྨིན་དང་གྲོལ་བའི་འདོད་དགུ་མི་ཟད་པ། །རང་གཞན་རྣམ་གྲོལ་སླད་དུ་འཆང་བའི་མཛོད། །རི་བོང་མཚན་མས་རླབས་བཅས་འཕེལ་འགྱུར་བའི། །བདུད་རྩིའི་ཆུ་གཏེར་གཉིས་པ་རྩྭ ས་འདིར་སྣང་། ༡༠ །གཙུག་ལག་བྱེ་བའི་གནས་ཀུན་མངོན་སུམ་དུ། །འདུན་སར་བཀོད་པ་སྨྲ་བའི་དབང་པོ་གང་། །ཆ་ཤས་མཐའ་དག་གང་བའི་ཟླ་ཤེལ་གྱིས། །སྟོན་ཀའི་མཁའ་བཞིན་འཇིག་རྟེན་གསུམ་


JKT020_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཛེས། ༡༡ །ཁྱད་པར་ཐུབ་པས་བསྟེན་པའི་ནགས་ཀླུང་དུ། །བསམ་གཏན་ཟིལ་དངར་བཞིན་དུ་འཐུང་བཟོད་པས། །སྲས་བཅས་རྣམ་འདྲེན་དགྱེས་པའི་དགེ་མཚན་དང་། །ཐར་མཆོག་སྲོག་གི་མདུད་པ་མི་ཕྱེད་གྱུར། ༡༢ །དེ་སླད་སེམས་ཅན་བསྒྲལ་ཕྱིར་ཚུགས་པ་ཡི། །དགེ་བའི་ཟམ་སྟེགས་ཆེན་པོ་འདིའོ་ཞེས། །ཡུན་རིང་མྱ་ངམ་ཐང་དུ་དུབ་པའི་འགྲོ། །མཐའ་དག་དགའ་བའི་འཛུམ་དཀར་ཉིན་བཞིན་དགོད། ༡༣ །མདོར་ན་དམ་པའི་ལེགས་སྤྱོད་ཇི་ལྟ་བར། །བརྗོད་ལ་ཡིད་ཀྱི་རོལ་མཚོའི་མཛེས་མ་ཡང་། །ནོར་བུའི་རྒྱུད་མང་གྲོགས་སུ་བསྟེན་སྙམ་པའི། །གཏམ་གྱི་གུར་གུམ་ཡི་གེ་རྟག་ཏུ་འབྲི། ༡༤ ། རིག་པའི་དྲི་བཟང་རབ་རྒྱས་བརྩེ་ཆེན་གྱི། །གེ་སར་འཁྲིགས་པ་ཁྱོད་ཞལ་པདྨོ་ལས། །གསུང་གི་སྦྲང་རྩིའི་ཐིག་པ་ཕྲ་མོ་ཙམ། །ཐོབ་པ་དེ་ཡང་སྐལ་བཟང་རྣ་བའི་བཅུད། ༡༥ །འབིགས་བྱེད་ནགས་ཀྱི་ས་མཆོག་རྐང་པས་འཐུང་། །རླུང་བཞོན་དལ་བུས་བསྐྱོད་ཅིང་གླལ་བ་ཡི། །ངལ་གསོ་བསྟེན་པ་ཡིས་ཀྱང་མི་མཚོན་པའི། །ཡིད་ལ་སིམ་པ་སྟེར་བའི་དཔྱིད་དུ་གྱུར། ༡༦ །འོན་ཏེ་མཁས་པས་མཆོག་ཏུ་བསྔགས་པ་དང་། །གྲུབ་པའི་སྐྱེས་བུའི་སྤྲུལ་པར་སྒྲོ་བཏགས་པའི། །ཚིག་སྦྱོར་ནོར་བུའི་དོ་ཤལ་བདག་ལྟ་བུར། །རྨི་ལམ་དུ་ཡང་འཚམས་པའི་གོ་སྐབས་ཅི། ༡༧ །འདི་ན་ཤེས་དང་ཤེས་བྱར་གཟིགས་


JKT020_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན། །སྒྲིབ་མེད་འཇམ་མགོན་བླ་མའི་བཀའ་དྲིན་གྱིས། །བཟུང་བས་བསམ་གཏན་ཁང་བུར་ངལ་འཚོ་བའི། །དགེ་སྦྱོང་གཞོན་ནུའི་གཟུགས་བརྙན་འཆང་བ་ཡང་། ༡༨ །བསླབ་དང་གྲོལ་དང་སྨྲ་བའི་དགེ་མཚན་གྱིས། །ཁྱད་པར་བྱས་པ་ཅུང་ཟད་མ་མཆིས་བཞིན། །འདུ་གསུམ་ཁོ་ནའི་མལ་དུ་བདེ་གནས་པའང་། །ཆོས་བརྒྱད་དབང་པོའི་གཞུ་ཡི་རྗེས་སུ་སོན། ༡༩ །ཇི་ལྟར་འཆད་དང་སྤེལ་བ་ཡི། །ཕྲིན་ལས་འཆང་བར་འོས་སོ་ཞེས། །ཐོབ་དཀའི་གཏམ་གྱིས་རྣ་ལུང་ནི། །རིན་ཐང་ཆེན་པོ་ཉིད་གྱུར་ཀྱང་། ༢༠ །དེང་དུས་བསྟན་དང་མངའ་ཐང་གཉིས། །གཅིག་ཏུ་ཕྱི་མར་གཙོར་འཛིན་ཅིང་། །རྣམ་དཔྱོད་ལྡན་པའང་ཆེས་ཆེར་དཀོན། །ཕྱོགས་ལྷུང་དུག་གིས་ཀུན་ཏུ་ཁྱབ། ༢༡ །ལྷག་པར་རང་བློ་མ་སྦྱངས་དང་། །མི་མཁས་སྨྲ་བར་མི་འོས་པས། །ནམ་ཡང་ཕན་པའི་སྐབས་བྲལ་ནའང་། །ལྷག་བསམ་ཙམ་ཞིག་སྙིང་པོར་བཟུང་། ༢༢ །འབྱུང་འགྱུར་དུས་ཀྱང་གྲུབ་པའི་བདུད་རྩིས་དགེ་བྱས་པའི། །ཡོན་ཏན་མཚུངས་མེད་ས་ཧཱ་ཀཱ་རའི་མེ་ཏོག་གསར། །འདི་ན་བློ་ལྡན་བྱེ་བ་སྙེད་ཀྱི་ངལ་འཚོ་གང་། །ཏིཥྛན་ཞེས་ཤིས་བརྗོད་མེ་ཏོག་རྟག་ཏུ་འཐོར། ༢༣ །དེ་སྲིད་ཉིན་མོར་བྱེད་པ་ཡིས། །པདྨོ་འཛུམ་པའི་སྐབས་སྟེར་བཞིན། །རིང་ཡང་ཉེ་བའི་ལེགས་གསུང་གི །ཟིལ་དངར་ལྷུག་པར་སྦྱིན་མཛད་གསོལ།


JKT020_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༢༤ །ཨེ་མ་འཕགས་དང་མཁས་རྣམས་ཀྱི། །ཟུར་མིག་ཕྱོགས་དེར་མི་ཕྱེད་པ། །སྨྲ་དབང་ནོར་བུའི་རྫིང་བུ་ནི། །སླར་ཡང་དྲན་པས་བསྔགས་པར་འོས། ༢༥ །སརྦ་དཱ་ཀྲེ་ཡོ་བྷ་བ་ཏུ།། །།


previousབཤེས་གཉེན་མ་ཏི་ཤྭ་ར།next