Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།next

ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


JKT020_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་ཧཱ་པཎྜི་ཏ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྤྱན་སྔར་ཕུལ་བའི་ཞུ་ཡིག །ཤྲཱི་བཱི་ཤྲཱི་བི་ཛ་ཡནྟུ། །ངག་གི་དབང་ཕྱུག་སྲིད་ལ་རྗེས་ཆགས་པའི། །ཡོན་ཏན་བློ་དང་ལྷན་ཅིག་མི་གནས་པས། །རྒྱ་མཚོའི་ཐ་གྲུར་ཁྱབ་པའི་གྲགས་དཀར་གྱིས། །འཇིག་རྟེན་གསུམ་ན་ཀུན་ནས་མཛེས་པ་དེར། ༡ །ཉམས་བརྒྱད་བདུད་རྩིས་དག་པའི་རྦ་རླབས་ཅན། །རྣམ་དཔྱོད་འབིགས་བྱེད་རི་བོས་བསྲུབས་པ་ལས། །ཚིག་གི་ཟླ་རིས་རྫོ གསར་པ་འདི་ཙམ་ཡང་། །མཁས་ཁྱོད་དགྱེས་པའི་ཡར་ངོའི་ཕང་པར་འཛེགས། ༢ །གང་ན་དཔལ་གྱི་དུམ་བུའི་ལྕགས་ཕྲན་གསར། །དྲི་དང་ལྷན་ཅིག་སྐྱེས་པའི་སྐབས་མཐོང་བཞིན། །དམ་པའི་མྱུ་གུ་དང་པོར་བཟུང་བ་ནས། །བསྔགས་འོས་གཏམ་གྱི་ཡལ་ག་ཉིན་བཞིན་འཕེལ། ༣ །ཚུལ་གནས་ནོར་བུའི་ས་འཛིན་ཉམས་དགའ་བར། །ཐོས་བསམ་རི་མོ་བརྒྱ་ཕྲག་འབར་བའི་མོད། །འཇམ་མགོན་གཉིས་པའི་ངོ་མཚར་འདིའོ་ཞེས། །གཟུར་གནས་དགའ་བའི་མངལ་ཁུར་རིང་དུ་བཟུང་། ༤ །སླར་ཡང་ཤིན་ཏུ་ཞི་བའི་ནགས་ཀླུང་དུ། །སྤོང་པའི་བརྟུལ་ཞུགས་ཁོ་ནས་མཛེས་པ་དེར། །སྲས་བཅས་རྒྱལ་བ་དགྱེས་


JKT020_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛུམ་དཀར་གྱིས། །ཤིས་བརྗོད་ཚིག་གི་མེ་ཏོག་གཅིག་ཏུ་འཐོར། ༥ །མཆོག་ཏུ་ཟབ་དང་དེ་ལས་གཅིག་ཤོས་ཀྱི། །ལམ་མང་འཆད་པའི་ངལ་འཚོས་རྣ་བ་ལ། །རིན་ཆེན་རིན་ཐང་མེད་པར་སྒྲུབ་པའི་ཚུལ། །དཔྱིད་ཀྱི་ཕོ་ཉ་གསར་པས་མཚོན་མ་གྱུར། ༦ །མངོན་སུམ་རྗེས་སུ་དཔག་པའི་ནོར་བུའི་ཆུས། །ཚུལ་མིན་སྨྲ་བའི་འདམ་རྫབ་ཡོངས་སྦྱངས་ཏེ། །གཞུང་ལུགས་ཇི་བཞིན་འཆར་བའི་ངོ་མཚར་ཕུལ། །རིག་པའི་དབང་ཕྱུག་ཉིད་དང་མཚུངས་ཞེས་སྨྲེངས། ༧ །སྒྲ་དོན་དཔྱད་པས་གཙང་བའི་ལེགས་བཤད་རེར། །ཚིག་གི་བདུད་རྩི་འབུམ་ཕྲག་འཛག་པ་ཡིས། །བློ་ལྡན་བློ་ཡི་པདྨོ་རྒྱས་པ་དང་། །བཤད་སྒྲུབ་ལང་ཚོ་ཅིར་ཡང་དར་བར་བྱས། ༨ །མདོར་ན་མཁས་དང་གྲུབ་པའི་ཡོན་ཏན་དབྱིག །རྫོགས་པར་མངའ་བའི་སྔོན་མེད་གདེངས་ཅན་གང་། །འགྲོ་མང་མ་རིག་འཐིབ་བུས་གཡུར་བ་ལ། །སིམ་པ་སྟེར་པའི་བྱེད་པོ་གཅིག་ཏུ་གྱུར། ༩ །དེ་སླད་ཆོས་ཀྱི་འབྱོར་པས་མངོན་མཐོ་པའི། །འཚོ་གཞེས་རྡོ་རྗེའི་སྙིང་པོར་བརླུང་བ་དང་། །ཕྲིན་ལས་སྣང་བ་དཀར་པོའི་ཆ་ཤས་རེས། །འདིར་ཡང་ཀུན་དགའི་ཆུ་གཏེར་གསར་དུ་དགོད། ༡༠ །ལེགས་བྱས་དཔུང་པས་ཐོབ་བའི་གདུགས་དཀར་པོས། །ཡིད་ཅན་ངལ་འཚོར་བགྱིད་ལ་འདུན་པ་ཡང་། །རིག་པའི་ཚུལ་ལ་མཛའ་བ་མི་ལྷོད་པས། །གཏན་དུ་བདེ་བའི་སྣང་


