Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
སྡེ་དགེ་ས་སྤྱོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡེ་དགེ་ས་སྤྱོད།next

སྡེ་དགེ་ས་སྤྱོད།


JKT020_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱོང་ལྷ་སྲས་རིན་པོ་ཆེའི་ཞབས་པད་དུ་ཕུལ་བའི་མཆིད་ལན། ཤྲཱི་བི་ཛ་ཡནྟུ། འཇིག་རྟེན་གསུམ་ན་དགེ་བའི་གཏམ་གྱི་རྔ། །དཔྱིད་ཀྱི་དུས་སྟོན་ཇི་བཞིན་དར་བབས་པས། །ལེགས་བྱས་སྣང་བ་ནུབ་པ་མེད་པའི་ཕུལ། །འཆི་མེད་གྲུབ་པའི་ལྷ་དེས་ཁྱོད་ལ་སྲུངས། ༡ །བསོད་ནམས་རྒྱ་མཚོའི་འདུ་འགོད་གཡོ་བ་ལས། །བསྔགས་འོས་ཟླ་རིས་དང་པོར་ཤར་ཙམ་གྱིས། །ཁོར་ཡུག་ཤིས་དགུའི་ཆུ་གཏེར་རྒྱས་མཛད་པའི། །སྔོན་མེད་ས་ཡི་ཚངས་པ་རྒྱལ་གྱུར་ཅིག ༢ །གང་ཚུལ་ཤིན་ཏུ་རྨད་བྱུང་རྣམ་པར་ཐར། །སྙིང་ལ་རི་མོ་བཞིན་དུ་བྲིས་གྱུར་པས། །ཉམས་ལྡན་ཚིག་གི་མེ་ཏོག་དར་བབས་པའི། །དོགས་པ་ཅུང་ཟད་འཐོར་བའི་བསྟི་སྟངས་འབུལ། ༣ །ཇི་ལྟར་དག་པའི་རིན་ཆེན་བཻཌཱུརྱ། །འདི་ན་དབུལ་བ་མཐར་བྱེད་གཞན་ཡིན་ཏེ། །རྩོལ་མི་མངའ་ཡང་ཆོས་དང་སྲིད་ཀྱི་དཔལ། །འཇོ་མཁས་ཁྱོད་འདྲ་སྲིད་པ་གསུམ་ན་དབེན། ༤ །དང་པོར་རིགས་ཀྱི་ནོར་བུའི་ས་འཛིན་ལ། །ཕྱི་ནས་སྙིང་རྗེ་ཆེན་པོའི་བརླན་ཆགས་ཏེ། །ཤེས་བྱ་མཐའ་དག་གཟིགས་པའི་དཔག་བསམ་ནི། །དམ་པའི་ཡོན་ཏན་རྒྱ་མཚོའི་པདྨོ་འཛུམ། ༥ །དེ་སླད་ཅི་འདི་རིག་བྱེད་འབྱིན་པའི་བདག །ས་ལ་རྒྱུ་བ་ཉིད་ཅེས་འཁྲུལ་པའི་ཡིད། །བདག་ཅག་སྔོན་བསགས་ལེགས་བྱས་ཅོད་པན་གྱིས། །ཐོབ་པ་ཁོ་ནས་འཆད་པའི་གནས་སྐབས་ཐོབ། ༦ །ཡོན་ཏན་མཆོག་ལ་གུས་པའི་


JKT020_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་དང་། །བར་མའི་ཡིད་ཅན་སྙོམས་པས་རྗེས་སུ་སྐྱོངས། །དམན་ལ་བྱམས་པའི་ཕྱག་གིས་དབུགས་དབྱུང་བས། །སྲོང་བཙན་ཞབས་ཉིད་སླར་ཡང་བྱོན་པ་བཞིན། ༧ །དེ་སླད་འཚོ་གཞེས་བརྟན་པའི་བདུད་རྩི་ཡིས། །རྣ་བའི་ཨུཏྤལ་ཀུན་དགར་བྱས་པའི་མོད། །མ་འདྲིས་བརྩེ་བའི་སྤྱན་ཟུར་འདིར་ལྷུང་བས། །རྫོགས་ལྡན་དང་པོའི་དགའ་སྟོན་གསར་དུ་བྱིན། ༨ །ལྷག་པར་ཚངས་སྲས་དགྱེས་པའི་ཏམྦུར། །མཁྱེན་རབ་སོར་མོས་བརྡུང་བའི་སྙན་འགྱུར་གྱིས། །ཡིད་ལ་བསམ་གཏན་བདུད་རྩིས་འདུ་འགོད་ལས། །ངོ་མཚར་ཨུཏྤལ་འདབ་བརྒྱ་མཆོག་ཏུ་གྲོལ། ༩ །འདི་ན་རྡུལ་མུན་སྙིང་སྟོབས་ཀུན་དཀྲིས་དང་། །མཚུངས་པར་སྤྱོད་ལྡན་འདུ་ཤེས་གསུམ་པ་ཡང་། །རྨོངས་དང་མ་རིག་རྒྱས་པའི་གཞན་དབང་གིས། །སྙོམས་ལས་ཁོ་ནའི་མལ་དུ་ངལ་འཚོ་ཐོབ། ༡༠ །སླར་ཡང་འགྱུར་བཅས་སྲིད་པའི་ཆོས་ཇི་སྙེད། །འཕོ་མེད་དབུ་མའི་སྲོག་ཏུ་སོང་བ་ལས། །ཡིད་སྲུབས་རེ་བ་བཅད་པའི་རྒྱལ་ཐབས་ལ། །ཤིས་པ་ཕྱོགས་ཀྱི་བུ་མོས་སྒྲོགས་བཞིན་དུ། ༡༡ །ཁེངས་ལྡན་བྱེ་བའི་འདར་བཅས་ཐོར་ཚུག་གིས། །ཡང་ཡང་ཕྱིས་པའི་མངོན་མཐོའི་ཟུར་ཕུད་ཀྱང་། །ཞབས་སེན་ཐུན་མཚམས་ལང་ཚོས་ཟིལ་མནན་པའི། །ཕུན་ཚོགས་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༡༢ །ཙནྡན་རྐང་པས་འཐུང་བའི་ནགས་ཀླུང་གིས། །


JKT020_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་ཕལ་ཡང་རིན་ཐང་བྱེད་པ་ལྟར། །གང་གསུང་ལེགས་བཤད་བདུད་རྩིས་ཡིད་མྱོས་པའི། །མི་ཕྱེད་དགའ་བ་རྒྱས་པའི་མགྲིན་ལས་སྐྱེས། ༡༣ །སརྦ་དཱ་ཤུ་བྷྲཱུྃ་སིདྡྷི་ར་སྟུ།། །།


previousསྡེ་དགེ་ས་སྤྱོད།next