JKT020_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆགས་བཞིན་མཆིས། ༡༡ །སླད་མའི་ཆར་ཡང་། །འབྲུག་སྒྲ་དལ་གྱིས་དགོད་པས་མདོངས་མཐའ་དང་། །འབྱོར་བས་དོན་མཐུན་ཚོགས་རྣམས་དགའ་བ་བསྐྱེད། །དམ་པའི་ཚུལ་ལ་རིང་ནས་བཤེས་པ་དག །ཡོན་ཏན་ཁོ་ནས་བསྔགས་པའི་དཔལ་སྟེར་ཕྱིར། ༡༢ །ངག་གི་དབང་ཕྱུག་གྲུབ་པས་སྲིད་པ་ན། །མཚུངས་མེད་སྨྲ་བའི་ཉི་མ་གཅིག་པུ་ཁྱོད། །ཟུང་འཇུག་བདུད་རྩིས་བཏུང་བས་བསྐལ་བརྒྱའི་བར། །རྟག་པ་དམ་པའི་གོ་འཕང་བརྙེས་ནས་ཀྱང་། ༡༣ །ཡིད་སྲུབས་སྡེར་བཅས་ཁེངས་པ་བསྙིལ་བ་ཡི། །ལྷར་བཅས་འཇིག་རྟེན་དགའ་བའི་དབྱངས་སྙན་པོས། །སྲིད་ཞིའི་འཇུག་པ་མཐའ་དག་བརྟུལ་བྱས་ནས། །བྱང་ཆུབ་དམ་པའི་ལམ་བཟང་སྣང་བར་མཛོད། ༡༤ །ལྷག་པར་འདི་ན་ཀུན་ཏུ་རྨོངས་པ་དང་། །ཡིད་གཉིས་མུན་པའི་དྲྭ་བ་རིང་བཅད་ཕྱིར། །ཞི་བསིལ་ལེགས་གསུང་སྣང་བ་དཀར་པོ་ཡིས། །རྣམ་པ་ཀུན་ཏུ་ཤིས་པ་སྒྲུབ་མཛད་གསོལ། ༡༥ །དྭང་བའི་བློ་གྲོས་ཡིད་ཀྱི་དུས་སྟོན་ལ། །དམ་པའི་རྣམ་ཐར་ས་བོན་ཆགས་པ་ལས། །ཚིག་གི་མེ་ཏོག་ཕྲ་མོའི་བསྙེན་བཀུར་འདིས། །མཁྱེན་གཉིས་འབབ་སྟེགས་ཅིར་ཡང་མཛེས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །ཞེས་པའང་ས་སྐྱོང་སེ་ནཱ་ཤུ་བྷའི་ལྷ་སྲས་རིན་པོ་ཆེ་མཆོག་གིས་བཀའ་གནང་ལྟར་བྲིས་པའོ།། །།


previousཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།next